ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

སློབ་མར་བརྙས་བཅོས་བྱེད་པ་སོགས་ཀྱི་བྱ་སྤྱོད་ཐད་སློབ་གསོ་པུའུ་ནས་་

2021-04-08 09:43:00     责编:sangjzm

སྤྱི་ཟླ་4པའི་ཚེས་6ཉིན། སློབ་གསོ་པུས༼ ནར་མ་སོན་པའི་མིར་སློབ་གྲྭས་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་གཏན་འབེབས༽ ཀྱི་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ཡོད།

བསམ་འཆར་བསྡུ་ལེན་མ་ཟིན་ནང་གཤམ་གྱི་དོན་ཚན་དག་ཁ་གསལ་བཏོན་ཡོད་པ་སྟེ།

གཅིག སློབ་མར་བརྙས་བཅོས་བྱེད་རིགས་ལ་སློབ་གྲྭས་བཟོད་སྒོམ་རྩ་བ་ནས་མི་བྱེད་པའི་ལམ་སྲོལ་འཛུགས་དགོས་པ།

གཉིས། སློབ་མས་ཉེས་རྡུང་དང་ངན་སྨྲས། འཕྱ་སྨོད་རང་བཞིན་གྱི་མཚང་མིང་འདོགས་པ། གནག་སེམས་ཀྱིས་མི་གཞན་གྱི་གསང་བ་རྒྱུད་སྤེལ་བྱེད་པ་སོགས་ཀྱི་བརྙས་བཅོས་བྱ་སྤྱོད་སྤེལ་བ་དགེ་རྒན་དང་ལས་བྱེད་པས་ཤེས་རྟོགས་བྱུང་ཚེ། དུས་ཐོག་ཏུ་བཀག་འགོག་བྱེད་དགོས་པ།

གསུམ། དགེ་རྒན་གྱིས་ཉམས་ཆུང་སློབ་མ་དང་དམིགས་བསལ་གནས་བབ་ཀྱི་སློབ་མར་དོ་ཁུར་བྱས་ཏེ། སློམ་མ་ཁེར་རྐྱང་དུ་འཇོག་པའམ་ཡང་ན་ཟུར་འབུད་གཏོང་བའི་གནས་ཚུལ་ཡོད་པ་ཤེས་ཚེ། དུས་ཐོག་ཏུ་ཐེ་ཇུས་བྱེད་དགོས་པ།

བཞི། སློབ་གྲྭར་བརྙས་བཅོས་སྐོར་གྱི་ཐེར་འདོན་འབྱོར་ཚེ། འཕྲལ་དུ་བརྟག་དཔྱད་བྱེད་དགོས་པ།

དྲ་གྲོགས་རྣམས་ནས་སློབ་མར་བརྙས་བཅོས་བྱས་པའི་ཐད་བཟུང་བའི་ལྟ་སྟངས།

ལྔ། བདེ་འཇགས་དོ་དམ་ལས་འགལ་བའམ་ཡང་ན་ཉེས་གསོག་དོགས་གཞི་ཡོད་པའི་བརྙས་བཅོས་བྱ་སྤྱོད་ཚབས་ཆེ་རིགས་ཐད་སློབ་གྲྭས་སྦ་གསང་བྱེད་མི་ཆོག་པ།

དྲུག སློབ་གྲྭས་སློབ་མ་མི་རེ་ངོ་རེར་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས་པ་ལས། སློབ་མ་དང་སློབ་མའི་ཁྱིམ་བདག་གི་མི་རིགས་དང་རིགས་རྒྱུད། ཕོ་མོ། ཐེམ་ཐོ། ལས་རིགས། ཆོས་ལུགས་དད་མོས། སློབ་གསོའི་ཡོན་ཚད། ཁྱིམ་ཚང་གི་གནས་ཚུལ། ལུས་སེམས་བདེ་ཐང་། སློབ་སྦྱོང་ནུས་པ་སོགས་ཀྱི་གནས་ཚུལ་ལ་གཞིགས་ཏེ་སློབ་མར་མཐོང་ཆུང་ངམ་ཡང་ན་སློབ་མར་དབྱེ་བ་ཡོད་པའི་ལྟ་སྟངས་འཛིན་མི་ཆོག་པ།

