ཕྱི་རྒྱལ་གྱི་ཞིབ་འཇུག་ལས་འདི་ལྟར་བྱས་ན་རྒ་བ་འགོག་ཐུབ་པ་ཤེས་འདུག
བློ་ཁ་ངན་པ་དང་སེམས་ཁྲལ། ཡིད་མུག་པ་བཅས་ནི་དབང་རྩ་ཉམས་ཞན་རང་བཞིན་གྱི་ནད་དང་གླེན་ནད་ཕོག་རྐྱེན་དུ་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་ཀླད་པར་ཤུགས་རྐྱེན་ཅི་འདྲ་ཐེབས་ཀྱི་ཡོད་པ་དང་། དེ་དག་གི་གནོད་ལྡན་ཤུགས་རྐྱེན་ལ་ཚད་ཡོད་དམ་ཞེ་ན། སུའེ་ཙེར་རི་ནེ་ཝ་སློབ་ཆེན་གྱི་དབང་རྩའི་ཚན་རིག་པས་ན་གཞོན་དང་བགྲེས་སོང་གིས་མི་གཞན་གྱི་སེམས་པའི་སྡུག་བསྔལ་མདུན་དུ་ཀླད་པར་ནུས་པ་ཅི་འདྲ་སློང་གི་ཡོད་པ་ལྟ་ཞིབ་ཐུབ་ཡོད་དེ། བགྲེས་སོང་གི་དབང་རྩའི་གཞི་ཡི་སྦྲེལ་མཐུད་ལ་མངོན་གསལ་གྱི་བློ་ཁའི་དལ་གཤིས་མངོན་པ་དང་། བློ་ཁ་ངན་པས་དུས་ཡུན་རིང་པོ་ཞིག་གི་ནང་ཚད་བརྒལ་གྱིས་ཁོ་ཚོར་འགྱུར་ལྡོག་གཏོང་བཞིན་ཡོད། ལྷག་པར་དུ་ཕྱིའི་འགུག་སྐྱི་རིམ་པ་དང་ཁམ་ཚིག་སྙིང་གཟུགས་ཁྲོད་དུ་ཀླད་ཁོངས་དེ་གཉིས་ཀྱིས་བསམ་བློ་གཏོང་སྟངས་དང་དང་རང་རྣམ་གཟུགས་ཀྱི་དྲན་པར་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད། 《རང་བྱུང་། རྒ་བ།》ཞེས་པའི་དུས་དེབ་ཐོག་གསར་དུ་སྤེལ་བའི་མཇུག་འབྲས་དེ་དག་ལས་མངོན་པར། བསམ་བློ་གཏོང་མཁས་པོ་བྱས་ན་དབང་རྩ་ཉམས་ཞན་དུ་འགྱུར་བ་ཚོད་འཛིན་བྱེད་པར་ཕན་པ་ཡོད། དཔེར་ན་བསམ་བློ་གཏིང་ཟབ་བཏང་བ་ལྟ་བུ་རེད།
ཞིབ་འཇུག་མི་སྣས་དང་བླངས་པར་བློ་ཁ་སྡུག་བསྔལ་གྱི་རྣམ་པའི་ནང་དོན་གྱི་བརྙན་འཕྲིན་དང་། བློ་ཁ་སྙོམས་པོར་གནས་པའི་ནང་དོན་གྱི་བརྙན་འཕྲིན་སོགས་བསྟན་ནས་ཁོ་ཚོའི་ཀླད་པའི་འགུལ་སྐྱོད་ལ་ལྟ་ཞིབ་བྱས་ཡོད། ཐོག་མར་ཞིབ་འཇུག་ཚོ་ཆུང་གིས་ལོ་65ཡན་གྱི་མི་27དང་ལོ་25ཡས་མས་ཀྱི་མི་29ལ་ཞིབ་བསྡུར་བྱས་རྗེས། བགྲེས་སོང་127ལ་དེ་དང་འདྲ་བའི་ཚོད་ལྟ་བསྐྱར་ཟློས་བྱས་ཡོད།
