ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

CNNགྱི་གཙོ་སྐྱོང་པ་སྐད་ཆ་བཤད་ཞོར་དུ་མིག་ཆུ་ཤོར་བ།

2021-02-25 11:12:00     责编:桑吉卓玛

       ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་22ཉིན། ཨ་རིར་ཏོག་གསར་གློ་ཚད་འགོས་ནས་ཚེ་ལས་འདས་པའི་མི་གྲངས་ལྔ་འབུམ་ལས་བརྒལ་ཡོད། ད་དུང་ནད་རྟགས་གཏན་འཁེལ་དང་ཚེ་འདས་ནད་དཔེ་མུ་མཐུད་ཇེ་མང་དུ་འགྲོ་བཞིན་ཡོད་པས། CNNགྱི་ལེ་ཚན་གཙོ་སྐྱོང་པ་ཁེ་ལཱར་ལེ་ཚན་གཙོ་སྐྱོང་བྱེད་སྐབས་མིག་ཆུ་ཤོར་ཡོད།

       ཁེ་ལཱར་གྱིས། ན་ནིང་། ཨ་རི་བ་ལྔ་འབུམ་གྱི་ཚེ་སྲོག་ཤོར་ཡོད། མ་གཞི་ང་ཚོས་ཁོང་ཚོ་ཚང་མ་ངོ་ཤེས་མི་སྲིད། ཡིན་ན་ཡང་ང་ཚོས་འདས་པོ་དེ་དག་བརྗེད་མི་རུང་ཞེས་བཤད་ཡོད།

 

       ཁེ་ལཱར་གྱིས་ལེ་ཚན་གཙོ་སྐྱོང་བྱེད་སྐབས་མིག་ཆུ་འབྱིད་པ།

 

       ཁོང་གིས་ལེ་ཚན་ནང་ནད་ཡམས་རྐྱེན་གྱིས་གཉེན་ཉེ་ཚེ་ལས་འདས་པའི་ཨ་རི་བ་དག་གི་ངུད་མོ་བྱེད་པའི་རྣམ་པ་མང་པོ་བསྟན་ཡོད་དེ། ལ་ལའི་ཆུང་མ་གྲོངས་པ་དང་། འགའ་རེའི་ཨ་མ་གྲོངས་པ། ཁ་ཤས་ཀྱི་ཁྱོ་ག་གྲོངས་ཡོད། 

       ཁེ་ལཱར་གྱིས་མིག་ཆུ་འབྱིད་ཙམ་བྱས་རྗེས་མུ་མཐུད་དུ། ངས་ཁྱེད་ཚོའི་གཏམ་རྒྱུད་མང་པོ་ཞིག་གོ་བྱུང་། ཁྱེད་ཚོ་ཧ་ཅང་ཐང་ཆད་དེ་འ་ཆད་འུ་ཐུག་ཏུ་གྱུར་པ་ཡང་ཤེས་ཀྱི་ཡོད། ནད་དཔེ་ཐོག་མ་སྙན་སེང་ཞུས་པ་ནས་ད་ལྟའི་བར་དུ་ལོ་གཅིག་ཕྱིན་ཟིན། ལོ་ངོ་གཅིག་གི་རིང་ལ། ལོགས་སུ་དབྱེ་བ་དང་སྡུག་བསྲན་ཅི་ཐེག་གིས་འཚོ་བ་འཁྱོལ་ཐབས་བྱས་པ། རང་ཉིད་ལ་ཚ་བ་རྒྱས་པའམ་གློ་ལུ་བྱེད་མིན་ལ་སེམས་ཁྲལ་བྱས་པ། ལས་མཚམས་བཞག་པ། རང་གིས་ཁྱིམ་དུ་བྱིས་པར་སློབ་ཁྲིད་བྱས་པ། རྟག་ཏུ་ཁྱིམ་མི་དག་ལ་ནད་དུག་ཕོག་ཨེ་འགྲོ་སྙམ་ནས་སྐྲག་སྣང་སྐྱེས་པ། རིམས་འགོག་སྨན་ཁབ་ཡོད་པ་ཤེས་ནའང་རང་གི་གཉེན་ཉེར་ད་དུང་རྒྱག་ཐུབ་ཀྱི་མེད་པ་སོགས་མང་པོ་ཞིག་བརྒྱུད་ཡོད་ཅེས་བཤད་ཡོད།

