ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

▶ང་ཚོ་ཚང་མ་ཕུགས་བསམ་བརྩོན་ལེན་བྱེད་མཁན་ཡིན།

2019-10-08 17:18:00     责编:卓玛才让

ང་ཚོ་ལམ་ཆེན་ཐོག་ཏུ་སྐྱོད་ཅེས་པའི་ལེའུ་བཅོ་ལྔ་པ་༼ང་ཚོ་ཚང་མ་ཕུགས་བསམ་བརྩོན་ལེན་བྱེད་མཁན་ཡིན།༽

     ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་ཆེད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ལེའུ་༢༤ཡོད་པའི་ཚད་ལྡན་ཡིག་ཆའི་ཆེད་སྒྲིག་ལེ་ཚན་༼ང་ཚོ་ལམ་ཆེན་ཐོག་ཏུ་སྐྱོད་༽ཅེས་པ་བཟོ་སྒྲིག་བྱས་ཡོད། དེ་རིང་ཆེད་སྒྲིག་ལེ་ཚན་དེའི་ལེའུ་བཅོ་ལྔ་པ་༼ ང་ཚོ་ཚང་མ་ཕུགས་བསམ་བརྩོན་ལེན་བྱེད་མཁན་ཡིན་༽ཞེས་པ་གཏོང་རྒྱུ་ཡིན།

 

     ༢༠༡༢ལོའི་ཟླ་བ་༡༡པའི་ཚེས་༢༩ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠པར་འགྲུལ་སྐྱེལ་རླངས་འཁོར་འབྲིང་བ་ཁག་གཅིག་དལ་པོའི་ངང་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་ནང་དུ་བཏང་ཡོད།

     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ནས་ཡུན་རིང་མ་སོང་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུད་རྣམས་༼བསྐྱར་དར་ལམ་བུ་༽ཞེས་པའི་འགྲེམས་ཁང་ཆེན་མོར་ཕེབས་གནང་ཡོད།

     ཞི་ཅིན་ཕིང་གིས། ངའི་བསམ་ཚུལ་ལ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཀྱི་ཉེ་རབས་ལོ་རྒྱུས་སྟེང་གི་ཆེས་རླབས་ཆེ་བའི་ཀྲུང་གོའི་ཕུགས་འདུན་ཡིན།  རྒྱུ་མཚན་ནི་ཕུགས་འདུན་དེའི་ནང་ཀྲུང་གོ་བ་མི་རབས་དུ་མའི་བསམ་འདུན་ཡོད་པ་དང་། དེས་ཀྲུང་ཧྭ་མི་རིགས་དང་ཀྲུང་གོ་མི་དམངས་ཀྱི་སྤྱིའི་ཁེ་ཕན་མཚོན་ཡོད། དེ་ནི་ཀྲུང་ཧྭ་བུ་ཕྲུག་མི་རེ་ངོ་རེའི་ཐུན་མོང་གི་རེ་འདུན་ཡིན་ཞེས་གསུངས་གནང་ཡོད་པ་རེད།

     མི་རིགས་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པའི་འགག་རྩའི་དུས་དེར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཕུགས་འདུན་གསལ་སྟོན་གནང་བ་དང་། ཀྲུང་གོའི་མི་དམངས་ཀྱིས་ཡང་འབད་བསྐྱར་འབད་དང་། རླབས་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་ལམ་སྣེ་གསར་པ་གཏོད་ཡོད།

ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་དགོས་ན་ངེས་པར་དུ་ཀྲུང་གོའི་འགྲོ་ལམ་ཐོག་བསྐྱོད་དགོས།

     ༢༠༡༤ལོའི་ཟླ་བ་༤པར་ཞི་ཅིན་ཕིང་གིས་ཡོ་རོབ་གླིང་གི་ཆབ་སྲིད་མི་སྣ་གསོ་སྦྱོང་ལྟེ་གནས་སུ་གྲགས་པའི་ཡོ་རོབ་གླིང་སློབ་གླིང་དུ་དགེ་སློབ་རྣམས་ལ་ཀྲུང་གོའི་འགྲོ་ལམ་སྐོར་གྱི་གཏམ་རྒྱུད་དེ་གླེང་ཡོད།