ཞིབ་འཇུག་ལས་མངོན་པར། བགྲེས་སོང་རྣམས་ཀྱིས་རྟག་ཏུ་ན་གཞོན་རྣམས་དང་མི་འདྲ་བའི་ཀླད་པའི་འགུལ་སྐྱོད་དང་སྦྲེལ་མཐུད་རྣམ་པ་མངོན་པ་དང་། དེ་ནི་རང་ལེན་རྣམ་པའི་དྲ་རྒྱའི་ནུས་སློང་བྱེད་ཚད་སྟེང་ལྷག་ཏུ་མངོན་གསལ་ཡིན། རང་ལེན་རྣམ་པའི་དྲ་རྒྱ་ནི་ངལ་གསོ་རྣམ་པའི་འོག་ཚད་མཐོའི་ནུས་སློང་བྱེད་པའི་ཀླད་པའི་དྲ་རྒྱ་ཞིག་ཡིན། དེའི་འགུལ་སྐྱོད་ལ་རྟག་ཏུ་ཡིད་མུག་གམ་སེམས་ཁྲལ་གྱིས་བར་ཆད་བཟོ་གི་ཡོད་པ་དང་། དེས་དེ་ཉིད་བློ་ཁའི་སྙོམས་སྒྲིག་བྱ་བར་ཞུགས་ཡོད་པ་མཚོན་ཡོད། བགྲེས་སོང་རྣམས་ཀྱི་ཁྲོད་དུ་རང་རྣམ་གཟུགས་ཀྱི་དྲན་པ་ཐག་གཅོད་བྱེད་འགན་འཁུར་བའི་ཕྱིའི་འགུག་སྐྱི་རིམ་པ་དང་བརྩེ་དུང་གི་ཟུག་སློང་གཙོ་བོ་ཐག་གཅོད་བྱེད་པའི་ཁམ་ཚིག་སྙིང་གཟུགས་ཀྱི་འབྲེལ་བ་ཇེ་མང་དུ་འཕར་ཡོད།
ཡིན་ནའང་བགྲེས་སོང་རྣམས་རྒྱུན་དུ་ན་གཞོན་ཚོ་ལས་རང་ཉིད་ཀྱི་བློ་ཁ་སྙོམས་སྒྲིག་བྱེད་མཁས་པོ་ཡོད་པ་མ་ཟད། དགེ་མཚན་ལྡན་པའི་ཞིབ་ཕྲར་དེ་བས་དོ་སྣང་བྱེད་སླ་པོ་ཡོད་ཅིང་། དགེ་མཚན་མེད་པའི་དོན་རྐྱེན་ཁྲོད་དུའང་དེ་འདྲ་ཡིན། ཡིན་ནའང་ཕྱིའི་འགུག་སྐྱི་རིམ་པ་དང་ཁམ་ཚིག་སྙིང་གཟུགས་བར་གྱི་འབྲེལ་མཐུད་རང་བཞིན་གྱི་འགྱུར་ལྡོག་གིས་རྒྱུན་ལྡན་གྱི་རྒས་འཁོགས་སྣང་ཚུལ་བར་གྱི་ཁྱད་པར་མཚོན་པ་ཡིན། སྣང་ཚུལ་དེ་རིགས་ནི་སེམས་ཁྲལ་དང་བསམ་བློ་གཏིང་ནས་གཏོང་བ། བློ་ཁ་ངན་པ་བཅས་མང་པའི་མིའི་སྟེང་དུ་དེ་བས་མངོན་གསལ་ཡིན། ཕྱིའི་འགུག་སྐྱི་རིམ་པ་ནི་གླེན་ནད་ཀྱི་ཤུགས་རྐྱེན་ཆེས་ཚབས་ཆེ་བའི་ཀླད་ཁོངས་གྲས་ཤིག་ཡིན། དེས་ནད་རྟགས་འདི་དག་ཐོན་ཚེ་དབང་རྩ་ཉམས་ཞན་རང་བཞིན་གྱི་ནད་ཕོག་པའི་ཉེན་ཁ་ཇེ་ཆེར་འགྱུར་བ་མཚོན་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན་དབང་ཕྱུག
ཡིག་སྒྱུར། ཀླུ་འབུམ།