ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཟི་ལིང་དུ་ལམ་ངོས་རྡིབ་སྟེ་སྤྱི་སྤྱོད་རླངས་འཁོར་ཞིག་དོང་ནང་ལྷུངས།

2020-01-14 15:41:00     责编:卓玛才让

     ཟླ་1ཚེས་13ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5དང་སྐར་མ་30ཙམ་ལ་མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྲོང་དབུས་ཆུས་ཁྲོམ་གཞུང་ལྷོ་མའི་རྒྱ་གྲམ་དམར་པོའི་སྨན་ཁང་གི་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་ཀྱི་མདུན་དུ་གློ་བུར་དུ་རྒྱ་ཁྱོན་ཆེ་བའི་ལམ་ངོས་རྡིབ་པ་དང་། འགྲུལ་པར་སྒུག་པའི་སྤྱི་སྤྱོད་རླངས་འཁོར་ཞིག་གི་ཕྱེད་ཙམ་ས་དོང་ནང་ལྷུངས་པ་རེད།

 

 

 

     བརྙན་མིག་གི་པར་རིས་ལས་མངོན་པར། ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་སྐྱོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་བབས་ཚུགས་སུ་བསྡད་ཅིང་འགྲུལ་པ་རླངས་འཁོར་ནང་འཛུལ་བཞིན་ཡོད་པ་དང་། གློ་བུར་དུ་རླངས་འཁོར་གྱི་མདུན་ངོས་སུ་རྒྱ་ཁྱོན་ཆེ་བའི་ལམ་ངོས་བརྡིབས་པ་དང་། སྤྱི་སྤྱོད་རླངས་འཁོར་གྱི་མགོ་ས་དོང་ནང་དུ་ལྷུང་ཡོད། སྐར་ཆ་ཁ་ཤས་ལས་མ་འགོར་བར་ལམ་ངོས་བརྡིབས་པའི་རྒྱ་ཁྱོན་བབས་ཚུགས་ཀྱི་ཕྱོགས་སུ་ཆེ་རུ་ཕྱིན་པ་དང་ལམ་འགྲམ་གྱི་གློག་སྒྲོན་ཡང་གློ་བུར་དུ་འགྱེལ་ཡོད། ལམ་ངོས་བརྡིབས་པའི་ས་དོང་ནང་དུ་མེ་སྟག་འཕྱུར་བཞིན་ཡོད་པ་མ་ཟད་དུ་བ་སྟུག་པོ་འཕྱུར་བཞིན་ཡོད།

     ཚེས་14ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡི་བར་ཆུ་ཚོད་15རིང་འཚོལ་སྐྱོབ་ལས་དོན་སྤེལ་བ་བརྒྱུད་རྐྱེན་ལམ་དུ་ཤོར་བའི་མིའི་ཕུང་པོ་6གཅིག་རྗེས་གཉིས་མཐུད་ངང་རྙེད་པ་དང་ཐོབ་ཐང་ཆ་འཕྲིན་ཞིབ་བསྡུར་བྱེད་བཞིན་ཡོད་པ་རེད།

 

     དོན་རྐྱེན་ཐོན་རྗེས་ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་མར་རོགས་སྐྱོབ་ལས་དོན་སྤེལ་བ་དང་། འབར་རླངས་དང་། ཆུ་མཁོ་འདོན། གློག་མཁོ་འདོན་སོགས་སྡེ་ཚན་ལ་དུས་ཐོག་ཏུ་བརྡ་ཐོ་བཏང་ནས་སོལ་རླངས་དང་། ཆུ་དང་གློག་སོགས་མཚམས་འཇོག་པའི་བྱ་ཐབས་སྤྱད་དེ་ཡུལ་དངོས་ཀྱི་རོགས་སྐྱོབ་བདེ་བླག་ཡོང་བའི་འགན་ལེན་བྱས་པ་རེད།

