ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

དཔྱིད་གསར་རིང་ལས་གནས་བརྟན་སྲུང་བྱེད་མཁན་བོད་ཀྱི་ཕོ་གསར།

2023-01-25 12:06:00     责编:桑吉卓玛

དཔྱིད་གསར་རིང་ལས་གནས་བརྟན་སྲུང་བྱེད་མཁན་བོད་ཀྱི་ཕོ་གསར།

       ཆུ་ཡོས་ལོའི་གནམ་གང་ནས་ཚེས་གཉིས་ཉིན་བར་ཏེ། སྤྱི་ཚེས་23ཉིན་ནི་བོད་རིགས་མི་དམངས་ཉེན་རྟོག་པ་ཐུབ་བསྟན་དབང་གྲགས་ཀྱིས་དཔྱིད་གསར་དུས་ཆེན་རིང་བསྟུད་མར་ལས་ཀ་བྱེད་པའི་ཉིན་གསུམ་པ་དེ་རེད། གངས་ལྗོངས་ས་མཐོ་ནས་ཧྲང་ཧའེ་ལ་ཡོང་བའི་བོད་རིགས་མི་དམངས་ཉེན་རྟོག་པ་འདིས་ཧྲང་ཧའེ་མང་ཚོགས་ལ་དཔྱིད་གསར་དུས་ཆེན་གྱི་བདེ་འཇགས་སྲུང་བཞིན་ཡོད། 

       ཐུབ་བསྟན་དབང་གྲགས་ནི་ཧྲང་ཧའེ་གྲོང་ཁྱེར་སྤྱི་བདེ་ཅུས་ཕུའུ་ཏུང་ཡན་ལག་ཅུས་མེ་ཡོན་གྲོང་གསར་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཞིག་རེད། 2023ལོ་ནི་ཐུབ་བསྟན་དབང་གྲགས་ཉེན་རྟོག་པའི་ལས་གནས་ཐོག་སླེབས་པའི་ལོ་གསུམ་པ་དེ་རེད། ད་ལོ། ཁོང་གིས་སླར་ཡང་རང་འགུལ་ངང་ལུགས་རྙིང་ལོའི་ལོ་གསར་ཚེས་གཅིག་དང་ཚེས་གཉིས་ཉིན་ལས་རེས་བྱ་རྒྱུའི་རེ་ཞུ་བྱས་པ་རེད། ཐུབ་བསྟན་དབང་གྲགས་ཀྱིས། ལས་རོགས་ཚོ་དུས་ཆེན་རིང་མ་གཏོགས་ནང་མི་དང་མཉམ་དུ་སྡོད་རྒྱུ་ཁག་པོ་རེད། ངས་ལས་རེས་བྱས་ན་ལས་རོགས་ཚོ་ནང་མི་དང་མཉམ་དུ་མང་ཙམ་བསྡད་ཆོག་ཅེས་བཤད། 

 

 

       མངགས་གཏོང་ཁང་ལ་སྙན་སེང་ཞུས་པའི་ཉེན་རྟོག་གནས་ཚུལ་ལ་སྐབས་བསྟུན་རང་བཞིན་ངེས་ཅན་ལྡན་ཡོད་དེ། ཉེས་དོན་གྱོད་གཞི་སྣ་ཚོགས་ནས་དམངས་དོན་རྩོད་གཞི་སྣ་ཚོགས་བར་ཡོད་ཅིང་། མི་དམངས་ཉེན་རྟོག་པས་ལས་རེས་བྱས་ཚེ་དོན་དག་དེ་རིགས་འཕྲད་སྲིད། གྱོད་གཞི་ཆུང་ཆུང་གྱོད་གཞི་ཆེན་པོར་བརྩིས་ནས་སྒྲུབ་པ་དང་། བྱ་བ་ཆེ་ཆུང་ཚང་མར་སེམས་ཁུར་བྱ་རྒྱུ་ནི་ཐུབ་བསྟན་དབང་གྲགས་ཀྱི་ཐབས་མཆོག་ལྟ་བུར་གྱུར་ཡོད།  སྐད་ཆ་མང་ཙམ་འདྲི་བ་དང་། སྐད་ཆ་མང་ཙམ་ཉན་པ། བྱ་བ་མང་ཙམ་སྒྲུབ་པ་བཅས་བྱས་པས། བོད་རིགས་ཕོ་གསར་དེས་ཁོངས་གཏོགས་ཁུལ་གྱི་སྲང་ལམ་ཆེ་ཆུང་ཚང་མར་རྒྱུས་མངའ་ཆེན་པོ་བྱུང་ཡོད།

