ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

རླངས་འཁོར་འདི་རིགས་ཕྱིར་འཚོང་བྱེད་མཚམས་འཇོག་རྒྱུ་རེད་འདུག

2023-05-25 16:36:00     责编:桑吉卓玛

རླངས་འཁོར་འདི་རིགས་ཕྱིར་འཚོང་བྱེད་མཚམས་འཇོག་རྒྱུ་རེད་འདུག

       ཉེ་ཆར་སྐྱེ་ཁམས་ཁོར་ཡུག་པུའུ་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་སྡེ་ཁག་ལྔ་ཡིས་སྤྱི་བསྒྲགས་དཔར་འགྲེམ་བྱས་ནས། སྤྱི་ཟླ་7ཚེས་1ཉིན་ནས་བཟུང་རྒྱལ་ཡོངས་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་དུས་རིམ་དྲུག་པའི་ཕྱིར་གཏོང་ཚད་གཞིའི་6bདུས་རིམ་ལག་བསྟར་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་དུས་རིམ་དྲུག་པའི་ཕྱིར་གཏོང་ཚད་གཞི་6bདང་མི་མཐུན་པའི་རླངས་འཁོར་ཐོན་སྐྱེད་དང་ནང་འདྲེན། ཕྱིར་འཚོང་བཅས་བྱེད་མི་ཆོག་པ་བསྟན་ཡོད། ལེགས་སྒྲིག་བྱེད་ཐེངས་འདིས་རླངས་འཁོར་ཁྲོམ་རར་འགྱུར་ལྡོག་གང་དག་བཟོ་སྲིད་དམ།
 

 

       རྒྱལ་ཁབ་ཀྱི་དུས་རིམ་དྲུག་པའི་ཕྱིར་གཏོང་ཚད་གཞིའི་རླངས་འཁོར་རྣམ་པ་bཡིས་ཚད་གཞིའི་ཁྲོད་སྦགས་བཙོག་དངོས་པོ་ཕྱིར་གཏོང་ཚད་བཀག་གྲངས་ཁག་ལ་སྔར་བས་ནན་དུ་བཏང་ཡོད་ཅིང་། སྔོན་ཆད་ཀྱི་རྒྱལ་ཁབ་ཀྱི་དུས་རིམ་དྲུག་པའི་ཕྱིར་གཏོང་ཚད་གཞི་aདང་རྒྱལ་ཁབ་ཀྱི་དུས་རིམ་ལྔ་པའི་ཕྱིར་གཏོང་ཚད་གཞི་སོགས་ཀྱི་རླངས་འཁོར་རྣམ་པ་དང་བསྡུར་ན་དེ་བས་ཁོར་སྲུང་ཅན་དུ་གྱུར་ཡོད། དེ་སྔོན་སྤྱི་ལོ་2016ལོར་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་དུས་རིམ་དྲུག་པའི་ཕྱིར་གཏོང་ཚད་གཞི་bཡི་ཞིབ་ཕྲའི་ཕྱིར་གཏོང་ཚད་གཞི་དང་ལག་བསྟར་དུས་ཚོད་ཡོངས་བསྒྲགས་བྱས་ཡོད་པ་དང་། གསར་དུ་འགྲེམ་སྤེལ་བྱས་པའི་ཡོངས་བསྒྲགས་ཁྲོད་དུ་ཚད་གཞི་དུས་ལྟར་ལག་བསྟར་བྱ་རྒྱུ་སྔར་བས་གཏན་འཁེལ་བྱས་ཡོད། དེར་བརྟེན་ལས་རིགས་ནང་ཁུལ་དུ་སྔོན་ནས་བཟུང་གྲ་སྒྲིག་བྱས་ཟིན་ཡོད་པ་རེད།
 

 

       པེ་ཅིང་གི་རླངས་འཁོར་ཚོང་རྟགས་ག་གེ་མོའི་ཉམས་ལེན་ལྟེ་གནས་ཀྱི་ཕྱིར་འཚོང་སྤྱི་ཁྱབ་ལྟ་ཞིབ་པ་ཐེན་ཧའོ་ན་རེ། ཕལ་ཆེར་སྤྱི་ལོ་2022ལོའི་ལོ་མཇུག་ནས་བཟུང་བཟོ་གྲྭས་རླངས་འཁོར་རིགས་མང་ཆེ་བ་ཚང་མ་རྒྱལ་ཁབ་ཀྱི་དུས་རིམ་དྲུག་པའི་ཕྱིར་གཏོང་ཚད་གཞི་bལ་བསྒྱུར་ཡོད།
 

 

       འདི་ག་ལས་ཁུངས་ཀྱི་གསར་འགོད་པ་ཉིང་ཁུན་གྱིས། མིག་སྔར་ཐོན་སྐྱེད་བྱས་ནས་ཕྱིར་འཚོང་བྱེད་བཞིན་པའི་རྒྱལ་ཁབ་ཀྱི་དུས་རིམ་དྲུག་པའི་ཕྱིར་གཏོང་ཚད་གཞིའི་རླངས་འཁོར་རིགས་ཡོངས་ལ་RDEཚོད་ལྟ་སྟེ། དོན་དངོས་འཁོར་སྐྱོད་ཁྲོད་ཀྱི་སྦགས་བཙོག་དངོས་པོ་ཕྱིར་གཏོང་གནས་ཚུལ་ལ་ཚོད་ལྟ་ཞིག་བྱེད་དགོས་ཀྱི་ཡོད། ཚོད་ལྟ་འདིའི་ཁྲོད་རླངས་འཁོར་གྱི་མཇུག་སྣེ་རུ་སྒྲིག་ཆས་ཤིག་འཇོག་པ་དང་། དེས་རླངས་འཁོར་གྱི་དོན་དངོས་འཁོར་སྐྱོད་ཁྲོད་ཕྱིར་གཏོང་བྱས་པའི་མཇུག་རླུང་གི་མ་དཔེ་བསྡུ་ལེན་བྱེད་པ་མ་ཟད། དེའི་ཁྲོད་ཀྱི་མཁྲེགས་གཟུགས་རིལ་དངོས་དང་རླངས་གཟུགས་སོ་སོར་དབྱེ་ཞིབ་བྱ་རྒྱུ་ཡིན་པ་དང་། དེ་ལས་ཐོབ་པའི་ཚོད་ལྟའི་མཇུག་འབྲས་ནི་རླངས་འཁོར་གྱི་དོན་དངོས་འཁོར་སྐྱོད་གནས་ཚུལ་དང་དེ་བས་མཐུན་གྱི་ཡོད།

