ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཁྱེད་རང་མྱུར་བགྲོད་མེ་འཁོར་ནང་རྩོད་པ་འདི་འདྲ་འཕྲད་མྱོང་ངམ།

2022-12-03 17:21:00     责编:桑吉卓玛

ཁྱེད་རང་མྱུར་བགྲོད་མེ་འཁོར་ནང་རྩོད་པ་འདི་འདྲ་འཕྲད་མྱོང་ངམ།

       མྱུར་བགྲོད་མེ་འཁོར་དང་ཡང་ན་གནམ་གྲུར་བསྡད་རྗེས་འགྲུལ་བ་མི་ཉུང་བ་ཞིག་གིས་སྟབས་བདེ་ཡོང་ཆེད་རྐུབ་སྟེགས་ལེགས་སྒྲིག་བྱེད་པའི་གོམས་གཤིས་ཡོད། འོན་ཀྱང་མེ་འཁོར་དང་གནམ་གྲུའི་ནང་གི་བར་སྟོང་ཆེན་པོ་དེ་འདྲ་མེད་པས་གོམས་གཤིས་དེ་ཙམ་གྱི་དབང་གིས་ནམ་རྒྱུན་རྩོད་པ་མི་ཉུང་བ་རེ་སློང་བཞིན་ཡོད།
 

 

       རྐུབ་སྟེགས་མར་བཞག་ཚེ། རྒྱབ་ཕྱོགས་ཀྱི་མི་དེས་ཁོ་བོའི་བར་སྟོང་ཇེ་ཆུང་དུ་ཕྱིན་པས་ཟ་མ་ཟ་བ་དང་གློག་ཀླད་བཞག་ན་སྟབས་མི་བདེ་བར་འདོད་ཀྱི་ཡོད། 

       དེ་འཇོག་ཏུ་མ་བཅུག་ཚེ་མདུན་གྱི་མི་དེའང་བློ་ལ་མ་ཕྱིན་པར་ཇུས་འགོད་བྱེད་པའི་དམིགས་ཡུལ་ནི་འགྲུལ་པས་བཀོལ་སྤྱོད་བྱེད་པའི་ཆེད་དུ་ཡིན།  ཅིའི་ཕྱིར་བཀོལ་སྤྱོད་བྱ་མི་ཆོག་ཅེས་བཤད་སྲིད།

       དེ་ལྟར་བྱས་རྗེས་རྒྱབ་མདུན་གྱི་འགྲུལ་པའི་འབྲེལ་བ་ཇེ་སྡུག་ཏུ་གྱུར་ཅིང་ཐ་ན་ཁ་རྩོད་ཤོར་བ་དང་ལག་པ་འགུལ་བའི་དོན་དག་ཡང་འབྱུང་རྒྱུ་མི་ཉུང་བ་རེ་ཡོད།  དེ་སྔོན་ཧུའུ་ནན་ཞང་དབྱིན་རྫོང་མི་དམངས་ཁྲིམས་ཁང་གིས་རྐུབ་སྟེགས་ཀྱི་རྒྱབ་སྙེག་ལས་བྱུང་བའི་རྩོད་གཞི་ཞིག་ཞིབ་གཅོད་བྱས།

       གྱོད་དོན་གནས་ཚུལ་འདི་འདྲ་སྟེ། 

       སྤྱི་ལོ་2022ལོའི་ཟླ་3པའི་ཚེས་4ཉིན། སློབ་ཆེན་བ་ཝང་ཆེ་གེ་མོ་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ལ་བསྡད་དེ་ཧྲེན་ཀྲེན་ནས་ཝུའུ་ཧན་དུ་སོང་། མེ་འཁོར་དེའི་འཁོར་སྒམ་ནང་གི་སྒྲོག་ཙེ་ཆུང་ཆུང་གི་རྒྱབ་ངོས་སུ།  ཁྱེད་ཀྱིས་རྐུབ་སྟེགས་ཀྱི་ཟུར་ཚད་ལེགས་སྒྲིག་གནང་སྐབས་རྒྱབ་ཕྱོགས་ཀྱི་འགྲུལ་པར་དྲན་སྐུལ་གནང་རོགས་ཞུ་ཞེས་པའི་སྦྱར་ཡིག་དེ་འདྲ་ཞིག་བྲིས་ཡོད། 

