ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

དྲ་ཐོག་གི་གློག་རྡུལ་ཐ་མག་འཚོང་མཁན་ཞིབ་བཤེར་ནན་མོ་བྱེད་རྒྱུ་རེད།

2019-11-06 18:44:00     责编:卓玛才让

     ཟླ་འདིའི་ཚེས་5ཉིན་གསར་འགོད་པས་རྒྱལ་ཁབ་རྡོ་ཐ་ཆེད་འཚོང་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། རིམ་པ་ཁག་གི་རྡོ་ཐ་ཆེད་འཚོང་ལྟ་སྐུལ་དོ་དམ་སྡེ་ཁག་གིས་གློག་རྡུལ་ཐ་མག་གི་ལྟ་སྐུལ་དོ་དམ་ལས་དོན་ཆེད་དོན་བཀོད་སྒྲིག་བྱས་ཏེ། བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་དྲ་ལམ་ནས་གློག་རྡུལ་ཐ་མག་ཁྱབ་སྤེལ་དང་བྲིན་འཚོང་བྱེད་པར་ལྟ་སྐུལ་དོ་དམ་བྱེད་འགོ་བརྩམས་ཡོད་འདུག

     ཉེ་ལམ་རྒྱལ་ཁབ་རྡོ་ཐ་ཆེད་འཚོང་ཅུས་དང་རྒྱལ་ཁབ་ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་གློག་རྡུལ་ཐ་མག་འཕྲིན་འབྲེལ་དྲ་བ་བརྒྱུད་ནས་འཚོང་མི་ཆོག་པའི་བརྡ་ཁྱབ་སྤེལ་ཡོད་ལ། རྒྱལ་ཁབ་རྡོ་ཐ་ཆེད་འཚོང་ཅུས་ཀྱི་ཆེད་འཚོང་ལྟ་སྐུལ་དོ་དམ་སིའི་འབྲེལ་ཡོད་འགན་འཛིན་པས་ངོ་སྤྲོད་བྱས་པ་ལྟར་ན། བརྡ་ཁྱབ་སྤེལ་རྗེས་ས་གནས་ཁག་གི་རྡོ་ཐ་ཆེད་འཚོང་ལྟ་སྐུལ་དོ་དམ་སྡེ་ཁག་ཁག་གིས་གློག་རྡུལ་ཚོང་དོན་སྟེགས་བུ་དང་གློག་རྡུལ་ཐ་མག་ཁེ་ལས་ལ་བརྡ་ཁྱབ་ཀྱི་བླང་བྱ་དུས་ཐོག་ཏུ་ལག་ལེན་བསྟར་སྐུལ་བྱས་པ་དང་། དུས་མཚུངས་སུ་འབྲེལ་ཡོད་ཁྲིམས་བསྟར་སྡེ་ཁག་དང་འབྲེལ་ལམ་བཙུགས་ནས་སློབ་གྲྭ་ཆུང་འབྲིང་གི་མཐའ་འཁོར་གཙང་སེལ་བྱེད་པའི་ལས་སྒོ་སྤེལ་ཏེ། དངོས་གཞི་ཚོང་ཁང་གིས་ལོ་ན་མ་སོན་པའི་མི་ལ་གློག་རྡུལ་ཐ་མག་འཚོང་བའི་གནས་ཚུལ་རྩད་ཞིབ་དང་ཐག་གཅོད་ནན་མོ་བྱས་ཡོད་འདུག

