ནར་མ་སོན་པར་བཙན་གཡེམ་བྱས་པའི་ཉེས་ཅན་3ལ་སྲོག་ཁྲིམས་བཅད་འདུག
ནར་མ་སོན་པར་བཙན་གཡེམ་བྱས་པའི་ཉེས་ཅན་3ལ་སྲོག་ཁྲིམས་བཅད་འདུག
ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཞིབ་དཔྱད་བྱས་པ་བརྒྱུད། སྤྱི་ཟླ་5པའི་ཚེས་23ཉིན། ཧུའུ་པེ་ཞིང་ཆེན་ཞའོ་ཀན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་། ཧྲན་ཏུང་ཞིང་ཆེན་ཝེ་ཧྥང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་བཅས་ཀྱིས་ནར་མ་སོན་པར་བཙན་གཡེམ་བྱས་པའི་ཉེས་ཅན་པ་ཉི་ཏུའུ་ཆུན་དང་། ཝང་ཞའོ་ཧྲན། སུན་པའོ་ཁྲང་བཅས་ལ་ཁྲིམས་ལྟར་སྲོག་ཁྲིམས་བཅད་པ་རེད།
གྱོད་གཞི་གསུམ་པོའི་ནང་། ཉེས་ཅན་པས་དྲ་ཐོག་ཏུ་གླེང་མོལ་གྱི་བྱ་ཐབས་སྤྱད་དེ། ཆེད་མངགས་སློབ་ཆུང་ངམ་དམའ་རིམ་སློབ་འབྲིང་གི་སློབ་མ་བཙན་གཡེམ་བྱ་ཡུལ་དུ་བདམས་ཡོད། ཉི་ཏུའུ་ཆུན་གྱིས་QQཐོག་གླེང་མོལ་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད། བརྩེ་དུང་ལ་ཁ་གཡར་ནས་བཙན་གཡེམ་བྱས་པ་མ་ཟད། ད་དུང་ཡང་ནས་བསྐྱར་དུ་མགོ་བསྐོར་བཏང་སྟེ་བསམ་པར་ཚོད་འཛིན་གྱིས་ནར་མ་སོན་པའི་མིའི་ལྟ་བ་གསུམ་ལ་འགྱུར་ལྡོག་བཏང་ཡོད། ཝང་ཞའོ་ཧྲན་དང་སུན་པའོ་ཁྲང་གིས་སྔོན་ལ་དྲ་ཐོག་ཏུ་འཆལ་སྤྱོད་སྤེལ་བ་དང་། དེ་རྗེས་གནོད་འཚེ་ཕོག་མཁན་བདམས་ནས་དྲ་འོག་ཏུ་བཙན་གཡེམ་བྱས་པ་མ་ཟད། གནོད་འཚེ་ཕོག་མཁན་གྱི་ལུས་སེམས་ལ་མནར་གཅོད་ཆེན་པོ་བཏང་བ་དང་། བྱས་ཉེས་ཀྱི་ངོ་བོ་ཧ་ཅང་ངན་པ། སྤྱི་ཚོགས་ལ་གནོད་འཚེ་ཧ་ཅང་ཆེ་བ། ཉེས་སྤྱོད་ཧ་ཅང་ཚབས་ཆེན་པོ་བཅས་ཡིན།
ཉེས་ཅན་གསུམ་པོར་ཁྲིམས་ལྟར་སྲོག་ཁྲིམས་བཅད་པ་དེ་ནི་མི་དམངས་ཁྲིམས་ཁང་གིས་ནར་མ་སོན་པར་ཆགས་རྩེད་བཙན་གནོད་ཀྱི་བྱས་ཉེས་བསགས་རིགས་ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་མཐའ་གཅིག་ཏུ་གཅོད་པའི་ལངས་ཕྱོགས་གསལ་པོར་མཚོན་ཡོད་ལ། རྒྱ་ཆེའི་ནར་མ་སོན་པས་རང་ཉིད་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཆེ་རུ་གཏོང་བར་དྲན་སྐུལ་དང་། ཁྱིམ་བདག་དང་སློབ་གྲྭ། སྤྱི་ཚོགས་བཅས་ནས་ནར་མ་སོན་པར་ཁྲིམས་སྐྱོང་སློབ་གསོ་དང་མཚན་མའི་སློབ་གསོ། དྲ་རྒྱའི་བྱ་སྤྱོད་ཀྱི་ཁྲིད་སྟོན་དང་ལྟ་སྐུལ་ལ་མཐོང་ཆེན། ནར་མ་སོན་པ་ཚོར་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ཀྱི་གནོད་འཚེ་མི་ཕོག་པ་བཅས་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་ཡོད། དུས་མཚུངས་སུ་དྲ་རྒྱ་བཅོས་སྐྱོང་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲ་རྒྱའི་ལས་སྟེགས་དང་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སྤྱི་ཚོགས་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ། དྲ་རྒྱ་བཅོས་སྐྱོང་བྱེད་པའི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲི་ལག་ལེན་བསྟར་ཐོག ནར་མ་སོན་པར་ཤུགས་རྐྱེན་ངན་པ་མི་ཡོང་བའི་སྔོན་འགོག་ནུས་ལྡན་བྱེད་པ་དང་། ནར་མ་སོན་པར་གནོད་འཚེ་གཏོང་བའི་དྲ་རྒྱ་དང་འབྲེལ་བ་ཡོད་པའི་བྱས་ཉེས་གསོག་རིགས་སྔོན་འགོག་ནུས་ལྡན་བྱེད་པ། ནར་མ་སོན་པར་དྭངས་གཙང་དང་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་པ་བཅས་ཀྱིས། ཕྲུ་གུ་ཚང་མར་བདེ་སྐྱིད་དང་བདེ་འཇགས་ཀྱི་ཉི་འོད་འོག་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱེད་དགོས།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་ཚེ་རིང་།
སྒྲིག་སྒྱུར། བཀྲ་ཤིས་རྣམ་རྒྱལ།