     ཀྲུང་གོ་བས་ཀྲུང་གོའི་རྒྱལ་ཚུལ་དང་འཚམས་པའི་འགྲོ་ལམ་སྣ་ཚོགས་འཚོལ་ཞིབ་བྱས་ཡོད་པ་དང་།   རྩ་ཁྲིམས་ཀྱིས་བཅད་པའི་རྒྱལ་པོའི་ལམ་ལུགས་ཀྱི་སྲིད་དབང་སྒྲིག་གཞི་དང་། གོང་མའི་ལམ་ལུགས་སླར་གསོ་བྱེད་པ། གྲོས་ཚོགས་ཁང་གི་ལམ་ལུགས། ཏང་མང་ལམ་ལུགས། ཙུང་ཐུང་ལམ་ལུགས་སོགས་ཚང་མ་བསམ་མྱོང་ལ་ཚོད་ལྟ་ཡང་བྱེད་མྱོང་། འོན་ཀྱང་ཚང་མ་ལམ་ལྷོངས་བྱུང་མེད། མཐའ་མཇུག་ཀྲུང་གོས་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བདམས་ཀ་བྱས་ཡོད། བསྒྱུར་བཅོས་སྒོ་དབྱེ་བྱས་རྗེས། སྐུ་ཞབས་ཏེང་ཞོ་ཕིང་གི་དབུ་ཁྲིད་འོག་ང་ཚོས་ཀྲུང་གོའི་རྒྱལ་ཚུལ་དང་དུས་རབས་ཀྱི་བླང་བྱར་གཞིགས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཏན་འཁེལ་བྱས་ཡོད།

     ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་རྒྱུན་འཁྱོངས་བྱེད་རྒྱུ་དེ་བསྐྱར་དར་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་འགྲོ་ལམ་ཉག་གཅིག་དེ་ཡིན།

     དེ་རིང་། འཛམ་གླིང་སྟེང་ཁ་ཞེང་ཆེ་ཤོས་ཀྱི་སྒོར་གཟུགས་གློག་འོད་འཕྲོ་བའི་རྒྱང་ཤེལ་FASTཡིས་བར་སྣང་ཁམས་ལ་རྒྱང་བལྟ་བྱས་པ་དང་། མི་བཟོས་ཉི་མ་ཟེར་བའི་རིམ་འདས་ཕྱོགས་སྟོན་སྒྲིག་ཆས་ཀྱིས་རང་རྒྱལ་གྱི་ཁབ་ལེན་འཆིང་གཅུན་ཚ་ཉིང་འདུས་འགྱུར་ཞིབ་འཇུག་བྱས་པ་དེ་འཛམ་གླིང་གི་ཆུ་ཚད་མདུན་གྲལ་ལ་བསྐྱལ་ཡོད། བྱང་སྐར་གསུམ་པ་རྟགས་ཅན་ཞེས་པའི་ཀྲུང་གོའི་རང་བདག་སྲུང་སྐར་མ་ལག་གིས་ཟླ་བ་བཞིའི་དུས་ཚོད་ནང་ཕྱོགས་སྟོན་སྲུང་སྐར་༨སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་བསྐྱལ་ཡོད། དོན་དངོས་ལས་འགྲོ་ལམ་དེ་བདམས་པ་ནོར་མེད་པ་ར་སྤྲོད་བྱས་ཡོད།

ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་དགོས་ན་ངེས་པར་དུ་ཀྲུང་གོའི་སྙིང་སྟོབས་དར་སྤེལ་གཏོང་དགོས།

     ༢༠༠༩ལོར་ཕྱི་རྒྱལ་ལ་ཕྱག་ལས་གནང་སྟེ་ལོ་༡༨སོང་བ་དང་། མཁའ་སྐྱོད་དངོས་ཁམས་རིག་པ་ཞིབ་འཇུག་ཁྱབ་ཁོངས་སུ་མིང་གྲགས་ཤིན་ཏུ་ཆེ་བའི་ཀྲུང་གོའི་ཚན་རིག་མཁས་ཅན་ཧོང་ཏ་ཉན་གྱིས་ཕྱི་རྒྱལ་གྱི་མཉམ་ལས་ཚོགས་པ་རྩེ་གྲ་དང་མཉམ་ལས་བྱེད་ཆོག་པའི་གོ་སྐབས་དོར་བ་དང་། དངོས་པོའི་ཆ་རྐྱེན་བཟང་པོ་དོར་ནས་མེས་རྒྱལ་དུ་ལོག་ཡོད།