     འགན་འཛིན་པ་དེས་“ད་ལྟའི་བར། གློག་རྡུལ་ཐ་མག་གི་ཁེ་ལས་ཁག་གཅིག་གིས་རང་བཟོས་དྲ་ཚིགས་ཀྱི་ཉོ་འཚོང་འབྲེལ་ལམ་ཕྱིར་འཐེན་བྱས་པ་དང་། གློག་རྡུལ་ཚོང་དོན་སྟེགས་བུ་བཅུ་ལྷག་གིས་གློག་རྡུལ་ཐ་མག་གི་ཐོན་རྫས་ཚོང་སྒྲོམ་ལས་ཕྱིར་འཐེན་བྱས་ཡོད་ལ། གཞན་ཡང་གློག་རྡུལ་ཐ་མག་ཐོན་སྐྱེད་དང་བྲིན་འཚོང་བྱེད་པའི་ཁེ་ལས་དང་གློག་རྡུལ་སྟེགགས་བུ་ཡིས་བརྡ་ཁྱབ་ཀྱི་བླང་བྱ་ལྟར་གློག་རྡུལ་ཐ་མག་འཚོང་བའི་དྲ་ཚིགས་དང་སྤྱོད་སྣེ། ཚོང་ཁང་བཅས་སྒོ་རྒྱག་རྒྱུ་ཡིན་པ་དང་། གློག་རྡུལ་ཐ་མག་ཚོང་སྒྲོམ་ལས་ཕྱིར་འཐེན་དང་། དྲ་ལམ་གྱི་གློག་རྡུལ་ཐ་མག་གི་མཚམས་སྦྱོར་བརྡ་ཁྱབ་ཕྱིར་འཐེན་བྱ་རྒྱུ་ཁས་ལེན་བྱས་ཡོད་” ཟེར། ཡིན་ན་ཡང་། གློག་རྡུལ་ཚོང་དོན་སྟེགས་བུ་རེ་འགས་གློག་རྡུལ་ཐ་མག་“བཅུ་གཅིག་པའི་ཚེས་བཅུ་གཅིག་”གི་ཚོང་སྐུལ་ཐོན་རྫས་སུ་བྱས་ནས་ཕྱིར་འཚོང་བྱེད་བཞིན་ཡོད་པས། དྲ་ཐོག་ནས་ད་དུང་ཡང་གློག་རྡུལ་ཐ་མག་ཉོ་ཐུབ་ཀྱི་ཡོད་པ་དང་། སྤྱི་ཚོགས་འབྲེལ་ལམ་གྱི་སྨྱན་བྱད་རེ་འགར་སྔར་བཞིན་གློག་རྡུལ་ཐ་མག་གི་འཚོང་འཕྲིན་འབོར་ཆེན་ཡོད་འདུག

     འགན་འཛིན་པ་དེས། ས་གནས་གཙོ་བོ་དག་གི་རྡོ་ཐ་ཆེད་ཚོང་ལྟ་སྐུལ་དོ་དམ་སྡེ་ཁག་གིས་འབྲེལ་ཡོད་ཁྲིམས་འཛིན་སྡེ་ཁག་དང་མཉམ་འབྲེལ་ཐོག་གློག་རྡུལ་ཚོང་དོན་སྟེགས་བུ་ལ་སྐོང་འདྲི་བྱས་ནས། དེ་དང་དེ་འབྲེལ་གྱི་ཐ་མག་ཚོང་ཁང་གིས་གློག་རྡུལ་ཐ་མག་ཚོང་སྒྲོམ་ལས་དབབ་དགོས་པའི་བླང་བྱ་འདོན་བཞིན་ཡོད་པ་དང་། རྡོ་ཐ་ཆེད་ཚོང་ལྟ་སྐུལ་དོ་དམ་སྡེ་ཁག་གིས་མི་འགྱངས་པར་དྲ་རྒྱ་སྤྱིའི་གནས་ཚུལ་ལ་དཔྱད་འཇལ་བྱེད་པའི་ལམ་ལུགས་བཙུགས་ནས་འཕྲིན་འབྲེལ་དྲ་རྒྱའི་ཐོག་གི་གློག་རྡུལ་ཐ་མག་དང་འབྲེལ་ཡོད་ཆ་འཕྲིན་ཞིབ་བཤེར་བྱ་རྒྱུ་ཡིན་པ་དང་། རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་ལྟ་སྐུལ་དོ་དམ་བྱེད་ཐབས་སྔར་ལས་ནན་པོ་སྤྱད་ནས་ཁྲིམས་འགལ་ལུགས་འགལ་གྱིས་གློག་རྡུལ་ཐ་མག་འཚོང་བ་ཁྲིམས་ལྟར་རྩད་ཞིབ་ཐག་གཅོད་བྱ་རྒྱུ་ཡིན་ཚུལ་བསྟན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

སྒྲིག་སྒྱུར། བསྟན་རྒྱམ།

中央广播电视总台 央广网 版权所有

དྲ་ཐོག་གི་གློག་རྡུལ་ཐ་མག་འཚོང་མཁན་ཞིབ་བཤེར་ནན་མོ་བྱེད་རྒྱུ་རེད།

ཟླ་འདིའི་ཚེས་5ཉིན་གསར་འགོད་པས་རྒྱལ་ཁབ་རྡོ་ཐ་ཆེད་འཚོང་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན།