ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ང་ཚོའི་ཆ་འཕྲིན་དྲ་ལམ་ན་གོང་དམའ་མོས་འཚོང་བཞིན་ཡོད་འདུག

2019-12-02 09:11:00     责编:卓玛才让

 

 

 

     ད་སྐབས་དངུལ་སྤྲོད་ལེན་དང་ཐོབ་ཐང་ངོས་འཛིན་སོགས་ལ་ངོ་པར་ཆ་འཕྲིན་བེད་སྤྱོད་འཐུས་ཤིང་། ངོ་པར་ཆ་འཕྲིན་ལ་ཡང་མཛུབ་རིས་དང་ཐོབ་ཐང་ལག་ཁྱེར་ལྟ་བུའི་ནུས་པ་ཡོད་མོད། མི་ཚོས་འདིའི་ཐད་ཀྱི་ཆ་འཕྲིན་བདེ་འཇགས་ལ་དོ་སྣང་ཆེར་འབྱུང་གིན་མེད། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན་དྲ་ཐོག་ན་ངོ་པར་ཆ་འཕྲིན་5000རེ་སྒོར་10བྱས་འཚོང་བཞིན་ཡོད་འདུག

ངོ་པར་ཆ་འཕྲིན་5000ལ་སྒོར་10ཡིན་འདུག

     གསར་འགོད་པས་ APP“ཀྲོན་ཀྲོན་”(转转)  ཞེས་པ་ཞིག་ཏུ་ངོ་པར་གྱི་སྐོར་འཚོལ་བཤེར་བྱས་པ་ན། ངོ་པར་བཟོ་ཐབས་སྐོར་གྱི་ཆ་འཕྲིན་ཕྱོགས་བསྒྲིགས་ཞེས་པ་ཞིག་རྙེད་ལ། དེའི་གསལ་བཤད་དུ་བདག་པོའི་མོས་མཐུན་བྱུང་མིན་ཅི་རིགས་ཀྱི་ངོ་པར་5000ལྷག་ཡོད་ཚུལ་བཀོད་འདུག་མོད། རིན་གོང་སྒོར་10ལས་དགོས་ཀྱི་མི་འདུག

     གསར་འགོད་པས་ཚོང་པ་དེ་ལ་ངོ་པར་དེ་དག་ལ་པར་བདག་གི་ཆོག་མཆན་ཐོབ་ཡོད་མེད་དྲིས་ཚེ། ཆོག་མཆན་ཐོབ་ཡོད་ན་གོང་ཁེ་པོ་འདི་འདྲ་ཡོད་མ་རེད་ཟེར། འདི་ལྟར། མི་ཚོའི་ཆོག་མཆན་མེད་པའི་ངོ་པར་མང་པོ་དྲ་ལམ་ན་ཡོངས་ཁྱབ་ཏུ་འཚོང་བཞིན་འདུག

     གསར་འགོད་པས་“མིག་མགྱོགས་” (快眼)ཞེས་པ་ཞིག་གིས་ངོ་པར་འཚོང་རྒྱུ་ཡོད་ཚུལ་གྱི་ཆ་འཕྲིན་མཐོང་བས། གནས་ཚུལ་རྒྱུས་ལོན་བྱས་པ་ན་དཔང་ཡིག་གི་ངོ་པར་གསལ་ཁ་ཅན་རེ་ལ་སྒོར་ཟུར་ལྔ་རེ་ཡིན་ཟེར། “རྐྱེན་བཞི་”(四要素)ཞེས་པ་ཞིག་གིས་བདག་པོའི་ངོ་པར་མ་ཟད། མིང་དང་ཐོབ་ཐང་དཔང་ཡིག་གི་པར། དངུལ་བྱང་ཨང་གྲངས། ཁ་པར་ཨང་གྲངས་བཅས་མཉམ་དུ་འཚོང་བཞིན་འདུག་ལ། མི་རེའི་ཆ་འཕྲིན་ཆ་ཚང་རེར་སྒོར་བཞི་རེ་ཡིན་ཟེར། ཆ་འཕྲིན་འདི་དག་ཡིད་རྟོན་དངུལ་བུན་ལེན་པ་དང་ཀུང་སི་ཐོ་འགོད་བྱེད་པ་སོགས་ལ་སྤྱོད་པའི་ཤས་ཆེ་བས་བདག་པོར་གྱོང་གུན་ཆེན་པོ་བཟོ་བའི་ཉེན་ཁ་ཧ་ཅང་ཆེ། 