     སྐབས་དེར་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ལ་སླེབས་པའི་སྔོག་འདོན་གཏིང་ཚད་སྨི་༢༥༠༠ནས་༤༠༠༠བར་ཟིན་གྱི་ཡོད། འོན་ཀྱང་སྐབས་དེའི་ཀྲུང་གོའི་སྔོག་འདོན་ཆུ་ཚད་སྨི་༥༠༠ཡང་ཟིན་གྱི་མེད།

     མེས་རྒྱལ་ལ་ལོག་པའི་ཉིན་དང་པོ་ནས་བཟུང་ཧོང་ཏ་ཉན་གྱིས་ཉིན་ལྟར་བསམ་རྒྱུ་དང་དྲན་རྒྱུ་ལས་ཀ་ལས་མེད་ཅིང་། དུས་ཚོད་སྐར་ཆ་གཅིག་ཀྱང་འཕྲོ་བརླག་མི་བཏང་མེད་པ་དང་། གཞུང་ལས་ཁང་གི་གྱང་སྟེང་དུ་བཀལ་བའི་ལོ་ཐོའི་སྟེང་ལོ་གཅིག་གི་ལས་ཀའི་འཆར་གཞི་གསལ་པོ་བྲིས་ཡོད། དེའི་ནང་ལས་ཀའི་དུས་ཚོད་ཁོ་ན་ལས་ངལ་གསོའི་ཉིན་མོ་སྤྱིའི་ཆ་ནས་མཐོང་རྒྱུ་མེད།

     ཧོང་ཏ་ཉན་གྱིས་ཚོགས་པའི་སྣེ་ཁྲིད་དེ་ལོ་ལྔའི་དུས་ཚོད་ནང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་ཉི་ཤུའི་ནང་བླངས་པའི་གྲུབ་འབྲས་བླངས་ཡོད་པ་དང་། ལག་རྩལ་དམིགས་ཚད་མང་པོ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ལ་སླེབས་ཡོད།

     མ་གཞི་ཁོང་ལ་མུ་མཐུད་ཚོགས་པའི་སྣེ་ཁྲིད་དེ་གཟི་བརྗིད་བརྩོན་ལེན་བྱེད་པའི་ཧུར་སེམས་ཡོད། འོན་ཀྱང་བསམ་ཡུལ་ལས་འདས་པར་ཁོང་ལས་གནས་ཐོག་ཚེ་ལས་འདས་པ་རེད།

    ཧོང་ཏ་ཉན་ཚེ་ལས་འདས་ཀྱང་། ཁོང་གི་ཐོག་ནས་མངོན་པའི་རྒྱལ་གཅེས་རིང་ལུགས་ཀྱིས་ལྟེ་བ་བྱེད་པའི་མི་རིགས་སྙིང་སྟོབས་དང་། བསྒྱུར་བཅོས་གསར་གཏོད་ཀྱིས་སྲོག་ཤིང་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་ནམ་ཡང་གནས་སྲིད།

     དེ་ནི་ཀྲུང་གོའི་སྙིང་སྟོབས་ཡིན། ཕུགས་བསམ་བརྩོན་ལེན་གྱི་རྒྱང་སྐྱོང་ལམ་བུའི་སྟེང་ཀྲུང་གོའི་སྙིང་སྟོབས་ཇེ་ཆེ་ཇེ་ཆེར་འགྲོ་རྒྱུ་དང་། ཀྲུང་གོའི་ཕུགས་འདུན་དེ་བས་མཛེས་སྡུག་ལྡན་པར་འགྱུར་ངེས་ཡིན།

ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་དགོས་ན་ངེས་པར་དུ་ཀྲུང་གོའི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས།

