ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཟས་ལྷག་བཟས་ན་སྐྲན་ནད་ཕོག་སྲིད་དམ།<

2021-02-25 19:29:00     责编:卓玛才让

     ཁྱིམ་ཚང་མང་པོ་ཞིག་ལ་ཟས་ལྷག་དང་ཚལ་ལྷག་ཡོང་གི་ཡོད་པ་དང་། གྲོང་གསེབ་ཏུ་ལྷག་པར་མང་། ཟ་མ་ཐེངས་གཅིག་བཟོས་པ་ཐེངས་ཁ་ཤས་ལ་ཟ་རྒྱུ་ཡོད། གཡུགས་ན་ཕངས་སེམས་སྐྱེ་ཞིང་འབྲུ་རིགས་འཕྲོ་བརླག་བཏང་བ་ཞིག་ཀྱང་ཡིན། འོན་ཀྱང་ཉེ་བའི་ལོ་འགའི་ནང་། མི་མང་པོ་ཞིག་གིས་ཟས་ལྷག་བཟས་ན་ཡག་པོ་མེད་ཚུལ་དང་། ཐ་ན་ཟས་ལྷག་གིས་སྐྲན་ནད་སློང་བའི་སྐོར་ཤོད་ཀྱི་ཡོད།

ཚལ་ལྷག་དང་ཟས་ལྷག་གིས་དངོས་གནས་སྐྲན་ནད་སློང་སྲིད་དམ།

     དོན་དངོས་ཐོག་ཟས་ལྷག་དང་ཚལ་ལྷག་གིས་འབྲས་སྐྲན་སློང་བའི་གཏམ་བརྗོད་ཐོན་རྐྱེན་ནི་གཙོ་བོ་ཟེ་སྐྱུར་ཚྭ་ཕལ་པས་སྐྲན་ནད་སློང་བས་ཡིན། ཟེ་སྐྱུར་ཚྭ་ཕལ་པས་དངོས་གནས་འབྲས་སྐྲན་སློང་སྲིད་མོད། འོན་ཀྱང་ཟས་ལྷག་བཟས་ན་ངེས་པར་དུ་སྐྲན་ནད་སློང་བའི་ངེས་པ་མེད།

     ཚོད་ལྟ་ཤིག་ལས་གསལ་བཤད་ཐུབ་པ་ལྟར་ན། གལ་ཏེ་གསར་དུ་བཟོས་པའི་ཚལ་སྡེར་མ་གང་ཕར་སློག་ཚུར་སློག་མ་བྱས་པར་འཁྱགས་སྒམ་ནང་དུ་བཞག་ན། ཉིན་གཉིས་པར་དེའི་ནང་ཟེ་སྐྱུར་ཚྭ་ཕལ་པ་འདུས་ཚད་3 mg/kg ནས་7 mg/kgབར་མཐོ་རུ་འགྲོ་ཡི་ཡོད་མོད། ཚད་དེ་ནི་ཟེ་སྐྱུར་ཚྭ་ཕལ་པས་འབྲས་སྐྲན་སློང་བའི་རྒྱལ་ཁབ་ཀྱི་ཚད་ཐིག་ལས་ཧ་ཅང་གིས་དམའ་བ་ཡོད།

     དེས་ན་གནས་ཚུལ་དངོས་ནི་ཟས་ལྷག་གིས་འབྲས་སྐྲན་སློང་བའི་ངེས་པ་མེད་མོད། འོན་ཀྱང་བདེ་ཐང་ལ་ཕན་གྱི་མེད་པས་ཉུང་ཙམ་ཟ་ན་ལེགས་ཤིང་། ཟས་ལྷག་དང་ཚལ་ལྷག་ཉིན་གཉིས་ཡོལ་ན་མི་ཟ་བ་དང་། འཇོག་དུས་འཁྱགས་སྒམ་ནང་དུ་འཇོག་རྒྱུ་གལ་ཆེ།

ཟས་ལྷག་དང་ཚལ་ལྷག་གཙང་མ་དང་བདེ་འཇགས་ཡོང་བར་ཁག་ཐེག་བྱེད་ཆེད། ཚང་མས་གཤམ་གསལ་གྱི་དོན་འགར་ཡིད་གཟབ་བྱེད་དགོས།

(1ཐུར་མ་སོགས་ཡོ་བྱད་ཀྱིས་ཟས་ལྷག་དང་ཚལ་ལྷག་ཕར་སློག་ཚུར་སློག་མང་པོ་བྱེད་མི་རུང་།

(2)འཁྱགས་སྒམ་གྱི་དྲོད་ཚད་དམའ་བའི་ཁུལ་དུ་བཞག་ནས་སྔ་ཙམ་ཟ་ཚར་བར་བྱ་དགོས།

(3)ཟས་ལྷག་རིགས་ཕྱེ་ནས་ཐུམ་བརྒྱབ་སྟེ་འཇོག་དགོས། དེ་ལྟར་བྱས་ན་ཟས་ལྷག་ཕན་ཚུན་བར་བཙོག་སྐྱོན་མི་ཐེབས་ཤིང་བྲོ་བ་འགྱུར་མི་སྲིད། གཞན་ཡང་ཟས་ལྷག་མ་བཟའ་གོང་ལ་ངེས་པར་དུ་ཚ་པོ་བཟོ་དགོས། ཟས་ལྷག་ཟ་ཆོག་ཀྱང་མ་བཟའ་གོང་ངེས་པར་དུ་ཚ་པོ་ཚ་རྐྱང་བཟོ་དགོས། ག་ཙམ་བཟའ་ན་དེ་ཙམ་ཚ་པོ་བཟོ་བ་ལས་ཡང་དང་བསྐྱར་དུ་ཚ་པོ་བཟོ་མི་རུང་།

     དེར་བརྟེན། ཟས་ལྷག་ཟ་ཆོག་མོད། འོན་ཀྱང་དེ་ཚན་རིག་དང་མཐུན་ཞིང་བློ་སེམས་བདེ་ཆོག་པའི་སྒོ་ནས་ཟ་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག སྐལ་བཟང་བདེ་སྐྱིད།

ཡིག་སྒྱུར། བྱམས་མཚོ།

中央广播电视总台 央广网 版权所有

ཟས་ལྷག་བཟས་ན་སྐྲན་ནད་ཕོག་སྲིད་དམ།<

ཁྱིམ་ཚང་མང་པོ་ཞིག་ལ་ཟས་ལྷག་དང་ཚལ་ལྷག་ཡོང་གི་ཡོད་པ་དང་། གྲོང་གསེབ་ཏུ་ལྷག་པར་མང་།