ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཨ་རིས་དབྱི་རན་ལ་བཀག་སྡོམ་གསར་པ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ།

2020-01-13 17:59:00     责编:卓玛才让

     ཚེས་10ཉིན་ཨ་རིའི་ནོར་སྲིད་པུས་དབྱི་རན་གྱི་མཐོ་རིམ་དཔོན་རིགས་དང་གཏེར་ལས་ཀུང་སི་8སོགས་ལ་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ནས། དེ་གོང་དབྱི་རན་གྱིས་ཨ་རིའི་དམག་དཔུང་བཅའ་སྡོད་བྱས་པའི་དབྱི་རག་གི་དམག་དོན་རྟེན་གཞིར་འཕུར་མདེལ་འཇབ་རྒོལ་བྱས་པར་ཡ་ལན་སློག་ནས་དབྱི་རན་གྱི་མ་དངུལ་ཡོང་ཁུངས་སྔར་བས་ཉུང་དུ་བཏང་བ་རེད།

     ཨ་རིའི་ནོར་སྲིད་པུས་དེ་ཉིན་གསལ་བསྒྲགས་སྤེལ་ནས་བཀག་སྡོམ་བྱས་པའི་དབྱི་རན་གྱི་མཐོ་རིམ་དཔོན་རིགས་8ནང་དབྱི་རན་གྱི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཚོགས་འདུའི་དྲུང་ཡིག་ཨ་ལི·ཧྲ་མུའུ་ཧ་ཉི་དང་དབྱི་རན་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་མུའུ་ཧན་མོ་ཏེ·ལི་ས·ཨ་ཧྲི་ཏི་ཡ་ཉི་སོགས་ཚུད་ཡོད། ད་དུང་དབྱི་རན་གྱི་ལྕགས་རིགས་ཐོན་སྐྱེད་ཚོང་པ་དང་གཏེར་ལས་ཀུང་སི་17སོགས་དང་འབྲེལ་བ་ཡོད་པ་རེད།

     ཨ་རིའི་ནོར་སྲིད་པུའུ་ཀྲང་མུའུ་ནུའུ་ཆིན་གྱིས་དེ་ཉིན་ཕོ་བྲང་དཀར་པོའི་གསར་འགོད་པའི་ཚོགས་འདུའི་ཐོག་མཐོ་རིམ་དཔོན་རིགས་བཀག་སྡོམ་བྱས་པ་ཚང་མ་དེ་གོང་ཨ་རིའི་དམག་དཔུང་བཅའ་སྡོད་བྱས་པའི་དབྱི་རག་གི་དམག་དོན་རྟེན་གཞིར་འཇབ་རྒོལ་བྱེད་པའི་དོན་རྐྱེན་ནང་ཞུགས་པའི་དོགས་གཞི་ཡོད་པ་དང་། དབྱི་རན་གྱི་ལྕགས་རིགས་གཏེར་ལས་སོགས་བཀག་སྡོམ་ལག་བསྟར་བྱེད་པར་དབྱི་རན་སྲིད་གཞུང་གི་མ་དངུལ་ཡོང་ཁུངས་ཉུང་དུ་འགྲོ་སྲིད་ཅེས་བཤད་པ་རེད།

     ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ན། བཀག་སྡོམ་ཕོག་མཁན་ལ་ཨ་རིའི་མངའ་ཁོངས་སུ་ཡོད་པའི་རྒྱུ་ནོར་བསྡམས་བཅད་བྱ་རྒྱུ་ཡིན་པས་ཨ་རིའི་སྤྱི་དམངས་ཀྱིས་དེ་དང་ཉོ་ཚོང་བྱེད་མི་ཆོག

     ཕོ་བྲང་དཀར་པོས་ཚེས་10ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཙུང་ཐུང་ཐེ་རོན་ཕུས་ཉིན་དེར་སྲིད་འཛིན་བཀའ་རྒྱར་མིང་རྟགས་བཀོད་དེ་ནོར་སྲིད་པུས་ཨར་སྐྲུན་དང་། གཏེར་ལས། བཟོ་སྐྲུན་ལས་རིགས། འཁལ་འཐག་ལས་རིགས་བཅས་ཚུད་པའི་དབྱི་རན་གྱི་དཔལ་འབྱོར་ལས་རིགས་མང་པོར་བཀག་སྡོམ་བྱེད་དབང་སྤྲད་པ་རེད། གསལ་བསྒྲགས་ནང་། བྱ་སྤྱོད་དེའི་དམིགས་ཡུལ་ནི་དབྱི་རན་གྱིས་ཉིང་རྡུལ་རྣམ་གྲངས་འཕེལ་རྒྱས་གཏོང་བ་དང་། “འཇིགས་སྐུལ་རིང་ལུགས”ལ་རོགས་དངུལ་སྤྲོད་པ། “བསམ་ངན་བཅངས་ནས་ས་ཁུལ་ལ་ཤུགས་རྐྱེན་བཟོ་བའི”མ་དངུལ་ཡོང་ཁུངས་སྔར་བས་ཉུང་དུ་གཏོང་ཆེད་ཡིན་ཞེས་འཁོད་ཡོད།

     ཟླ་འདིའི་ཚེས་3ཉིན་དབྱི་རན་དབྱི་སི་ལམ་གསར་བརྗེའི་རུ་ཁག་ཁོངས་གཏོགས་ཀྱི“ཧྲེང་ཁྲེང་ལུའུ”ཡི་བཀོད་འདོམས་དཔོན་ཁ་ཤིས་མུའུ·སུའུ་ལའེ་མན་ཉི་དབྱི་རག་གི་པ་ཀ་ཏ་རྒྱལ་སྤྱིའི་གནམ་ཐང་གི་ཕྱི་རོལ་དུ་ཨ་རིའི་དམག་གི་མཁའ་རྒོལ་ཕོག་ནས་གྲོངས་པ་རེད། དབྱི་རན་གྱི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་ལམ་གསར་བརྗེའི་རུ་ཁག་གིས་ཚེས་8ཉིན་གྱི་ཐོ་རེངས་སུ་ཨ་རིའི་དམག་དཔུང་བཅའ་སྡོད་བྱས་པའི་དབྱི་རག་གི་དམག་དོན་རྟེན་གཞི་གཉིས་ལ་འཕུར་མདའ་བཅུ་གྲངས་འཕངས་ནས་འཁོན་ལན་སློག་ཡོད་པ་རེད། དེ་རྗེས་ཐེ་རོན་ཕུས་དབྱི་རན་གྱི་འཇབ་རྒོལ་གྱིས་ཨ་རི་ཕྱོགས་ཀྱི་མི་སྣ་ཤི་རྨས་བྱུང་མེད་པས་ཨ་རིས་དབྱི་རན་ལ་དཔལ་འབྱོར་བཀག་སྡོམ་གསར་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཨ་རིས་དབྱི་རན་ལ་བཀག་སྡོམ་གསར་པ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ།

ཚེས་10ཉིན་ཨ་རིའི་ནོར་སྲིད་པུས་དབྱི་རན་གྱི་མཐོ་རིམ་དཔོན་རིགས་དང་གཏེར་ལས་ཀུང་སི་8སོགས་ལ་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ནས།