ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

མཚོ་སྔོན་གྱི“རྒྱལ་ལམ109ཡི་བེམ་རོ་སྦས་པའི་གྱོད་གཞི”ཁྱབ་བསྒྲཊ་བྱས།

2019-12-01 18:24:00     责编:卓玛才让

རྒྱལ་ཡོངས་ནག་སེལ་གཞུང་ལས་ཁང་གིས་ཡང་བསྐྱར“བེམ་རོ་སྦས་པའི་གྱོད་གཞི”ཞིག་གསར་བསྒྲགས་བྱས་འདུག

     ཧུའུ་ནན་ཤིན་ཧོང་གི“ལུས་རྩལ་ཐང་དུ་བེམ་རོ་སྦས་པའི་གྱོད་གཞི”རྩད་ཆོད་གསལ་པོ་བྱུང་རྗེས་ཁ་སང་རྒྱལ་ཡོངས་ནག་སེལ་གཞུང་ལས་ཁང་གིས་མཚོ་སྔོན་གྱི“རྒྱལ་ལམ109ཡི་བེམ་རོ་སྦས་པའི་གྱོད་གཞི”ཐོག་མར་ཁྱབ་བསྒྲགས་བྱས་པ་དང་མི61འཛིན་བཟུང་བྱས་ཡོད་པ་བསྒྲགས།

    དྲ་ལམ་དུ་སྤེལ་བའི་གནས་ཚུལ་ལྟར་ན། གྱོད་གཞི་འདི་ནི་ལོ་ངོ་17ཡར་སྔོན་དུ་བྱུང་བ་དང་། གནོད་འཚེ་ཕོག་མཁན་གྱི་མིང་ལ་མཱ་ཧྲེང་ཀྲེན་ཟེར་བ་དང་། ཉེས་ཅན་གཙོ་བོའི་མིང་ལ་མཱ་ཁྲེང་དང་མཚང་མིང་ལ་ཡ་པན་ཟེར། མི་དེ་ད་ལོའི་ཟླ་6པར་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱར་བ་རེད། 

མཱ་ཁྲེང་།

     ཟླ11པའི་ཚེས29ཉིན། རྒྱལ་ཡོངས་ནག་སེལ་གཞུང་ལས་ཁང་གིས་པེ་ཅིང་དུ་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་ཀྱི་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི “ཕྱིར་མིག་ལྟ་བའི”སྙན་ཞུ་ཚོགས་འདུ་འཚོགས་ཤིང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་དྲུང་ཡིག་ཆེན་མོའམ་རྒྱལ་ཡོངས་ནག་སེལ་གཞུང་དོན་ཁང་གི་ཀྲུའུ་རེན་ཁྲེན་དབྱི་ཤིན་གྱིས་གནས་ཚུལ་གསར་པ་གཉིས་ཁྱབ་བསྒྲགས་བྱས་པ་སྟེ། 

     ཧའར་པིན་ཧུའུ་ལན་གྱི་གྱོད་གཞིའི་ཁྲོད“སྲུང་གདུགས”མི་30ལྷག་འཛིན་བཟུང་བྱས་ཡོད་པ་དང་། ཧུའུ་ལན་ས་ཁུལ་གྱི་ཡུས་དང་དབྱང་། ཝང་། ཏུང་བཅས“ཁྱིམ་རྒྱུད་ཆེན་པོ་བཞི”ཡིས་ས་གནས་དེ་གའི་དྲོད་རླངས་མཁོ་འདོན་དང་ས་ཁང་བདག་ཁོངས་སོགས་ཁྱབ་ཁོངས་མང་པོ་དུས་ཡུན་རིང་པོར་སྒེར་སྡེམ་བྱས་ཏེ། གྱོད་འབྲེལ་རྒྱུ་ནོར་སྒོར་དུང་ཕྱུར་200ལྷག་གཡོ་ལེན་བྱས་པ་རྩད་ཆོད་པ་དང་། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་བཞི་པ་ཧུའུ་ལན་དུ་བསྐྱོད་དེ། ཁུལ་ཨུད་ཀྱི་ཧྲུའུ་ཅི་དང་ཁུལ་གཙོ་བཅས་སྲུང་གདུགས་མི་14མེད་པར་བཟོ་རྒྱུར་སྐུལ་འདེད་བཏང་བ་དང་། “ཕྱིར་མིག་ལྟ་བའི”རིང་སླར་ཡང“སྲུང་གདུགས་”མི་16སྔོག་འདོན་འཛིན་བཟུང་བྱས།