       མེ་འཁོར་བསྡད་རྗེས་ཝང་ཆེ་གེ་མོས་རང་ཉིད་ཀྱིས་ཉོས་མ་ཐག་པའི་ལག་འཛིན་གློག་ཀླད་གསར་པ་དེ་མདུན་ཕྱོགས་ཀྱི་ཅོག་ཙེ་ཆུང་ཆུང་སྟེང་བཞག་ནས་བེད་སྤྱོད་བྱས། བསམ་ཡུལ་ལས་འདས་པ་ཞིག་ལ་ལམ་བར་དུ་མདུན་གྱི་འགྲུལ་པ་ལིའུ་ཆེ་གེ་མོས་རྐུབ་སྟེགས་ལེགས་སྒྲིག་བྱེད་སྐབས་གཟབ་གཟབ་མ་བྱས་པར་ཝང་ཆེ་གེ་མོའི་ལག་འཛིན་གློག་ཀླད་མནན་པས་བརྙན་ཤེལ་ལ་གཏོར་སྐྱོན་ཤོར། ཝང་ཆེ་གེ་མོས་དུས་ཐོག་ཏུ་མེ་འཁོར་ཉེན་རྟོག་པར་རོགས་སྐྱོར་རེ་ཞུ་བྱས་རྗེས། ཁོ་གཉིས་ཁྲང་ཧྲ་ལྷོ་ཚུགས་སུ་བབས་ཏེ་མངགས་གཏོང་ཁང་དུ་དོན་དག་ཐག་གཅོད་བྱེད་དུ་སོང་རུང་གྲོས་མཐུན་མ་བྱུང་བས།  ཝང་ཆེ་གེ་མོས་བྲེལ་འཚུབ་ངང་ཉིན་དེར་ཝུའུ་ཧན་དུ་འགྲོ་བའི་སྤ་སེ་ཉོ་དགོས་བྱུང་།
 

 

       ཝུའུ་ཧན་དུ་འབྱོར་རྗེས། ཝང་ཆེ་གེ་མོས་རླངས་འཁོར་གླས་ནས་གློག་ཀླད་ཞིག་གསོ་བྱེད་དུ་སོང་བ་དང་། དེ་ནས་ཡང་བསྐྱར་རླངས་འཁོར་གླས་ཏེ་ཕྱིར་སློབ་གྲྭར་ལོག་ཀྱང་སྐྱིན་ཚབ་ཅི་ཡང་མ་ཐོབ་པས། ཝང་ཆེ་གེ་མོས་ལིའུ་ཆེ་གེ་མོ་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས། མི་དམངས་ཁྲིམས་ཁང་གིས་ལིའུ་ཆེ་གེ་མོར་གློག་ཀླད་ཞིག་གསོའི་འགྲོ་གྲོན་དང་འགྲིམ་འགྲུལ་འགྲོ་གྲོན་བཅས་བསྡོམས་པས་སྒོར་4788.5ཡི་སྐྱིན་ཚབ་སྤྲོད་དགོས་པའི་བླང་བྱ་བཏོན།

       ཁྲིམས་ཁང་གི་ཁྲིམས་བཅད།

       ཞང་དབྱིན་རྫོང་མི་དམངས་ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད་སྤྱི་དམངས་ཀྱི་རྒྱུ་ནོར་ཁེ་དབང་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་ཐོབ་པས།  གཞན་གྱི་རྒྱུ་ནོར་ལ་གནོད་འཚེ་བཟོས་རྗེས་དམངས་དོན་ཁེ་དབང་ལ་གནོད་འཚེ་བཏང་བར་སྐྱིན་ཚབ་འཇལ་དགོས་པའི་འགན་འཁྲི་འཁུར་དགོས། གྱོད་དོན་འདིའི་ཁྲོད་དུ་ལིའུ་ཆེ་གེ་མོ་སྡོད་སའི་མེ་འཁོར་གྱི་རྐུབ་སྟེགས་རྒྱབ་ཏུ་བཞག་པའི་ཅོག་ཙེ་ཆུང་ཆུང་ཚང་མའི་སྟེང་ན་དྲན་སྐུལ་སྦྱར་ཡིག་ཡོད་པས། ཁོ་བོས་རྐུབ་སྟེགས་ཀྱི་ཟུར་ཚད་ལེགས་སྒྲིག་བྱེད་སྐབས་རྒྱབ་ཕྱོགས་ཀྱི་འགྲུལ་བར་དྲན་སྐུལ་བྱེད་དགོས་པ་དང་ཡང་ན་མཉམ་འཇོག་བྱེད་དགོས།   འོན་ཀྱང་ལིའུ་ཆེ་གེ་མོས་གོང་གསལ་གྱི་འོས་འགན་མ་བསྒྲུབ་པས་ཝང་ཆེ་གེ་མོའི་གློག་ཀླད་ལ་གནོད་སྐྱོན་བཟོས་པའི་མཇུག་འབྲས་ནི་ནོར་འཁྲུལ་གཙོ་བོ་ཡོད་པས་སྐྱིན་ཚབ་འཇལ་བའི་འགན་འཁྲི་ཡོད།