     ཟླ་1ཚེས་14ཉིན་གྱི་ཐོ་རེངས་ཆུ་ཚོད་3དང་སྐར་མ་15ཐོག་མཚོ་སྔོན་ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་དང་ཟི་ལིང་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་མཉམ་འབྲེལ་ཐོག་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས། ཁྲོམ་གཞུང་ལྷོ་མའི་ཁྲང་ཁྲེན་སྨན་ཁང་གི་སྒོ་འགྲམ་གྱི་ལམ་ངོས་བརྡིབས་པའི་དོན་རྐྱེན་གྱི་འཕེལ་རིམ་གསར་ཤོས་བརྡ་ཁྱབ་བཏང་བ་རེད།

    ཟི་ལིང་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཙུའོ་ཤིས་ཧྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྐབས་དེ་དུས་བར་ཞིབ་དཔྱད་རགས་ཙམ་བྱས་པ་བརྒྱུད་དོན་རྐྱེན་ཁྲོད་འབྲེལ་ཆད་མི་གྲངས་2ནས་10བར་མང་དུ་ཕྱིན་ཡོད་པ་རེད། རོགས་སྐྱོབ་དང་རྩད་འཚོལ་སོགས་ཀྱི་ལས་དོན་སྔར་བཞིན་སྤེལ་བཞིན་ཡོད་འདུག

     མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་སྨན་ཁང་གིས་རྨས་མ་15ལ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། དེའི་ནང་གསར་དུ་ཐོན་པའི་རྨས་མ་གཉིས་ཁྱིམ་དུ་ལོག་རྗེས་མི་བདེ་བའི་ཚོར་སྣང་བྱུང་ནས་ནང་མི་དང་མཉམ་དུ་སྔ་རྗེས་སུ་སྨན་ཁང་དུ་བརྟག་དཔྱད་བྱེད་པར་བསྐྱོད་པ་རེད། མིག་སྔར་སྨན་ཁང་དུ་སྡོད་པའི་རྨས་མ་དང་སྨན་ཁང་དུ་བསྡད་ནས་བརྟག་དཔྱད་བཞིན་པའི་རྨས་མ་ཚང་མའི་གནས་ཚུལ་བརྟན་པོ་ཡོད་པ་རེད།

     མིག་སྔར་འཚོལ་སྐྱོབ་ལས་དོན་སྔར་བཞིན་སྤེལ་བཞིན་ཡོད་པ་དང་དོན་རྐྱེན་བྱུང་རྐྱེན་ལ་མུ་མཐུད་དུ་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

གནམ་གྲུ་བརྡབས་པའི་དོན་རྐྱེན་ནང་རྐྱེན་ལམ་ཤོར་མཁན་ལ་མྱ་ངན་ཞུས་པ།

ཟླ་1ཚེས་11ཉིན། དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་དུ། མང་ཚོགས་ཀྱིས་ཝུའུ་ཁོ་ལན་གྱི་འགྲིལ་སྐྱེལ་གནམ་གྲུ་ས་ལ་ལྷུངས་པའི་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་བཞིན་པ། ཝུའུ་ཁོ་ལན་རྒྱལ་སྤྱིའི་གནམ་གྲུ་ཀུང་སིའི་པའོ་དབྱིན་གནམ་གྲུ737-800ཚེས་8ཉིན་གྱི་སྔ་དྲོར་ཐེ་ཧེ་རན་ཧོ་མོན་ཉིང་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་ཝུའུ་ཁོ་ལན་གྱི་རྒྱལ་ས་ཅི་ཕུའུ་རུ་འཕུར་བ་རེད། ཡིན་ནའང་།

中央广播电视总台 央广网 版权所有

ཟི་ལིང་དུ་ལམ་ངོས་རྡིབ་སྟེ་སྤྱི་སྤྱོད་རླངས་འཁོར་ཞིག་དོང་ནང་ལྷུངས།

རྒྱ་གྲམ་དམར་པོའི་སྨན་ཁང་གི་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་ཀྱི་མདུན་དུ་གློ་བུར་དུ་རྒྱ་ཁྱོན་ཆེ་བའི་ལམ་ངོས་རྡིབ་པ་དང་།