ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཡུལ་སྐོར་བ་ཚོ། གནམ་མཚོར་སྐྱོད་པའི་ལམ་གནས་སྐབས་རིང་བཀག་འདུག

2019-11-08 09:21:00     责编:卓玛才让

     ཟླ་༡༠ཚེས་༣༡ཉིན་ནས་བཟུང་། གནམ་མཚོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བསྟུད་མར་ཁ་བ་བབས་ནས་གངས་གསོག་ལི་སྨི་༡༨ཙམ་ཐེབས་ཡོད་པ་རེད།  ཟླ་༡༡ཚེས་༥ཉིན་གསར་འགོད་པས་གནམ་མཚོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་དོ་དམ་ཁུལ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་གནམ་མཚོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གནས་སྐབས་རིང་ཕྱོགས་ཡོངས་ནས་བཀག་སྡོམ་བྱ་རྒྱུ་དང་། ཡུལ་སྐོར་བ་སྐྱོད་ཆོག་གི་མི་འདུག

     མཛེས་ལྗོངས་ཁུལ་གཞན་དང་མི་འདྲ་བར་གནམ་མཚོའི་ས་བབ་མཐོ་ཙམ་ཡོད་པས་གངས་འཁྱགས་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད་ལ། སྐབས་རེ་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་༥༡༠༠ཡོད་པའི་ལ་རྒན་ལར་ཁ་བ་བབས་ནས་རླངས་འཁོར་གཏན་ནས་སྐྱོད་ཐུབ་ཀྱི་མེད་པ་རེད།  དེ་སྔོན་གནམ་མཚོའི་རི་རྒྱ་བསྡམས་པའི་དུས་ཚོད་དེ་ཟླ་༡༡ཟླ་དཀྱིལ་ནས་འགོ་ཚུགས་ཀྱི་ཡོད་ཀྱང་།   ད་ལོ་ཟླ་༡༡པའི་ཟླ་མགོ་ནས་འགོ་ཚུགས་ཡོད་པ་རེད།

 

     ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་སྐོར་བ་མང་པོ་ཞིག་གིས་སྒེར་འཁོར་བཏང་སྟེ་བྱང་ལམ་ཆེན་མོ་བརྒྱུད་ནས་སྐྱོད་སྐབས་ཁ་བ་ཆེན་པོ་བབས་པས་གནམ་མཚོའི་ཉེ་འཁོར་དུ་ལུས་ཡོད་པ་རེད། སྟབས་ལེགས་པ་ཞིག་ལ་ད་ལྟའི་བར་མི་སྣ་ཤི་རྨས་ཀྱི་གནས་ཚུལ་གཅིག་ཀྱང་ཐོན་མེད། གནམ་མཚོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་ཀྱང་སྟབས་བསྟུན་འཕྲལ་སྡོམ་གྱི་བྱ་ཐབས་སྤྱད་པ་དང་། འདམ་གཞུང་དང་གནམ་མཚོའི་འགྲིམ་འགྲུལ་ཉེན་རྟོག་རུ་འབྲིང་གི་རུ་མིས་སྣེ་ཁྲིད་དེ་ལམ་གཤོང་བ་དང་ལམ་ངོས་སུ་ཚྭ་གཏོར་བ་སོགས་བྱས་ནས་ཉེན་ཁ་ཆུང་དུ་བཏང་ཡོད། 

     མིག་སྔའི་བར་ཡུལ་སྐོར་བ་ཆིག་སྟོང་ལྷག་ཕྱིར་ལོག་བྱེད་དགོས་བྱུང་ཡོད་པ་དང་།  དེ་སྔོན་ཡུལ་སྐོར་བ་མི་ཉུང་མ་ཞིག་ཆེད་མངགས་ཁ་བ་བབས་རྗེས་ཀྱི་གནམ་མཚོའི་མཛེས་ལྗོངས་ལ་གཟིགས་པར་ཕེབས་ཀྱི་ཡོད་པ་དང་།  དེའི་ཐད་གནམ་མཚོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་འགན་ཁུར་བ་ཞིག་གིས་གངས་མ་བབ་ན་མཛེས་ལྗོངས་ཁུལ་གང་མགྱོགས་བསྐྱར་དུ་སྒོ་ཕྱེས་རྒྱུ་ཡིན་ཅེས་བརྗོད་པ་རེད།

     མངའ་རིས་ཀྱི་བྱང་ལམ་ཆེན་མོ་ཡང་རི་རྒྱ་བསྡམས་པའི་དུས་སུ་བསླེབ་ཡོད་པས། རང་ཉིད་ཀྱི་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་འགྲོ་མཁན་དང་། རྐང་ཐང་དུ་རི་སྐོར་ལ་སྐྱོད་མཁན་ཚོས་ཡུལ་སྐོར་ཁུལ་གྱི་ཆ་འཕྲིན་ལ་དོ་སྣང་གནང་རྒྱུའི་དྲན་སྐུལ་ཞུ་རྒྱུ་ཡིན།

ཡོང་ཁུངས། སེམས་ཀྱི་ཞིང་ཁམས།

中央广播电视总台 央广网 版权所有

ཡུལ་སྐོར་བ་ཚོ། གནམ་མཚོར་སྐྱོད་པའི་ལམ་གནས་སྐབས་རིང་བཀག་འདུག

ཟླ་༡༠ཚེས་༣༡ཉིན་ནས་བཟུང་། གནམ་མཚོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བསྟུད་མར་ཁ་བ་བབས་ནས་གངས་གསོག་ལི་སྨི་༡༨ཙམ་ཐེབས་ཡོད་པ་རེད།