▶གནའ་དཔེ་འགྲེམས་སྟོན། མཁས་པའི་དགའ་སྟོན།
སྤྱི་ཚེས་15ཉིན་བོད་ལྗོངས་རྟེན་མཛོད་ཁང་གིས་མཛོད་ཉར་གནའ་དཔེ་གྲངས་འཛིན་ཅན་སྲུང་སྐྱོབ་ཀྱི་ཆེད་དོན་འགྲེམས་སྟོན་བྱས་པ་རེད།
དེ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་དང་། ཡངས་པའི་ས་གཞིའི་ཁྱོན་དུ་གནས་པའི་རིག་གནས་ཤུལ་བཞག དེ་བཞིན་གནའ་དཔེར་བཀོད་པའི་ཡི་གེ་རྣམས་གསོན་ཉམས་ལྡན་པར་བྱས་ནས་ཀྲུང་ཧྭ་ཡི་དཔལ་ཡོན་དེས་འཛམ་གླིང་གི་དཔལ་ཡོན་དང་མཉམ་དུ་མིའི་རིགས་ལ་ཡང་དག་པའི་བསམ་བློའི་ཁ་ཕྱོགས་དང་། བསམ་བློའི་ནུས་སྟོབས་སྦྱིན་དགོས་ཞེས་གསུངས་གནང་ཡོད།
དེས་ན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་རྒྱུའི་ཐད་གལ་འགངས་ཆེ་བའི་མཛད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་སྤེལ་བས་གནའ་དཔེའི་བྱ་གཞག་ལའང་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མང་དག་ཅིག་འཕྲད་ཡོད།
བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ཁྱོན་ནས་གནའ་དཔེའི་གྲངས་འབོར་མང་ཞིང་ཆ་ཚང་བའི་ས་ཁུལ་གྱི་གྲས་ཤིག་ཡིན་ཞིང་དུས་རབས་གསར་པ་འགོ་ཚུགས་པ་ནས་བཟུང་བོད་ལྗོངས་ཡོངས་སུ་གནའ་དཔེ་ཡོངས་བཤེར་དང་། སྲུང་སྐྱོབ་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བོད་ལྗོངས་སུ་ཁྱོན་བསྡོམས་གནའ་དཔེ་ཉར་ཚགས་བྱ་མཁན་ཚན་པ་དང་མི་སྒེར་1160ལྷག་ཙམ་དང་གནའ་དཔེ་ཁྲི་1.9ལྷག་གི་ཡོངས་བཤེར་ཐོ་བཀོད་ལས་དོན་བསྒྲུབས་ཟིན་ཞིང་། སྤྱི་ལོ་2013ལོར་འབྲེལ་ཡོད་ཚན་པས་བོད་ལྗོངས་རྟེན་མཛོད་ཁང་འདི་ཉིད་རྒྱལ་ཡོངས་ཀྱི་གཙོ་གནད་གནའ་དཔེ་ཉར་ཚགས་སྡེ་ཚན་དུ་ཁྱབ་བསྒྲགས་བྱས་པ་དང་། འདིར་ཡོད་གནའ་དཔེ་འབོར་ཆེན་ལ་ནང་དོན་ཕུན་སུམ་ཚོགས་ཤིང་ལོ་རྒྱུས་ཡིན་རིང་ལྡན་པ་མ་ཟད། རིན་ཐང་ཁྱད་དུ་འཕགས་པ་ཤ་སྟག་ཡིན། ལྷག་པར་དུ་དཀར་ཆག་འཕང་ཐང་མས་གཙོས་པའི་གནའ་དཔེ་35རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་མཛོད་ནང་ཚུད་ཡོད་པ་རེད།
འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་མཛོད་ཉར་གནའ་དཔེ་གྲངས་འཛིན་ཅན་སྲུང་སྐྱོབ་ཀྱི་ཆེད་དོན་འགྲེམས་སྟོན་བྱེད་པའི་དམིགས་ཡུལ་ནི་ཀྲུང་དབྱང་གིས་དུས་རབས་གསར་པའི་གནའ་དཔེའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། རྟེན་མཛོད་ཁང་གི་སྲོལ་རྒྱུན་འགྲེམ་སྟོན་རྣམ་པ་དང་དེང་དུས་གྲངས་འཛིན་ཅན་དུ་བསྒྱུར་བའི་བྱ་ཐབས་གཉིས་ཟླ་གཅིག་ཏུ་བསྒྲིལ་ནས། རིག་དངོས་སྲུང་སྐྱོབ་དང་རིག་དངོས་བཀོལ་སྤྱོད་དབར་གྱི་འགལ་ཟླ་སེལ་ཞིང་། འགྲེམ་སྟོན་གྱི་གོ་ཡུལ་མུ་མེད་དུ་རྒྱ་སྐྱེད་དེ། དེ་བས་ཀྱང་མངོན་གསལ་དོད་པ་དང་། དེ་བས་ཀྱང་ཚན་རིག་དང་མཐུན་པའི་སྒོ་ནས་མི་དང་དངོས་པོའི་དབར་གྱི་འབྲེལ་འདྲིས་ཡོངས་སུ་སྤེལ་ཏེ། གནའ་དཔེའི་ནང་བཀོད་པའི་ཡི་གེ་དང་ནང་དོན་དག་གསོན་ཉམས་དོད་པར་བྱས་ནས། ཀྲུང་ཧྭ་ཡི་ཕུལ་བྱུང་རིག་གནས་དར་སྤེལ་དང་། ཀྲུ་ཧྭ་ཡི་ཤེས་དཔལ་ཁྱབ་སྤེལ་བྱེད་ནུས་དང་བག་ཆགས་འཇོག་ནུས་ཇེ་ཆེར་གཏོང་རྒྱུ་དེ་ཡིན་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ལྷག་པ། ཚེ་ཕུན།
གསར་འགོད་པ། བསྟན་དབང་། ཚེ་ཕུན།
པར་ལེན་སྒྲིག་བཟོ། གཡུང་དྲུང་ཡེ་ཤེས།
སྙན་སྒྲོན། སྐལ་ཆོས།