       ཝང་ཆེ་གེ་མོས་ཀྱང་གློག་ཀླད་ཅོག་ཙེའི་སྟེང་བཞག་རྗེས། མདུན་ཕྱོགས་ཀྱི་འགྲུལ་པས་རྐུབ་སྟེགས་ལེགས་སྒྲིག་བྱེད་སྐབས་རང་གི་ཀློག་གླད་ལ་གནོད་པ་ཐེབས་འགྲོ་བར་དོགས་ཟོན་མ་བྱས་པས། གློག་ཀླད་ལ་གནོད་སྐྱོན་བཟོས་པའི་མཇུག་འབྲས་ཐད་རང་ཉིད་ལའང་ནོར་འཁྲུལ་ངེས་ཅན་ཡོད་པས་གནོད་འཚེ་གཏོང་མཁན་གྱི་འགན་འཁྲི་ཇེ་ཡང་དུ་བཏང་ཆོག
 

 

       ཕྱོགས་གཉིས་ཀྱི་ནོར་འཁྲུལ་བྱུང་ཚད་ལ་གཞིགས་ཏེ།  ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ལིའུ་ཆེ་གེ་མོས་གྱོད་དོན་འདིའི་དམངས་དོན་འགན་འཁྲིའི་70%ཡི་གྱོང་གུན་འཁུར་དགོས་པ་དང་། ཞུ་སྦྱོར་སྔ་མ་ཝང་ཆེ་གེ་མོས་རང་འགུལ་ངང་མེ་འཁོར་ལ་བསྡད་པའི་འགྲིམ་དངུལ་གྲོན་དངུལ་སྒོར་15ཡི་འགན་འཁུར་དགོས། ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་བས་ཞུ་སྦྱོར་སྔ་མ་བར་སྐྱིན་ཚབ་འཇལ་དགོས་པར་དཔྱད་མཚམས་བཏང་ཡོད། (4788.5-15)*70%=3341.45(སྒོར)

       དོན་དག་ཡོད་ན་གྲོས་མོལ་བྱ་ཆོག

       སྤྱིར་རྐུབ་སྟེགས་ལེགས་སྒྲིག་གི་དོན་དག་གིས་མི་མང་པོ་སྡུག་ལ་སྦྱར་ནས་ཡུན་རིང་ཕྱིན་ཡོད།  ཝང་ཆེ་གེ་མོའི་དོན་དག་དེ་དྲ་ལམ་དུ་རྒྱ་ཆེར་ཁྱབ་ཡོད།

       དྲ་གྲོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་། རང་ཉིད་ལའང་དོན་དག་འདི་འདྲ་འཕྲད་མྱོང་ཡོད་དེ། མདུན་གྱི་འགྲུལ་པས་གློ་བུར་དུ་རྐུབ་སྟེགས་ལེགས་སྒྲིག་བྱས་པས་རང་ཉིད་ཅི་བྱ་གཏོད་མེད་དུ་འགྱུར་གྱི་འདུག་ཅེས་བརྗོད། 
 

 

       མི་མི་ཉུང་བ་ཞིག་གི་བསམ་པར།  འདི་དག་ཚང་མ་གྲོས་མོལ་ཡག་པོ་མ་བྱས་པའི་མཇུག་འབྲས་རེད།  སུ་ཡིན་རུང་བདེ་མོ་སྐྱིད་པོའི་ངང་སྡོད་འདོད་པ་དེའང་ནོར་འཁྲུལ་མ་རེད། འོན་ཀྱང་ཕན་ཚུན་བར་དྲན་སྐུལ་བཏང་ན་འདི་དང་འདི་ལྟ་བུའི་རྩོད་པ་འབྱུང་མི་སྲིད་པའི་ངོས་འཛིན་བྱས། 

       ད་དུང་མི་ལ་ལས། རྐུབ་སྟེགས་ལེགས་སྒྲིག་བྱ་རྒྱུ་ནི་རང་ཉིད་ཀྱི་དབང་ཆ་ཡིན་པ་མ་ཟད་ཅོག་ཙེ་ཆུང་ཆུང་དེའི་སྟེང་དུ་མ་གཞི་ནས་གློག་ཀླད་མ་བཞག་ན་འགྲིག   དོན་དག་ཆུང་ཆུང་ཙམ་རེད། ཆེད་དུ་གཞན་དེར་ལབ་དགོས་དོན་མི་འདུག་ཅེས་བརྗོད།  
 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག མིག་དམར་རྒྱ་མཚོ།
སྒྲིག་སྒྱུར། སྙན་དབྱངས།

 

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཁྱེད་རང་མྱུར་བགྲོད་མེ་འཁོར་ནང་རྩོད་པ་འདི་འདྲ་འཕྲད་མྱོང་ངམ།

མྱུར་བགྲོད་མེ་འཁོར་དང་ཡང་ན་གནམ་གྲུར་བསྡད་རྗེས་འགྲུལ་བ་མི་ཉུང་བ་ཞིག་གིས་སྟབས་བདེ་ཡོང་ཆེད་རྐུབ་སྟེགས་ལེགས་སྒྲིག་བྱེད་པའི་གོམས་གཤིས་ཡོད།