 

གཉེན་ཉེ་འདས་པའི་ཨ་རི་བས་ངུད་མོ་བྱེད་བཞིན་པ།

 

       ས་གནས་དེ་གའི་དུས་ཚོད་སྤྱི་ཚེས22ཉིན། ཨ་རིའི་ཙུང་ཐུང་པེ་ཏེང་དང་ཙུང་ཐུང་གཞོན་པ་ཧ་ལི་སི། དེ་བཞིན་ཁོང་གཉིས་ཀྱི་ཁྱིམ་མི་དག་གིས་ཕོ་བྲང་དཀར་པོར་ སྒྲོན་མེ་500བསྒྲོན་པའི་དཀྱིལ་དུ་ཏོག་གསར་ནད་དུག་ཕོག་ནས་འདས་པའི་འདས་པོ་ལྔ་འབུམ་ལ་ངག་བསྡམས་ནས་མྱ་ངན་ཞུས་པ་དང་། པེ་ཏེང་གིས་རྒྱལ་དར་ཕྱེད་ཀ་ཕབ་སྟེ་ཉིན་ལྔའི་རིང་མྱ་ངན་ཞུ་དགོས་པའི་བཀའ་རྒྱ་བཏང་ཡོད། ཁོང་གིས་དེའི་རྗེས་གཏམ་བཤད་སྤེལ་སྐབས། ངས་ཉིན་རྒྱུན་ཁུག་མའི་ནང་དུ་བཅུག་པའི་བྱང་བུ་ཆུང་ཆུང་འདི་ལ་ཐེངས་རེར་བལྟ་ཡི་ཡོད། བྱང་བུ་འདི་ངའི་ལས་རིམ་གྱི་ཐོ་ཡིག་དང་ལྷན་དུ་བཞག་ཡོད་ཅིང་། འདིའི་སྟེང་ཏོག་གསར་ནད་དུག་གི་གཏན་འཁེལ་ནད་དཔེ་དང་འདས་གྲོངས་མི་གྲངས་བྲིས་ཡོད། དེ་རིང་། ང་ཚོས་ཉམས་སད་དྲག་པོ་དང་མི་སེམས་གས་པར་བྱེད་པའི་ལམ་ཚད་རྡོ་རིང་ཞིག་ལ་བསུས་ཡོད་དེ། མི500071ཚེ་ལས་འདས་ཡོད། དེ་ནི་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ། ཝེ་ཐེ་ནམ་གྱི་དམག་འཁྲུག་བཅས་ཀྱི་ནང་གྲོངས་པའི་མི་གྲངས་ཀྱི་བསྡོམས་འབོར་ལས་ཀྱང་མང་བ་ཡོད་ཅེས་གསུངས་པ་དང་། པེ་ཏེང་གིས། རྒྱལ་ཁབ་ཅིག་གི་ངོས་ནས། ང་ཚོས་སྡུག་རྩུབ་ཆེ་བའི་ལས་དབང་འདི་འདྲ་ཞིག་དང་ལེན་བྱེད་མི་རུང་། མ་གཞི་ང་ཚོས་རིམས་ནད་འདི་དང་འཐབ་རྩོད་ཡུན་རིང་བྱས་ཡོད། འོན་ཀྱང་ང་ཚོས་ངེས་པར་དུ་ཚོར་མེད་དུ་མི་འགྱུར་བ་བྱེད་དགོས། ང་ཚོས་གསལ་བསྒྲགས་བྱས་པ་དེ་གྲངས་ཀ་ཙམ་དང་གསར་འགྱུར་ཙམ་དུ་ངོས་འཛིན་ནས་དེར་མཐོང་ཆེན་མི་བྱེད་པ་གཏན་ནས་བྱེད་མི་རུང་། ང་ཚོས་ངེས་པར་དུ་འདི་ལྟར་འདས་པོ་དག་ལ་མྱ་ངན་ཞུ་བ་དང་ཆབས་ཅིག གསོན་པོར་གནས་པ་དག་ལ་ཐུགས་ཁུར་བྱ་རྒྱུ་ཤིན་ཏུ་གལ་འགངས་ཆེ་ཞེས་ཁ་གསབ་ཀྱི་ཚུལ་དུ་གསུངས་ཡོད།  