       ཕྱིར་འཚོང་མི་སྣས་གསར་འགོད་པར་བཤད་དོན། མིག་སྔར་ཕྱིར་འཚོང་བྱེད་བཞིན་པའི་རྒྱལ་ཁབ་ཀྱི་དུས་རིམ་དྲུག་པའི་ཕྱིར་གཏོང་ཚད་གཞིའི་རླངས་འཁོར་རིགས་bཁྲོད་དུ། རླངས་འཁོར་ཁག་ཅིག་གི་RDEཚོད་ལྟ་ནི་ལྟ་ཞིབ་ཚད་ལེན་བྱས་པ་ཙམ་ལས། ཚད་བཀག་གྲངས་ཐང་གི་བླང་བྱ་དང་མཐུན་གྱི་མེད། རླངས་འཁོར་དེ་རིགས་ཀྱི་ཕྱིར་འཚོང་དུས་ཚོད་ད་ལོའི་སྤྱི་ཟླ་12ཚེས་31ཉིན་བར་ནར་འགྱངས་བྱེད་ཆོག་པར་བྱས་ཡོད་པ་རེད།
 

 

       ཀྲུང་གོའི་རླངས་འཁོར་མཐུན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། མིག་སྔར་རླངས་འཁོར་ཡང་བའི་རིགས་ཀྱི་རྒྱལ་ཁབ་ཀྱི་དུས་རིམ་དྲུག་པའི་ཕྱིར་གཏོང་ཚད་གཞིའི་རླངས་འཁོར་རིགས་bཡི་བསྡུར་ཚད་95%ལས་བརྒལ་ཡོད་པ་དང་། རྒྱལ་ཁབ་ཀྱི་དུས་རིམ་དྲུག་པའི་ཕྱིར་གཏོང་ཚད་གཞིའི་རླངས་འཁོར་རིགས་bཡི་ཁྲོམ་རའི་ཟིན་ཚད་90%ལས་བརྒལ་ཡོད། དེར་བརྟེན། ལས་རིགས་ཀྱི་མིག་སྔའི་མཛོད་ཉར་གནོན་ཤུགས་གཙོ་བོ་ནི་དོན་དངོས་སུ་མང་ཆེ་བ་RDEམཇུག་འབྲས་ཚད་བཀག་གྲངས་ཐང་གི་བླང་བྱ་དང་མི་མཐུན་པའི་ཐོན་རྫས་ལས་བྱུང་བ་ཡིན། ཡིན་ནའང་ལོ་ཕྱེད་ཀྱི་ཕྱིར་འཚོང་བར་བརྒལ་དུས་ཚོད་བཀོད་སྒྲིག་བྱས་ཡོད་པས། ལས་རིགས་ནང་ཁུལ་དུ་སྔོན་དཔག་ལྟར་ན་གཅིག་བསྡུས་ཀྱིས་རིན་གོང་ཚད་ཆེན་པོ་གཅོག་པའི་གནས་ཚུལ་ཐོན་མི་སྲིད།

 

 

       ཀྲུང་གོའི་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ལི་ཧྲའོ་ཧྭ་ཡིས། སྤྱི་ལོ་2023ལོའི་ཟླ་1པོའི་ཟླ་མཇུག་བར་དུ། ལས་རིགས་ཡོངས་ཀྱི་RDEཚད་བཀག་གྲངས་ཐང་གི་བླང་བྱ་དང་མི་མཐུན་པའི་ཐོན་རྫས་ཀྱི་མཛོད་ཉར་གནས་ཚུལ་ཧ་ལམ་རླངས་འཁོར་ཁྲི་189(རླངས་འཁོར་ཧྲིལ་པོ)ཙམ་ཡིན་པ་དང་། མཛོད་ཉར་གནས་ཚུལ་སྐུལ་འཚོང་བྱེད་སྒོ་དང་བསྟུན་ནས་ཟླ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཅེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན་དབང་ཕྱུག 
ཡིག་སྒྱུར། ཀླུ་འབུམ།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

རླངས་འཁོར་འདི་རིགས་ཕྱིར་འཚོང་བྱེད་མཚམས་འཇོག་རྒྱུ་རེད་འདུག

ཉེ་ཆར་སྐྱེ་ཁམས་ཁོར་ཡུག་པུའུ་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་སྡེ་ཁག་ལྔ་ཡིས་སྤྱི་བསྒྲགས་དཔར་འགྲེམ་བྱས་ནས། སྤྱི་ཟླ་7ཚེས་1ཉིན་ནས་བཟུང་རྒྱལ་ཡོངས་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་དུས་རིམ