ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཁོར་སྲོག་ཁྲིམས་བཅད།

2019-12-01 18:26:00     责编:卓玛才让

     2019ལོའི་ཟླ་11པའི་ཚེས་29ཉིན། ཅང་ཞི་ཞིང་ཆེན་ཧྲང་རའོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ར་འཚོགས་ནས་ཝང་ཆེ་གེ་མོས་རྐང་བཙུགས་ནས་མི་བསད་པའི་གྱོད་གཞིའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཤིང་། ཞུ་སྦྱོར་ཕྱི་མ་ཝང་ཆེ་གེ་མོས་རྐང་བཙུགས་ནས་མི་བསད་པའི་ནག་ཉེས་བསགས་པས་སྲོག་ཆད་བཅད་པ་དང་ཆབ་སྲིད་ཀྱི་ཁེ་དབང་ཚེ་གང་འཕྲོག་རྒྱུའི་ཁྲིམས་ཐག་བཅད་པ་རེད།

བཅད་ཁྲ་ཁྱབ་བསྒྲགས་བྱ་ཡུལ་དངོས།

ཞིབ་གཅོད་བྱས་པ་བརྒྱུད་རྩད་ཆོད་བྱུང་བ་གཤམ་གསལ།

     ཞུ་སྦྱོར་ཕྱི་མ་ཝང་ཆེ་གེ་མོའི་བུ་མོ་ཧོ་ཆེ་གེ་མོ(2010ལོའི་ཟླ་8པར་སྐྱེས)དང་གནོད་འཚེ་ཕོག་མཁན་ལིའུ་ཆེ་གེ་མོ(2010ལོའི་ཟླ་2པར་སྐྱེས་ཤིང་། ལོ་9ཡིན།)གཉིས་ནི་ཧྲང་རའོ་གྲོང་ཁྱེར་གྱི་སློབ་ཆུང་ལྔ་པའི་ལོ་རིམ་གསུམ་པའི་འཛིན་གྲྭ་དང་པོའི་སློབ་གྲོགས་ཡིན།

2019ལོའི་ཟླ་5བའི་ཚེས་9ཉིན།

     ཕྱི་དྲོ་ཧོ་ཆེ་གེ་མོ་སློབ་གྲྭ་གྲོལ་ནས་ཁྱིམ་དུ་ལོག་རྗེས་ཨ་ཕ་ཝང་ཆེ་གེ་མོར་སློབ་གྲྭ་ནས་ཁོ་མོར་ལིའུ་ཆེ་གེ་མོས་ཐུབ་ཚོད་བྱས་བྱུང་ཞེས་བཤད། ཝང་ཆེ་གེ་མོས་ཤེས་རྗེས། ལོ་རིམ་གསུམ་པའི་འཛིན་གྲྭ(༡)པོའི་སྐད་འཕྲིན་ཚོགས་པའི་ནང་དུ་དོན་དག་དེ་གླེང་།

     དེ་རྗེས་འཛིན་བདག་བང་ཆེ་གེ་མོ་དང་ལིའུ་ཆེ་གེ་མོའི་ཨ་ཕ་གཉིས་ཀས་དེའི་ཐད་ལ་དགོངས་དག་ཞུས་ཤིང་། ལིའུ་ཆེ་གེ་མོས་ཝང་ཆེ་གེ་མོའི་ཆུང་མ་ཧོ་ཆེ་གེ་མོའི་སྐད་འཕྲིན་བསྣན་ནས་འབྲེལ་གཏུག་བྱས།

     ཉིན་དེར། འཛིན་བདག་བང་ཆེ་གེ་མོས་ཧོ་ཆེ་གེ་མོའི་ཁ་པར་ལས་ཝང་ཆེ་གེ་མོ་གཤིས་ཀ་མི་བཟང་བ་ཤེས་རྗེས། ལིའུ་ཆེ་གེ་མོའི་ཕ་མ་གཉིས་ལ་ཁ་པར་བཏང་ནས་སྔོན་ལ་ཝང་ཆེ་གེ་མོ་ལ་འབྲེལ་གཏུག་མ་བྱེད་ཅེས་བཤད་པ་དང་། ཁོས་སློབ་མ་གཉིས་ཀྱི་སྡོད་གནས་བརྗེས་ཏེ་དོན་དག་ཐག་གཅོད་ལེགས་པོ་བྱེད་ངེས་ཡིན་ཞེས་བཤད།