       ཉེན་རྟོག་པ་གསར་པ་ཞིག་ནས་ད་ཆ་རང་རྐྱ་འཕེར་བའི་མི་དམངས་ཉེན་རྟོག་པ་ཞིག་ཏུ་གྱུར་ཡོད། ཉེན་རྟོག་པ་བྱས་པ་ནས་ད་བར་ཐུབ་བསྟན་དབང་གྲགས་ལ་གོས་དར་20ཙམ་ཐོབ་ཡོད། ཐུབ་བསྟན་དབང་གྲགས་ཀྱིས། དེ་རིང་ལས་རེས་བྱས་རྗེས། སང་ཉིན་ཏེ་ལོ་གསར་ཚེས་གསུམ་ཉིན་ངལ་གསོ་རྒྱག་ཆོག དེ་རྗེས་ཡང་ལོ་གསར་ཚེས་བཞི་དང་ཚེས་ལྔ་ཉིན་གྱི་ནོར་ལྷ་བསུ་བའི་བདེ་སྲུང་ཐད་གྲ་སྒྲིག་བྱེད་དགོས་ཞེས་བཤད།

 

 

       2022ལོའི་ཟླ་3པའི་ཟླ་འགོར།  ལས་ཀའི་དབང་གིས་ཐུབ་བསྟན་དབང་གྲགས་ཕ་ཡུལ་དུ་ལོ་གསར་གཏོང་བར་འགྲོ་མ་ཐུབ། བོད་རིགས་མི་དམངས་ཀྱི་ངོས་ནས་བརྗོད་ན། བོད་ཀྱི་ལོ་གསར་ནི་ལོ་གཅིག་ནང་གི་དུས་ཆེན་གལ་ཆེན་ཞིག་རེད། ཐུབ་བསྟན་དབང་གྲགས་ཀྱིས། ན་ནིང་བོད་ཀྱི་ལོ་གསར་གོང་། སློབ་སྟོན་པས་ཁ་བརྡའི་ཚུལ་གྱིས་ང་རང་ལ་ཕ་ཡུལ་དུ་ལོ་གསར་གཏོང་སྐབས་ག་རེ་ཟ་གི་རེད་ཅེས་དྲིས་བྱུང་། ངའི་བསམ་པར་སློབ་སྟོན་པས་ང་ཚོའི་མི་རིགས་ཀྱི་གོམས་སྲོལ་ཤེས་རྟོགས་གནང་འདོད་པ་རེད་སྙམ་བྱུང་ཞེས་བཤད། 

       2022ལོའི་ཟླ་3པའི་ཚེས་3ཉིན། ལས་གནས་ཐོག་ལས་འགན་སྒྲུབ་བཞིན་པའི་ཐུབ་བསྟན་དབང་གྲགས་ལ་སློབ་སྟོན་པའི་ཁ་པར་འབྱོར་ནས་ཉིན་དགུང་ཆུ་ཚོད་11ཐོག་ཟ་ཁང་དུ་ཤོག་ཅེས་བཤད། ཁོང་ལས་ཁུངས་སུ་སླེབས་ནས་ཟ་ཁང་གི་སྒོ་ཕྱེ་སྐབས། ལས་རོགས་ཚོས་ཁ་བཏགས་འཁྱེར་ནས་ཁོང་སྒུག་བསྡད་ཡོད་པ་དང་། ཅོག་ཙེའི་ཐོག་ཇ་བསྲུབས་མ་དང་སྐམ་ཤ་སོགས་ཞིམ་ཟས་བསྒྲིགས་ཡོད། ཐུབ་བསྟན་དབང་གྲགས་ཀྱིས། ཇ་བསྲུབས་མ་བླུགས་སའི་ཇ་ཕོར་སྟེང་དུ་ཡང་ང་ཚོ་བོད་རིགས་ཀྱི་ཁྱད་ལྡན་པར་རིས་ཡོད་པས། དེ་ནི་ང་རང་གི་ངོས་ནས་བརྗོད་ན་ཆེས་དམིགས་བསལ་གྱི་དོན་སྙིང་ལྡན་པའི་བོད་ཀྱི་ལོ་གསར་གཏོང་ཐེངས་ཤིག་ཡིན་ཞེས་བཤད།