     མཚོ་སྔོན་གྱིས“རྒྱལ་ལམ་109ཡི་ཉི་ཟླ་རི་བོར་བེམ་རོ་སྦས་པའི་གྱོད་གཞི”རྩད་ཆོད་པ་དང་། ཟི་ལིང་མཱ་ཁྲེང་ནག་འབྲེལ་རྩ་འཛུགས་ཀྱིས་2002ལོར་མ་ཧྲེང་ཀྲེན་བཙན་ཁྲིད་བྱས་ནས་བསད་པ་དང་། བེམ་རོ་རྒྱལ་ལམ་109ཡི་ཉི་ཟླ་རི་བོའི་ཉེ་འགྲམ་དུ་སྦས་པ་རེད། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་18པས“ཕྱིར་མིག་ལྟ་བའི”སྐུལ་འདེད་འོག་གྱོད་གཞི་དེ་རྩད་ཆོད་ཐུབ་པ་དང་།  གནོད་འཚེ་ཕོག་མཁན་གྱི་ཀེང་རུས་རྙེད་ཟིན་པ་མ་ཟད། ཉེས་གསོག་ཉེས་ཅན་མི་61འཛིན་བཟུང་བྱས་ཡོད། 

     ཡོངས་བསྒྲགས་ཀྱི་ཡིག་ཆ་ལས་མངོན་པ་ལྟར་ན། ཉི་ཟླ་རི་བོ་ནི་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་གི་ལྷོ་ནུབ་ཏུ་གནས་ཤིང་། དེ་ནི་མཚོ་བོད་མཐོ་སྒང་དུ་བསྐྱོད་སྐབས་ངེས་པར་དུ་བརྒྱུད་དགོས་པའི་ས་གནས་ཞིག་རེད། རྒྱལ་ལམ109ཡི་མཚོ་བོད་གཞུང་ལམ་འགྲམ་གྱི་ཉི་ཟླ་རི་བོ་ནི་རྒྱ་མཚོའི་ངོས་ནས་མཐོ་ཚད་ལ་སྨི་3520ཡོད།   དེ་ནི་མཚོ་སྔོན་པོའི་ཤར་རྒྱུད་ཀྱི་རང་བྱུང་ཆུ་རགས་ཤིག་རེད། 

ཉི་ཟླ་རི་བོའི་གནས་ཡུལ་གྱི་མཚོན་རིས།

     གསར་འགྱུར་དུ་སྤེལ་བའི་གནས་ཚུལ་ལྟར་ན། “རྒྱལ་ལམ་109ཡི་བེམ་རོ་སྦས་པའི་གྱོད་གཞིའི”ཉེས་ཅན་མཱ་ཁྲེང་ངམ་མཚང་མིང་ལ་ཡ་པན་ཟེར་བ་ནི་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་ཏ་ཚའེ་ཤང་མཚོ་ལུང་གྲོང་ཚོ་ནས་ཡིན་པ་དང་ད་ལྟ་མཚོ་ལྷོ་ཁུལ་སྤྱི་བདེ་ཅུས་ཀྱིས་འཛིན་བཟུང་བྱས་ཡོད་པར་བཤད། 

     ད་ལོའི་ཟླ་6པར་མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་སྤྱི་བསྒྲགས་སྤེལ་ནས་མཱ་ཁྲེང་ཉེས་གསོག་ཚོགས་པའི་ཁྲིམས་འགལ་ཉེས་གསོག་ཁུངས་སྣེ་བསྡུ་རུབ་བྱས་པ་དང་། ཞིང་ཆེན་སྤྱི་བདེ་ཐིང་གིས་ཆེད་དུ་དམིགས་ནས་མཚོ་ལྷོ་ཁུལ་སྤྱི་བདེ་ཅུས་དང་གསེར་ཆེན་རྫོང་སྤྱི་བདེ་ཅུས་བཅས་ཀྱིས་མཉམ་འབྲེལ་གྱོད་དོན་ཚོ་ཆུང་བཙུགས་པ་དང་། མཱ་ཁྲེང་གཙོ་བྱས་པའི་ཉེས་ཅན་མི་བཅུ་ལྷག་འཛིན་བཟུང་བྱས།