     ཀྲུང་གོར་མི་ཐམས་ཅད་ཕུགས་བསམ་བརྩོན་ལེན་བྱེད་མཁན་ཡིན་པ་དང་། ཚན་པ་དང་ཁེ་ལས་ཚང་མ་ཕུགས་བསམ་བརྩོན་ལེན་བྱེད་པའི་ཚོགས་པ་ཡིན། ཕུགས་བསམ་མངོན་འགྱུར་ཡོང་བ་བྱེད་པའི་སྟོབས་ཤུགས་འདོན་སྤེལ་ཐུབ་ན་ད་གཟོད་ཕུགས་བསམ་མངོན་འགྱུར་ཡོང་ཐུབ།

     ལོ་༢༢ཡིན་པའི་ཙེའུ་པིན་ནི་ད་ལོའོ་རྒྱལ་ཡོངས་ཚོགས་ཆེན་གཉས་སྟེང་གི་ལོ་ཆུང་ཤོས་ཀྱི་མི་དམངས་འཐུས་མི་ཡིན། ལོ་༡༦གི་དུས་ལ། ཙེའུ་པིན་གྱིས་ཨར་བསྐྲུན་བྱེད་སར་བྱེ་མ་དང་སོ་ཕག་དབོར་ཡོད། ཙེའུ་པིན་གྱི་སེམས་ནང་དོར་མི་ཐུབ་པའི་ཕུགས་བསམ་ཞིག་ཡོད་པ་སྟེ་དེ་ནི་རྩིག་བཟོ་བ་རྩེ་གྲ་ཞིག་བྱེད་རྒྱུ་དེ་ཡིན།

     གྱང་ཡག་པོ་ཞིག་རྒྱག་ཐུབ་ཆེད་ཙེའུ་པིན་གྱིས་གྱང་ཡར་རྒྱག་མར་སློག་མང་པོ་བྱས་པ་དང་། བརྩམས་བྱ་ཡག་པོ་མཐོང་ཚེ་གཞན་ལ་བཀའ་འདྲི་ཞུ་བར་འགྲོ་ཡི་ཡོད། ཀྲུང་གོ་འཛུགས་སྐྲུན་ཅུད་ལྔ་པར་ཕྱག་ལས་གནང་ནས་ལོ་གཉིས་ལྷག་ཙམ་སོང་རིང་། ཙེའུ་པིན་སྤྱིར་བཏང་ངལ་གསོ་རྒྱག་མྱོང་མེད།

     ༢༠༡༥ལོའི་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་པོའི་ཁྲོད་ཙེའུ་པིན་ནས་གླིང་ཆེན་པོ་ལྔ་ནས་ཕེབས་པའི་རྩིག་བཟོ་བ་རྩེ་གྲ་དག་ལས་རྣམ་པར་རྒྱལ་ཏེ། ལས་རིགས་དེའི་ནང་གི་་འཛམ་གླིང་གི་བྱ་དགའ་མཐོ་ཤོས་བླངས་ཤིང་རང་ཉིད་ཀྱི་མི་ཚེའི་ཕུགས་འདུན་མངོན་གྱུར་བྱུང་ཡོད།

     སྤྱིར་བཏང་གི་ཀྲུང་གོ་བ་མང་པོས་དཀའ་སྤྱད་འབད་བརྩོན་དང་། འབད་འཐབ་ཡར་བརྩོན་བྱས་པའི་སྟབས། རྒྱལ་ཁབ་སྟོབས་འབྱོར་དང་མི་རིགས་བསྐྱར་དར་བྱུང་ཡོད། དེ་ནི་མི་རིགས་ཀྱི་ཁྲག་རྒྱུན་ནས་བྱུང་བའི་སྟོབས་ཆེའི་གསོན་ཤུགས་ཡིན་པ་དང་། དེ་ནི་འབད་འཐབ་ལྷོད་མེད་ཀྱི་ཀྲུང་གོའི་སྟོབས་ཤུགས་ཡིན།

