ཚད་ལྡན་དངུལ་རྩ། དམངས་ཆེད་ཁེ་ཕན།
མི་དམངས་དངུལ་ཁང་ལྷོ་ཁ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་དང་མཉམ་འབྲེལ་ཐོག་ལྷོ་བྲག་རྫོང་དུ་ཚད་ལྡན་དངུལ་རྩ། དམངས་ཆེད་ཁེ་ཕན་ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་རྒྱལ་ཁབ་ཀྱི་ཚད་གཞི་ཅན་གྱི་འཕེལ་རྒྱས་རྩ་གནད་ཞེས་པ་དང་དངུལ་རྩ་ཚད་གཞི་ཅན་གྱི་ལོ་ལྔ་ཚན་བཅུ་བཞི་པའི་འཕེལ་རྒྱས་འཆར་འགོད་ཞེས་པ་སོགས་ཀྱི་ཡིག་ཆའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་དངུལ་རྩ་ཚད་ལྡན་ཅན་ཆུ་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ། ལས་རིགས་ཡོངས་དང་སྤྱི་ཚོགས་སྤྱི་དམངས་ཀྱི་དངུལ་རྩ་ཚད་ལྡན་ཅན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཚད་ལྡན་དངུལ་རྩར་བརྟེན་ནས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ནུས་པ་འདོན་སྤེལ་བྱ་ཆེད། སྤྱི་ཟླ་9པའི་ཚེས་13ཉིན་ནས་ཚེས་15ཉིན་བར་མི་དམངས་དངུལ་ཁང་ལྷོ་ཁ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་དང་མཉམ་འབྲེལ་ཐོག་ལྷོ་བྲག་རྫོང་དུ་ཚད་ལྡན་དངུལ་རྩ། དམངས་ཆེད་ཁེ་ཕན་ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་དྲིལ་བསྒྲགས་ཀྱི་འཕྲེད་འགེལ་ཡི་གེ་བཀལ་ནས་མང་ཚོགས་ལ་དྲིལ་བསྒྲགས་ཤོག་བྱང་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མི་སེར་ལ་དངུལ་རྩའི་ཚད་གཞིའི་ཤེས་བྱ་ངོ་སྤྲོད་དང་དངུལ་རྩའི་རིག་གནས་དྲིལ་བསྒྲགས་བྱས་པ་མ་ཟད། མང་ཚོགས་ཀྱིས་བཏོན་པའི་དངུལ་རྩའི་གནད་དོན་ལ་ངང་རྒྱུད་རིང་པོས་ལན་བརྒྱབ་ཏེ་སྤྱི་དམངས་ཀྱི་དངུལ་རྩའི་འདུ་ཤེས་ཟབ་ཏུ་གཏོང་རོགས་བྱས་ཡོད་པ་རེད། དེ་དང་ཆབས་ཅིག་དགོན་སྡེ་ཁག་དང་། སྡེ་ཁུལ། ཁེ་ལས་བཅས་སུ་བསྐྱོད་དེ་དངུལ་ཁང་ལས་གཉེར་ས་ཚིགས་ཀྱི་ཞབས་ཞུ་དང་། དངུལ་རྩའི་འཛད་སྤྱོད་པའི་སྲུང་སྐྱོང་། ཡོངས་ཕན་དངུལ་རྩའི་ཞབས་ཞུ་སོགས་དངུལ་རྩའི་ཚད་གཞིའི་ཤེས་བྱ་དྲིལ་བསྒྲགས་བྱས་ནས་དཔེ་སྟོན་འགྲེལ་བཤད་དང་བློ་འདྲི་བྱས་ཏེ་དྲིལ་བསྒྲགས་ཀྱི་སིམ་འཛུལ་ནུས་པ་དང་འབོད་སྐུལ་ནུས་པ་ཆེ་རུ་ཏན་ཏིག་བཏང་བ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་ཁྲོད་དངུལ་རྩའི་ཚད་གཞི་ཅན་གྱི་གྲུབ་འབྲས་ཀྱི་ནུས་པ་སྲ་བརྟན་དང་ཆེ་རུ་བཏང་ནས་ཐག་རིང་ལུང་ཁུག་ས་ཁུལ་གྱི་དངུལ་རྩའི་ཞབས་ཞུའི་ཆུ་ཚད་དང་དངུལ་རྩའི་འཛད་སྤྱོད་པའི་ཉམས་ལེན་ལེགས་སུ་བཏང་ཡོད་པ་རེད།