ཕྱི་ཉིན་སྔ་དྲོ།

     ཆུ་ཚོད་7དང་སྐར་མ་40ཙམ་ལ་ལིའུ་ཆེ་གེ་མོས་བུ་ཆུང་སློབ་གྲྭར་བསྐྱལ་རྗེས་རྐང་འཁོར་བཞོན་ནས་ལས་ཀར་སོང་། ཆུ་ཚོད་7དང་སྐར་མ་50ནས་ཆུ་ཚོད་9བའི་བར་དུ་ལིའུ་ཆེ་གེ་མོས་ཝང་ཆེ་གེ་མོའི་ཆུང་མ་དང་སྐད་འཕྲིན་གྱི་འབྲེལ་བ་བྱས་ནས་དོན་དག་དེ་ཐག་གཅོད་ཡག་པོ་བྱེད་བཞིན་ཡོད་(ལིའུ་ཆེ་གེ་མོས་ཝང་ཆེ་གེ་མོའི་ཆུང་མ་ལ་དགོངས་དག་ཞུས་ཤིང་། འཛིན་བདག་བང་ལགས་ཀྱིས་ཀྱང་སློབ་མ་གཉིས་ཀྱི་སྡོད་གནས་བརྗེ་རྒྱུ་ཁས་བླངས་ཡོད)ཅེས་བཤད།

     ཆུ་ཚོད་8དང་སྐར་མ་22ཙམ་ལ་ཝང་ཆེ་གེ་མོས་ཧོ་ཆེ་གེ་མོ་ཧྲང་རའོ་གྲོང་ཁྱེར་གྱི་སློབ་ཆུང་ལྔ་བར་བསྐྱལ་བ་ན། སློབ་གྲྭའི་སྒོ་འགྲམ་ནས་ལིའུ་ཆེ་གེ་མོའི་ཁྱིམ་བདག་ལ་སྒུག་ཀྱང་མཐོང་རྒྱུ་མ་བྱུང་བས་ཁོང་ཁྲོ་ཆེན་པོ་སྐྱེས། བཟའ་ཟླ་ཧོ་ཆེ་གེ་མོས་ཁ་པར་ལམ་ནས་དོན་དག་ཐག་གཅོད་བྱས་ཡོད་པས་བུ་མོ་སློབ་ཁྲིད་དུ་ཐོངས་ཞེས་བཤད་ནའང་། ཝང་ཆེ་གེ་མོས་བུ་མོ་ཕྱིར་ཁྱིམ་དུ་ཁྲིད་ཅིང་ལམ་བར་ནས་གྲི་ཞིག་ཉོས།

     ཆུ་ཚོད་9དང་སྐར་མ་12ཡོལ་ཙམ་ལ། ཝང་ཆེ་གེ་མོས་གྲི་ཁྱེར་ཏེ་ཧྲང་རའོ་གྲོང་ཁྱེར་གྱི་སློབ་ཆུང་ལྔ་པར་ཕྱིར་ལོག་ནས་ལོ་རིམ་གསུམ་པའི་དགེ་རྒན་གྱི་གཞུང་ལས་ཁང་དུ་ཡོང་བ་ན། ཁོའི་ཆུང་མ་ཧོ་ཆེ་གེ་མོ་དང་དགེ་རྒན་བང་ལགས་གཉིས་ཀྱིས་གླེང་མོལ་བྱེད་བཞིན་ཡོད་པ་ལས། ལིའུ་ཆེ་གེ་མོའི་ཕ་མ་མ་མཐོང་བས་ཐད་ཀར་ལོ་རིམ་གསུམ་པའི་འཛིན་གྲྭ(1)དང་པོའི་སློབ་ཁང་དུ་བརྒྱུགས་ནས། སྡོད་གནས་བརྗེས་ཏེ་ཁེར་རྐྱང་དུ་སློབ་ཁང་གི་ཆེས་མཇུག་མར་བསྡད་ནས་སློབ་ཁྲིད་ཉན་བཞིན་པའི་སློབ་གྲོགས་ལིའུ་ཆེ་གེ་མོའི་བྲང་ཁ་དང་། རྐུབ་དཔྱི། རྐང་ལག་བཞི་སོགས་ཀྱི་གནས་སུ་བསྟུད་མར་གྲི་བཅུ་ལྷག་གཙགས་པ་དང་། དེ་ནས་ཐང་དུ་འགྱེལ་བའི་ལིའུ་ཆེ་གེ་མོ་སློབ་ཁང་ནས་ཕྱིར་དྲུད་དེ་བར་ཁྱམས་སུ་གཡུགས།

