ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ས་ཆ་མང་པོར་2021ལོའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་མཐོ་རུ་བཏང་འདུག

2021-02-25 11:11:00     责编:桑吉卓玛

       ཉེ་ཆར། ཅང་ཞི་དང་ཧའེ་ལུང་ཅང་། ཧྲའན་ཞི་སོགས་ཞིང་ཆེན་མང་པོས་སྤྱི་ལོ་2021ལོའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། སྤྱི་ལོ་2021ལོའི་ཟླ་4པའི་ཚེས་1ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱ་རྒྱུ་ཡིན་པ་རེད། ས་ཆ་ཁག་ཅིག་གིས་ཀྱང་ཇུས་གཞི་རབ་དང་རིམ་པ་བཏོན་ནས་གླ་ཕོགས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

       དེའི་ནང་ཅང་ཞི་ཞིང་ཆེན་གྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞིའི་རིགས་དང་པོའི་ས་ཁོངས་ལ་ཟླ་རེར་སྒོར་1680ནས་ཟླ་རེར་སྒོར་1850བར་སྤར་བ་དང་། རིགས་གཉིས་པའི་ས་ཁོངས་ལ་ཟླ་རེར་སྒོར་1580ནས་ཟླ་རེར་སྒོར་1730བར་སྤར་བ། རིགས་གསུམ་པའི་ས་ཁོངས་ལ་ཟླ་རེར་སྒོར་1470ནས་ཟླ་རེར་སྒོར་1610བར་སྤར་ཡོད་པ་རེད།

       ཧེ་ལུང་ཅང་ཞིང་ཆེན་གྱིས་ལེགས་སྒྲིག་བྱས་རྗེས་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་དེ་རིམ་པ་གསུམ་དུ་དབྱེ་བ་སྟེ། རིམ་པ་དང་པོ་ནི་སྒོར་1860དང་། རིམ་པ་གཉིས་པ་ནི་སྒོར་1610 རིམ་པ་གསུམ་པ་ནི་སྒོར་1450ཡིན་པ་རེད།

       གཞན་ཡང་ཧྲའན་ཞི་ཞིང་ཆེན་གྱིས་སྤྱི་ལོ་2021ལོའི་ཟླ་5ཚེས་1ཉིན་ནས་བཟུང་། གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། ད་རེས་ལེགས་སྒྲིག་བྱས་ཐེངས་ནང་སྒོར་150མང་དུ་བཏང་བ་དང་། རིགས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་དེ་ཁག་སོ་སོ་སྒོར་1800དང་། སྒོར་1700 སྒོར་1600བཅས་ནས་ཁག་སོ་སོར་སྒོར་1950དང་། སྒོར་1850 སྒོར་1750བར་ལེགས་སྒྲིག་བྱ་རྒྱུ་ཡིན་པ་རེད།

       གོང་གསལ་གྱི་ས་ཆ་དེ་དག་ཕུད། གཤམ་གྱི་ས་ཆ་ཁག་གིས་ཀྱང་ད་ལོར་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་ཞེས་ཁ་གསལ་བསྟན་ཡོད་དེ།

       ཅི་ལིན་ཞིང་ཆེན་གྱིས་སྤྱི་ལོ་2021ལོའི་སྲིད་གཞུང་ལས་དོན་སྙན་ཞུའི་ནང་ཞིང་ཆེན་ཡོངས་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱ་རྒྱུ་ཡིན་ཞིག་བསྟན་ཡོད།

       ཐེན་ཅིན་ཞིང་ཆེན་གྱིས་ཉེ་ཆར་༼སྤྱི་ལོ་2021ལོའི་གྲོང་ཁྱེར་སྲིད་གཞུང་གི་གཙོ་གནད་ལས་དོན་ཁག་ཏན་ཏིག་བསྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ་༽ཞེས་པ་བཏོན་ནས། གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱ་དགོས་ལུགས་ཁ་གསལ་བསྟན་པ་དང་།  ཁེ་ལས་ཀྱི་གླ་ཕོགས་མཛུབ་སྟོན་ཚད་ཐིག་ཁྱབ་བསྒྲགས་བྱས་ཏེ་ཁེ་ལས་ཀྱི་ལས་མིའི་གླ་ཕོགས་ལུགས་མཐུན་ངང་སྤོར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། 

       ཁྲེང་ཏུའུ་གྲོང་ཁྱེར་གྱིས་ཀྱང་ཉེ་ཆར་༼ཁྲེང་ཏུའུ་གྲོང་ཁྱེར་བདེ་སྐྱིད་ལྡན་པའི་འཚོ་བའི་རྣམ་གྲངས་ཆེ་གྲས་བཅུ་ལག་བསྟར་བྱེད་པའི་སྤྱི་ལོ་2021ལོའི་ལས་དོན་འཆར་འགོད་༽ཅེས་པ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་། སྤྱི་ལོ་2021ལོའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱ་རྒྱུ་ཡིན་པའི་སྐོར་ཁ་གསལ་བསྟན་ཞིང་། མི་ཤུགས་ཐོན་ཁུངས་ཁྲོམ་རའི་གླ་ཕོགས་ཀྱི་གོང་ཚད་དང་། ལས་རིགས་ཀྱི་མི་ཐབས་མ་གནས་ཆ་འཕྲིན། ཁེ་ལས་ཀྱི་གླ་ཕོགས་མཛུབ་ཁྲིད་ཚད་གཞི་བཅས་ཁྱབ་བསྒྲགས་བྱས་ཡོད་པ་རེད།

       མིག་སྔར། ཞིང་ཆེན་31ནང་། ཧྲང་ཧའེ་གྲོང་ཁྱེར་གྱི་ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་དེ་མཐོ་ཤོས་ཡིན་ཞིང་། ཟླ་རེར་སྒོར་2480ཟིན་གྱི་ཡོད་པ་དང་། ཧྲང་ཧའེ་དང་ཀོང་ཏུང་། པེ་ཅིང་། ཐེན་ཅིན། ཅང་སུའུ། ཀྲེ་ཅང་བཅས་ཞིང་ཁྱེར་དྲུག་གི་ཟླ་རེའི་མ་མཐའི་གླ་ཕོགས་ཚད་གཞི་སྒོར་2000ལས་བརྒལ་ཡོད་པ་རེད།

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 

ཞུ་དག ཟླ་བ་ཚེ་རིང་། 

ཡིག་སྒྱུར། བཀྲ་རྡོར།

中央广播电视总台 央广网 版权所有

ས་ཆ་མང་པོར་2021ལོའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་མཐོ་རུ་བཏང་འདུག