བདུན། སློབ་གྲྭས་སློབ་མ་སྒྲིག་འཛུགས་དང་བཀོད་སྒྲིག་བྱས་ཏེ་ཉེན་སེལ་གནོད་སྐྱོབ་བམ་ཚོང་ལས་རང་བཞིན་གྱི་བྱེད་སྒོ་སྤེལ་མི་ཆོག་པ་དང་། སློབ་མས་དུག་ལྡན་དང་གནོད་ལྡན་གྱི་ཉེན་ཁ་ཡོད་པའི་ལས་ཀའི་ཁྲོད་དང་དེ་བཞིན་སློབ་མ་ཞུགས་རྒྱུར་མི་འཚམ་པའི་བྱེད་སྒོ་གཞན་དག་ནང་ཞུགས་རྒྱུའི་བཀོད་སྒྲིག་བྱེད་མི་ཆོག་པ།

བརྒྱད། སློབ་གྲྭའི་ནང་ངམ་ཡང་ན་སློབ་གྲྭ་དེ་གས་སྒྲིག་འཛུགས་བྱེད་པའི་སློབ་ ཕྱིའི་བྱེད་སྒོའི་ནང་སློབ་མའི་ལུས་ཁམས་ལ་གནོད་འཚེ་ཕོག་པའི་དོན་རྐྱེན་ཐོན་ཚེ། སློབ་གྲྭས་འཕྲལ་དུ་སྨན་བཅོས་སྲོག་སྐྱོབ་དང་ཐག་གཅོད་འོས་འཚམ་བྱེད་དགོས་ལ། དུས་ཐོག་ཏུ་སློབ་མའི་ཕ་མའམ་ལྟ་སྐྱོང་བྱེད་མཁན་གཞན་དག་ལ་བརྡ་ཐོ་གཏོང་དགོས་པ་དང་། གནས་ཚུལ་ཚབས་ཆེན་པོ་ཡིན་ཚེ། དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཁག་ལ་སྙན་སེང་ཞུ་དགོས་པ་བཅས་ཡིན།

གཞན་ཡང་། བསམ་འཆར་བསྡུ་ལེན་མ་ཟིན་ནང་ད་དུང་དམིགས་བསལ་སྲུང་སྐྱོང་བྱ་རྒྱུའི་ཐད་འབྲེལ་ཡོད་གཏན་འབེབས་བྱས་ཡོད་ཅིང་། སློབ་གྲྭས་བཅའ་ཁྲིམས་ཀྱི་གཏན་འབེབས་དོན་འཁྱོལ་བྱས་ནས། སློབ་མར་བརྙས་བཅོས་ཕོག་རྒྱུ་སྔོན་འགོག་ཚོད་འཛིན་དང་། མཚན་མའི་བཙན་གནོད་དང་ཆགས་པ་སུན་སློང་སྔོན་འགོག་བྱེད་པ་སོགས་ཀྱི་ལས་ཀའི་ལམ་ལུགས་གཏན་འབེབས་བྱེད་པ་དང་། སློབ་མར་བརྙས་བཅོས་དང་། མཚན་མའི་བཙན་གནོད། ཆགས་པ་སུན་སློང་བཅས་ཀྱི་བྱ་སྤྱོད་སྤེལ་མཁན་ལ་བཟོད་སྒོམ་རྩ་བ་ནས་མི་བྱེད་པའི་ལམ་སྲོལ་འཛུགས་རྒྱུའི་བླང་བྱ་བཏོན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག སྐལ་བཟང་བདེ་སྐྱིད།
ཡིག་སྒྱུར། བཀྲ་ཤིས་རྡོ་རྗེ།

中央广播电视总台 央广网 版权所有

སློབ་མར་བརྙས་བཅོས་བྱེད་པ་སོགས་ཀྱི་བྱ་སྤྱོད་ཐད་སློབ་གསོ་པུའུ་ནས་་

སྤྱི་ཟླ་4པའི་ཚེས་6ཉིན། སློབ་གསོ་པུས༼ ནར་མ་སོན་པའི་མིར་སློབ་གྲྭས་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་གཏན་འབེབས༽ ཀྱི་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ཡོད།