     སློབ་གྲོགས་ལིའུ་ཆེ་གེ་མོར་གྲུས་བསྣུན་རྗེས་ཡུལ་དངོས་སུ་ཡོང་བའི་སྨན་པས་བརྟག་དཔྱད་བྱས་པ་ན་དབུགས་ཆད་འདུག་པ་རེད། དེའི་རྗེས་སུ་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱས་ཀྱང་ཕན་མ་ཐོགས་པར་ཚེ་ལས་འདས། གྱོད་གཞི་བྱུང་རྗེས་དགེ་རྒན་བང་ལགས་སོགས་ཀྱིས་སྔ་རྗེས་སུ་110ལ་ཉེན་བརྡ་གཏོང་བའི་ཁ་པར་བརྒྱབ་པ་རེད། ཝང་ཆེ་གེ་མོས་མི་གཞན་པས་ཉེན་བརྡ་བཏང་ཡོད་པ་ཤེས་བཞིན་དུ་གྲི་ལག་ཏུ་བཟུང་ནས་སློབ་གྲྭའི་ལུས་རྩལ་ཐང་གི་འགྲམ་དུ་བསྡད། སྤྱི་བདེའི་མི་དམངས་ཉེན་རྟོག་པ་དེ་གར་སླེབས་རྗེས་ཁོ་རང་འཛིན་བཟུང་བྱས་པ་རེད།

ཧྲང་རའོ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ངོས་འཛིན་བྱས་དོན།

     ཞུ་སྦྱོར་ཕྱི་མ་ཝང་ཆེ་གེ་མོས་བུ་མོ་དང་ན་མཉམ་སློབ་གྲོགས་བར་གྱི་འབྲེལ་བའི་གནད་དོན་ཐག་གཅོད་ཡང་དག་བྱེད་མི་ཐུབ་པ་དང་། ཁོ་རང་ཉིད་ཀྱི་སེམས་ནང་དུ་བུ་མོར་སློབ་གྲོགས་ལིའུ་ཆེ་གེ་མོས་བརྙས་བཅོས་བྱས་འདུག་སྙམ་ནས། ལིའུ་ཆེ་གེ་མོ་བསད་དེ་འཁོན་ལན་སློག་འདོད་སྐྱེས་པས། གྲི་བཟུང་ནས་ལོ་9ལས་སོན་མེད་པའི་གནོད་འཚེ་ཕོག་མཁན་ལིའུ་ཆེ་གེ་མོ་བསད་པ་དང་། ཁོང་གི་བྱ་སྤྱོད་དེས་བསམ་བཞིན་དུ་མི་བསད་པའི་ནག་ཉེས་བསགས་ཡོད་པ་རེད།

     བྱས་ཉེས་བསགས་རྗེས་རང་འགུལ་གྱིས་བྱས་ཉེས་ཞུས་པ་དང་། རང་ཉིད་ཀྱི་བྱས་ཉེས་ཇི་བཞིན་ངོས་ལེན་ཞུས་པས་བྱས་ཉེས་རང་ཞུ་བྱས་པར་བརྩི། ཞུ་སྦྱོར་ཕྱི་མ་ཝང་ཆེ་གེ་མོས་བསམ་བཞིན་དུ་མི་བསད་པའི་བྱས་ཉེས་བསགས་པའི་རང་སྣང་ཤིན་ཏུ་ཟབ་པ་དང་། བྱེད་ཐབས་གདུག་རྩུབ་ཤིན་ཏུ་ཆེ་བ། ཉེས་ཚབས་ཤིན་ཏུ་ཆེ་བ། མཇུག་འབྲས་ཧ་ཅང་ཚབས་ཆེ་བ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་དང་གནོད་འཚེ་ཤིན་ཏུ་ཆེ་བ། བྱས་ཉེས་ཤིན་ཏུ་ཚབས་ཆེ་བ། གནོད་འཚེ་ཕོག་མཁན་ཕྱོགས་ཀྱི་བསམ་ཤེས་ཐོབ་མེད་པས། རང་ཉེས་རང་ཞུའི་གནས་ཚུལ་ཡོད་ཀྱང་ཁྲིམས་ལྟར་ཉེས་ཆད་ཡང་མོ་གཅོད་མི་ཐུབ་ཅེས་ཁྲིམས་ཁང་གིས་གོང་གསལ་གྱི་དཔྱད་མཚམས་བཏང་བ་རེད།

     འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་རྗེས། ཞུ་སྦྱོར་ཕྱི་མ་བ་ཝང་མུང་ཅན་ཀྱིས་དེ་མ་ཐག་ཁྲིམས་གཅོད་ལ་འཐད་ཅིང་གོང་གཏུག་མི་བྱེད་ཅེས་བརྗོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

སྒྲིག་སྒྱུར། སྐྱབས་པོ།

中央广播电视总台 央广网 版权所有

ཁོར་སྲོག་ཁྲིམས་བཅད།

མི་བསད་པའི་ནག་ཉེས་བསགས་པས་སྲོག་ཆད་བཅད་པ་དང་ཆབ་སྲིད་ཀྱི་ཁེ་དབང་ཚེ་གང་འཕྲོག་རྒྱུའི་ཁྲིམས་ཐག་བཅད་པ་རེད།