བྱེད་སྒོ་སྤེལ་རིང་མི་དམངས་དངུལ་ཁང་ལྷོ་ཁ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ཁོངས་གཏོགས་ནང་གི་དངུལ་རྩའི་སྒྲིག་གཞི་ཁག་སྒྲིག་འཛུགས་བྱས་ཏེ་དྲ་ཚིགས་ཀྱི་LEDབརྙན་ཤེལ་ཐོག་དྲིལ་བསྒྲགས་སྦྱར་ཡིག་གཏོང་བ་དང་། དྲིལ་བསྒྲགས་ཤོག་བྱང་སྤྲོད་པ། དྲིལ་བསྒྲགས་བརྡ་ཁྱབ་སྦྱར་བ་བཅས་ཀྱི་ཐོག་ནས་འཛད་སྤྱོད་པར་དངུལ་རྩ་ཚད་ལྡན་ཅན་གྱི་ལོ་ལྔ་ཚན་བཅུ་བཞི་པའི་འཕེལ་རྒྱས་འཆར་འགོད་འགྲེལ་བཤད་བརྒྱབ་ཡོད་པ་རེད། ད་དུང་སྐད་འཕྲིན་གྱི་སྤྱི་དམངས་ཨང་རྟགས་སྤྱད་དེ་ཡོངས་ཕན་དངུལ་རྩ་དང་། དངུལ་རྩའི་ཚན་རྩལ། ཉེན་ཁ་འགོག་བཅོས། ལྗང་མདོག་དངུལ་རྩ་སོགས་ཐད་ཀྱི་དངུལ་རྩའི་ཚད་གཞིའི་ནུས་པ་རྒྱུད་སྤེལ་བྱ་པ་མ་ཟད། ལས་བཟོ་སྒྲིག་འཛུགས་བྱས་ཏེ་གྲོགས་ཚོགས་སུ་བརྒྱུད་འགྲེམས་ཧུར་ཐག་བྱས་ནས་དྲིལ་བསྒྲགས་ཁྱབ་རྒྱ་ཆེ་རུ་ནུས་ལྡན་བཏང་ཡོད། ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོའི་ནང་དྲིལ་བསྒྲགས་ཤོག་བྱང་500ལྷག་ཙམ་གཤམ་སྤྲོད་བྱས་པ་དང་། མང་ཚོགས་ཀྱི་དྲི་བ་སྣ་ཚོགས་ལ་ལན་བརྒྱབ་པ། རྒྱ་ཆེའི་དངུལ་རྩའི་འཛད་སྤྱོད་པ་དང་ཁེ་ལས་ཀྱི་ཉེན་ཁ་འགོག་ཟོན་འདུ་ཤེས་སྔར་བས་ཟབ་ཏུ་བཏང་བ། སྤུས་ཚད་མཐོ་བའི་དངུལ་རྩའི་བྱེད་སྒོའི་ནང་མི་དམངས་མང་ཚོགས་ཞུགས་པའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་ཆེ་རུ་བཏང་བ། ལས་རིགས་ནང་ཚད་གཞི་ཤེས་པ་དང་། ཚད་གཞི་སྲུང་བ། ཚད་གཞི་སྤྱོད་པ་བཅས་ཀྱི་རྣམ་པ་བཟང་པོ་བཏོད་པ། ཚད་ལྡན་དངུལ་རྩ་ནི་དམངས་ལ་ཕན་པ་དང་ཁེ་ལས་ལ་ཕན་པ་འདོགས་པ་ཞིག་ཡིན་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་ནས། དངུལ་རྩ་ཚད་ལྡན་ཅན་དུ་གཏོང་བའི་ལས་དོན་གྱི་གྲུབ་འབྲས་ཀྱིས་རྒྱ་ཆེའི་སྤྱི་དམངས་དང་ཁེ་ལས་ལ་ཕན་པ་ངོ་མ་ཐོབ་ཐུབ་པ་བྱས་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
གསར་འགོད་པ། བཀྲ་ཤིས་བཟང་པོ། བསྟན་འཛིན་དབྱངས་སྐྱིད།