APPམང་པོས་གན་རྒྱ་མེད་པར་ངོ་པར་ཆ་འཕྲིན་འཚོལ་བསྡུ་བྱེད་བཞིན་ཡོད།

     གསར་འགོད་པས་APPམང་པོས་གང་འདོད་དུ་མི་ཚོའི་ངོ་པར་ཆ་འཕྲིན་འཚོལ་སྡུད་བྱེད་བཞིན་པ་ཤེས་རྟོགས་བྱུང་འདུག་སྟེ། དཔེར་ན་“ངོ་གདོང་གདེང་འཇོག་”ཅེས་པ་དང་“དཔང་ཡིག་གི་པར་རང་འདོད་དུ་ལེན་པ་”ཞེས་པའི་APPཡིས་གན་རྒྱ་ཅི་མང་མེད་པར་ངོ་པར་ཆ་འཕྲིན་འཚོལ་སྡུད་བྱེད་བཞིན་ཡོད་འདུག

     “ཡག་འགྲན་”ཞེས་པའི་བེད་སྤྱོད་དོན་ཚན་དུ། སྤྱོད་མཁན་གྱིས་APPནང་སྤེལ་བའི་པར་ཡོད་ཚད་ཀྱི་བདག་དབང་APPབཟོ་མཁན་ལ་དབང་ཞིང་། APPབཟོ་མཁན་གྱིས་འཛམ་གླིང་ཡོངས་སུ་དུས་ཡུན་རིང་བོར་སྤྱད་ཆོག་ལ། པར་བདག་གིས་སྤྱོད་དབང་ཕྱིར་འཐེན་བྱས་མི་ཆོག་ཅེས་བཀོད་འདུག

     ཆེད་མཁས་པས་འདི་རིགས་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་ཡིན་ཟེར། ད་ལོའི་ཟླ་8པའི་ནང་དྲ་ལམ་ན་རྒྱུགས་ཆེ་བའི་མཉེན་ཆས་“ZAO”ཞེས་པ་ཞིག་གིས་ཁྲིམས་འགལ་གྱིས་གཞན་གྱི་ངོ་པར་བེད་སྤྱོད་བྱས་པ་སོགས་ཀྱི་དབང་གིས་བཟོ་འཕྲིན་པུའུ་ཡིས་ཉེན་བརྡ་བཏང་ཡོད་འདུག

ནང་དུ་འཛུལ་བར་ངོ་པར་དགོས་པས་སྲོག་ཆགས་གླིང་ཀ་ཞུ་གཏུག་བྱས་པ།

     ཆ་འཕྲིན་ཅན་དུ་གྱུར་དང་འགྱུར་བཞིན་ཡོད་པས་ན། མི་ཚོའི་བདེ་འཇགས་ཀྱི་འདུ་ཤེས་ཀྱང་ཇེ་དྲག་ཏུ་འགྲོ་བཞིན་ཡོད། ཉེ་ལམ་ཧང་ཀྲོའུ་རུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཀུའོ་པིང་ཞེས་པ་ཞིག་གིས་སྲོག་ཆགས་གླིང་ཀར་འཛུལ་བར་ངོ་པར་ལེན་དགོས་པར་མ་མོས་ཏེ་གླིང་ཀ་དེ་ཉིད་ཁྲིམས་ཁང་ལ་གཏུགས་ཡོད་འདུག་ལ། འདི་འཛད་སྤྱོད་པས་ངོ་པར་སྐོར་ཞུ་གཏུག་བྱས་པའི་གྱོད་དོན་ཐོག་མ་ཡིན་པར་བཤད།

     ཧང་ཀྲོའུ་སྲོག་ཆགས་གླིང་ཀར་ལོ་བྱང་བཟུང་ནས་འཛུལ་བར་ངོ་པར་ལེན་དགོས། དགེ་རྒན་འདིས་ད་ལོའི་ཟླ་4པའི་ནང་མཛུབ་རིས་ནང་འཇུག་བྱས་ནས་གླིང་ཀའི་ལོ་བྱང་བཟོས་ལ། ཟླ་10པའི་ཚེས་17ཉིན་མ་ལག་རིམ་སྤར་བྱས་པས་ངོ་པར་མ་བླངས་ན་བྱང་བུ་རྩིས་འགྲོ་མེད་པར་ཆགས་ངེས་ཚུལ་གྱི་བརྡ་ཐོག་སྤེལ། སྲོག་ཆགས་གླིང་ཀའི་ཕྱོགས་ནས་འདི་ནི་འཛད་སྤྱོད་པར་སྟབས་བདེ་སྐྲུན་པར་དམིགས་པ་ཡིན་ཟེར།