 

 

       ཐུབ་བསྟན་དབང་གྲགས་ཀྱིས་དེ་དུས་གཞི་ནས་སློབ་སྟོན་པས་ཁ་བརྡའི་ཚུལ་གྱིས་དྲིས་པའི་དོན་དངོས་རྟོགས་ཡོད། གྲ་སྒྲིག་ཚགས་ཚུད་པོ་ཡོང་ཆེད། ཐུབ་བསྟན་དབང་གྲགས་ཀྱི་ལས་རོགས་ཚོས་བོད་ཀྱི་ལོ་གསར་གྱི་གོམས་སྲོལ་སྐོར་གྱི་དཔྱད་ཡིག་སྣ་ཚོགས་ཀློག་བཤེར་བྱས་པ་མ་ཟད། ད་དུང་ཆེད་མངགས་སྒོས་དྲ་ཐོག་ནས་ཐུབ་བསྟན་དབང་གྲགས་ཀྱི་ཕ་ཡུལ་གྱི་དུས་ཆེན་སྐབས་ཀྱི་ཟས་རིགས་ཉོས་པ་དང་། གཞན་ད་དུང་ཁོང་གི་ཕ་མ་དང་འབྲེལ་བ་བྱས་ནས་ཁོང་ལ་སྨོན་འདུན་ཞུ་བའི་བརྙན་མཐོང་ཞིག་ཀྱང་ཕབ་སྐྲུན་བྱས་པ་རེད། མེ་ཡོན་གྲོང་གསར་མངགས་གཏོང་ཁང་གི་སློབ་སྟོན་པ་ཁོའེ་པིན་གྱིས།  ང་ཚོས་ཐུབ་བསྟན་དབང་གྲགས་ལ་ལོ་གསར་གཏོང་སྐབས་ནང་མི་དང་མཉམ་དུ་ཡོད་པའི་ཚོར་སྣང་ཞིག་སྟེར་ཆེད་ཡིན་ཞེས་བཤད། 

       ཧྲང་ཧའེ་ཡི་མང་ཚོགས་ལ་དཔྱིད་གསར་དུས་ཆེན་རིང་གི་བདེ་འཇགས་སྲུང་བའི་ཐུབ་བསྟན་དབང་གྲགས་ད་ལོའི་བོད་ཀྱི་ལོ་གསར་སྐབས་ཕ་ཡུལ་དུ་ལོག་རྩིས་ཡོད། གསར་འགོད་པས་ཁོང་ལ་ལག་བཏགས་ག་རེ་འཁྱེར་ནས་ཁྱིམ་ལ་ལོག་རྩིས་ཡོད་ཅེས་དྲིས་པར། ཁོང་གིས་འཛུམ་དམུལ་དམུལ་ངང་། གོས་དར་རྣམས་ཆེ་དྲགས་འདུག འོན་ཀྱང་ལས་ཀའི་ཁྲོད་ཀྱི་མྱོང་ཚོར་རྣམས་ཕ་མ་དང་མཉམ་སྤྱོད་བྱེད་ངེས་ཡིན་ཞེས་བཤད། 

       ཐུབ་བསྟན་དབང་གྲགས་ཀྱིས། རང་ཉིད་ཀྱི་བུ་ཆུང་ནར་སོན་ནས་རང་མགོ་ཐོན་པ་མཐོང་སྐབས་ཕ་མ་གཉིས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག་ལ་སྤོབས་པ་ཞིག་ཏུའང་རྩིས་ཀྱི་འདུག་ཅེས་བཤད།     

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད།

སྒྲིག་སྒྱུར། རྡོ་ཐར།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

དཔྱིད་གསར་རིང་ལས་གནས་བརྟན་སྲུང་བྱེད་མཁན་བོད་ཀྱི་ཕོ་གསར།

ཆུ་ཡོས་ལོའི་གནམ་གང་ནས་ཚེས་གཉིས་ཉིན་བར་ཏེ། སྤྱི་ཚེས་23ཉིན་ནི་བོད་རིགས་མི་དམངས་ཉེན་རྟོག་པ་ཐུབ་བསྟན་དབང་གྲགས་ཀྱིས་དཔྱིད་གསར་དུས་ཆེན་རིང་བསྟུད་མར་ལས་ཀ་བྱེད