     ཉེན་རྟོག་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཚོགས་པ་འདིས་ཟི་ལིང་དང་། སྟོང་སྐོར། ཧུའུ་ཀྲོའུ་སོགས་ས་ཁུལ་མང་པོ་ནས་སྤྱི་ཚོགས་ཐོག་བྱ་བ་མེད་པའི་མི་མང་པོ་མཉམ་དུ་བསྡུས་ཏེ། དུས་ཡུན་རིང་པོར་བསྙད་རྐོ་ཟིང་སློང་དང་། བཙན་འཕྲོག་བྱེད་པ། བསམ་བཞིན་དུ་རྨས་སྐྱོན་གཏོང་བ། འཕྲོག་བཅོམ་བྱེད་པ། བཙན་ཁྲིད་བྱེད་པ། ཁྲིམས་འགལ་གྱིས་མི་གཞན་བཀག་འགོག་བྱེད་པ་སོགས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་མང་པོ་སྤེལ་ནས་སྤྱི་ཚོགས་སྒྲིག་ལམ་ལ་གནོད་པ་ཚབས་ཆེན་བཟོས་པ་རེད། 

     ཟླ་11པར་ཉེན་རྟོག་ཕྱོགས་ཀྱིས་སླར་ཡང་ཁུངས་སྣེ་བསྡུ་རུབ་བྱེད་སྐབས། མཱ་ཁྲེང་གི་གྱོད་གཞི་སྤྱི་བདེ་པུའུ་ཡིས་འགོ་ཁྲིད་འོག་བསྒྲུབ་རྒྱུར་ལྟ་སྐུལ་བྱས་པ་མ་ཟད། འཛིན་བཟུང་བྱས་པའི་ཉེས་གསོག་ཉེས་ཅན་མི་60ལྷག་ཟིན་ཡོད། དེ་དང་འབྲེལ་ཡོད་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ད་དུང་བཙན་ཤེད་ཀྱིས་ཉོ་ཚོང་རྒྱག་པ་དང་ཤོ་ཁང་གཉེར་བ་གཉིས་བསྣན། 

མཱ་ཁྲེང་ནག་ཉེས་ཚོགས་པའི་ཁོངས་མི་ཀྲང་ཁྲེང་ཧུའུ།  མཱ་ཁྲེང་དང་སྡེ་བ་གཅིག་རེད།

     ཉེན་རྟོག་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་ནག་ཉེས་ཚོགས་པའི་རྐང་འཛིན་ཁོངས་མི་18ཀྱི་ཆ་འཕྲིན་ལ་བལྟས་ན། ཁོ་ཚོ་མང་ཆེ་བ་ཧོང་ཀྲུང་རྫོང་ཏ་ཚའེ་ཤང་གི་མི་ཡིན་པ་ཤེས་རྟོགས་ཐུབ་པ་མ་ཟད། དེའི་ནང་གི་མི་12དང་མཱ་ཁྲེང་ནི་གྲོང་ཚོ་གཅིག་པ་ཡིན་པས། འདི་ཡང་རུས་རྒྱུད་འབྲེལ་ཐག་ཏུ་བྱས་པའི་ནག་འབྲེལ་རྩ་འཛུགས་ཞིག་ཡིན་པ་ཤེས། 

     ནག་སེལ་ངན་འཇོམས་འགུལ་བསྐྱོད་ཀྱི་དྲག་ཆར་དང་རླུང་འཚུབ་ཁྲོད། ཧུའུ་ནན་ཤིན་ཧོང་གི“ལུས་རྩལ་ར་བར་བེམ་རོ་སྦས་པའི་གྱོད་གཞི”དེ་ད་ཆ་ཡོངས་སུ་རྩད་ཆོད་པ་དང་། ཉེས་མེད་ཉེས་འགེལ་ལོ་16ལ་བྱས་པའི་ཏེང་ཧྲི་ཕིང་གིས་ཀྱང་མིག་བཙུམས་ཐུབ་སོང་བ་རེད། ལོ་17ཡར་སྔོན་དུ་མཚོ་སྔོན་གྱི“རྒྱལ་ལམ་109ཡི་བེམ་རོ་སྦས་པའི་གྱོད་གཞིའི”ཁྲོད་ཀྱི་གནོད་འཚེ་ཕོག་མཁན་མཱ་ཧྲེང་ཀྲེན་གྱི་རྣམ་ཤེས་ཀྱང་བདེ་བར་གནས་ཐུབ་པའི་ཡིད་ཆེས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

སྒྲིག་སྒྱུར། ཀླུ་འབུམ།

中央广播电视总台 央广网 版权所有

མཚོ་སྔོན་གྱི“རྒྱལ་ལམ109ཡི་བེམ་རོ་སྦས་པའི་གྱོད་གཞི”ཁྱབ་བསྒྲཊ་བྱས།

རྒྱལ་ཡོངས་ནག་སེལ་གཞུང་ལས་ཁང་གིས་ཡང་བསྐྱར“བེམ་རོ་སྦས་པའི་གྱོད་གཞི”ཞིག་གསར་བསྒྲགས་བྱས་འདུག