     ཀུའོ་པིང་གིས་སྲོག་ཆགས་གླིང་ཀས་འཛད་སྤྱོད་པའི་མོས་མཐུན་ཐོབ་ཐབས་དང་བྱེད་དགོས་པར་མ་ཟད། འཛད་སྤྱོད་པར་དེ་བེད་སྤྱོད་བྱེད་པའི་དམིགས་ཡུལ་དང་ཉེན་ཁ་སོགས་ཤེས་སུ་འཇུག་དགོས་པར་འདོད། ཀུའོ་པིང་གིས་ངོ་པར་ཆ་འཕྲིན་ནི་མི་སྒེར་གྱི་གསང་བ་ཡིན་ལ། ཕྱིར་གྱམ་ན་མི་ལུས་དང་རྒྱུ་ནོར་ལ་གནོད་པ་ཐེབས་པའི་ཉེན་ཁ་ཆེར་བར་འདོད།

     ཁོས་སྲོག་ཆགས་གླིང་ཀར་ལོ་བྱང་གི་དངུལ་ཕྱིར་སློག་དགོས་པའི་རེ་བ་བཏོན་མོད་གྲོས་མཐུན་མ་བྱུང་། 2019ལོའི་ཟླ་10པའི་ཚེས་28ཉིན་ཁོས་སྲོག་ཆགས་གླིང་ཀ་ཁྲིམས་ཁང་ལ་ཞུ་གཏུག་བྱས་ལ། ཁྲིམས་ཁང་དེ་གས་གྱོད་དོན་འདི་དང་ལེན་བྱ་རྒྱུར་ཐག་གིས་བཅད་ཡོད་འདུག

ངོ་པར་ལེན་དབང་སུ་ལ་ཡོད་མིན་གྱི་གསལ་བཤད་དགོས་འདུག

     ཀུའོ་པིང་གི་གཏུག་ཡིག་གིས་གནད་དོན་འདི་ཀུན་གྱི་མིག་སྔར་བསྟར་བ་རེད། དེ་ན་ངོ་པར་ཆ་འཕྲིན་བསྡུ་དབང་སུ་ལ་ཡོད་དམ།

     ཀྲུང་དབྱང་སྲིད་ཁྲིམས་སློབ་ཆེན་གྱི་ཁྱབ་སྒྲོག་བཅའ་ཁྲིམས་ཞིབ་འཇུག་ལྟེ་གནས་གྱི་ཀྲུའུ་རེན་གཞོན་པ་ཀྲུའུ་ཝེ་ཡིས་མིག་སྔར་ངོ་པར་ཆ་འཕྲིན་བསྡུ་དབང་སྐོར་གྱི་ཁྲིམས་ལུགས་ཞིབ་ཆ་བཟོས་མེད་ཚུལ་བསྟན། གནད་དོན་འདིའི་སྐོར་གྱི་ཁྲིམས་ལུགས་ཁ་གསལ་བཟོས་ཏེ། ཚོང་པ་སོགས་ཀྱིས་ངོ་པར་ཆ་འཕྲིན་གང་འདོད་དུ་བསྡུ་ལེན་བྱེད་པའི་གནས་ཚུལ་མི་འབྱུང་ཐབས་བྱེད་པའི་རེ་བ་འཆིང་བཞིན་ཡོད་དོ། །

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

སྒྲིག་སྒྱུར། བསྟན་རྒྱམ།

中央广播电视总台 央广网 版权所有

ང་ཚོའི་ཆ་འཕྲིན་དྲ་ལམ་ན་གོང་དམའ་མོས་འཚོང་བཞིན་ཡོད་འདུག

ད་སྐབས་དངུལ་སྤྲོད་ལེན་དང་ཐོབ་ཐང་ངོས་འཛིན་སོགས་ལ་ངོ་པར་ཆ་འཕྲིན་བེད་སྤྱོད་འཐུས་ཤིང་།