 

       ཨ་རིའི་ཙུང་ཐུང་པེ་ཏེང་དང་ཙུང་ཐུང་གཞོན་པ་ཧ་ལི་སི་གཉིས་ཀྱིས་ཁྱིམ་མི་དང་ལྷན་དུ་ཕོ་བྲང་དཀར་པོར་ཏོག་གསར་ནད་དུག་ཕོག་ནས་འདས་པའི་འདས་པོ་ལྔ་འབུམ་ལ་མྱ་ངན་ཞུ་བ།

       ཨ་རིའི་ཡུའེ་ཧན་སི་ཧོ་ཕུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་གྲངས་གཞི་ལྟར་ན། པེ་ཅིང་གི་དུས་ཚོད་སྤྱི་ལོ2021ལོའི་ཟླ2པའི་ཚེས23ཉིན་གྱི་ཆུ་ཚོད5དང་སྐར་མ24བར་སླེབས་དུས། ཨ་རིར་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་དཔེ་རིམ་རྩིས་བྱས་ན28174133ཟིན་པ་དང་། འདས་གྲོངས་མི་གྲངས་རིམ་རྩིས་བྱས་ན500071ཟིན་ཡོད། འདས་ཟིན་པའི་ཆུ་ཚོད24ཡི་རིང་། ཨ་རིར་གཏན་འཁེལ་ནད་དཔེ49816མང་དུ་ཕྱིན་ཡོད་པ་དང་། འདས་གྲོངས་མི་གྲངས1285མང་དུ་ཕྱིན་ཡོད།     

       མི་འབོར་དུང་ཕྱུར3ལས་མེད་པའི་ཨ་རིར་མཚོན་ན། གོང་གསལ་གྱི་གྲངས་ཀ་དེ་དག་ལས་མངོན་པ་ནི། ཧ་ལམ་ཨ་རི་བ10ཡི་ནང་ནས་མི་གཅིག་ལ་ཏོག་གསར་ནད་དུག་ཕོག་ཡོད་པ་དང་། མི600ཡི་ནང་ནས་མི་གཅིག་གྲོངས་ཀྱི་ཡོད་པ་རེད། མིག་སྔར་གོ་ལ་ཧྲིལ་པོར་ཧ་ལམ་མི་ཁྲི247ཏོག་གསར་གློ་ཚད་རྐྱེན་གྱིས་གྲོངས་ཡོད་པ་དང་། དེ་དག་ལས་ལྔ་ཆ་གཅིག་ཨ་རི་ནས་ཡིན་པ་རེད། དོན་དེའི་ཐད། ཨ་རིའི་རྒྱལ་ཁབ་ཚོར་ལྷག་ནད་དང་འགོས་ནད་ཞིབ་འཇུག་ཁང་གི་འགོ་འཛིན་ཧྥུའུ་ཆིས། འདི་ནི་རྒྱལ་ཁབ་འདིའི་ལོ་རྒྱུས་སྟེང་གི་འཇིགས་སུ་རུང་བའི་དོན་རྐྱེན་གལ་ཆེན་ཞིག་རེད་ཅེས་སྨྲས་ཡོད།

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག སྐལ་བཟང་བདེ་སྐྱིད།

ཡིག་སྒྱུར། ཚེ་རྡོར།

中央广播电视总台 央广网 版权所有

CNNགྱི་གཙོ་སྐྱོང་པ་སྐད་ཆ་བཤད་ཞོར་དུ་མིག་ཆུ་ཤོར་བ།