     ཀྲུང་གོའི་ཕུགས་འདུན་ནི་མི་རིགས་ཀྱི་ཕུགས་འདུན་ཡིན་པ་དང་། རྒྱལ་ཁབ་ཀྱི་ཕུགས་འདུན་ཡིན། མཐར་གཏུགས་ནས་བཤད་ན་མི་དམངས་ཀྱི་ཕུགས་འདུན་ཡིན།

    གྲོང་ཁྱེར་དང་གྲོང་གསེབ་གང་དུ་ཡིན་ཡང་མི་ཚང་མའི་སེམས་ནང་མཛེས་སྡུག་ལྡན་པའི་ཕུགས་འདུན་རེ་ཡོད།

    ང་ནི་ཞིང་པ་ཞིག་ཡིན། ཞིང་ཁ་འདེབས་མཁན་ཡིན། ངའི་ཕུགས་འདུན་ནི་གྲོང་ཁྱེར་བ་དང་འདྲ་བར་ཐོག་བརྩེགས་ཁང་ཆེན་ནང་སྡོད་རྒྱུ་དེ་ཡིན།

     ང་ལྟ་བུའི་བོགས་གཏོང་རླངས་འཁོར་གཏོང་མཁན་གྱི་ཁ་ལོ་བའི་ངོས་ནས་བརྗོད་ན། ཉིན་ལྟར་དུས་ཐོག་ཏུ་རླངས་འཁོར་གཏོང་བ་དང་། དངུལ་མང་ཙམ་ཐོབ་པ། བདེ་པོ་ཐང་པོའི་ངང་ཁྱིམ་དུ་ལོག་རྒྱུ་ཡོད་པ་བཅས་ནི་ངའི་བསམ་འདུན་ཡིན།

     ཟས་སྡོད་འགྲོ་གསུམ་དེ་བས་ལེགས་པོ་ཡོང་བ་བྱ་རྒྱུ་དང་། གླ་ཕོགས་དེ་བས་མཐོ་ཙམ་ཡོང་བ་བྱ་རྒྱུ། སྤྱི་ཚོགས་འགན་བཅོལ་དེ་བས་བརྟན་པོ་ཡོང་རྒྱུ། མཁའ་རླུང་སྤུས་ཚད་དེ་བས་ལེགས་སུ་འགྲོ་རྒྱུ་བཅས་ཁྱིམ་ཚང་འབྱོར་ཕྱུག་གི་ཕུགས་འདུན་དང་། བྱ་གཞག་གོང་འཕེལ་གྱི་ཕུགས་འདུན། མི་ཚེ་བདེ་སྐྱིད་ཀྱི་ཕུགས་འདུན་བཅས་ཕུགས་འདུན་དེ་ཚོ་མིག་མཐོང་ལག་འཛིན་ཐུབ་པ་ཞིག་ཡིན། ཕུགས་འདུན་རེ་རེ་གཅིག་ཏུ་སྡུད་ཚེ་ད་གཟོད་རླབས་ཆེ་བའི་ཀྲུང་གོའི་ཕུགས་འདུན་གྲུབ་རྒྱུ་རེད།

     ༢༠༡༩ལོའི་ལོ་གསར་ཤིས་ཚིག་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། གོང་འཕེལ་འགྲོ་བཞིན་པའི་ཀྲུང་གོར་གསོན་ཤུགས་ཀྱིས་ཁེངས་པ་དང་། ང་ཚོ་ཚང་མ་མདུན་ལ་རྒྱུག་བཞིན་ཡོད། ང་ཚོ་ཚང་མ་ཕུགས་བསམ་བརྩོན་ལེན་བྱེད་མཁན་ཡིན་ཞེས་གསུངས་ཡོད།

     ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། ལོ་ངོ་༧༠འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་འོད་སྣང་ལྡན་པའི་མདུན་ལྗོངས་ལྡན་ཡོད།

     ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་འོག གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་ཐུབ་པ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་རིམ་བཞིན་ལག་བསྟར་བྱས་པས། ཀྲུང་ཧྭ་ཡི་ས་གཞི་ཆེན་མོའི་ཕྱོགས་ཡོངས་ནས་རྣམ་པ་བཟང་པོ་མངོན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

中央广播电视总台 央广网 版权所有