པཎ་ཆེན་རིན་པོ་ཆེ་བོད་དུ་ཕེབས་པའི་ཟིན་བཀོད།
སྤེལ་བའི་དུས་ཚོད། : 2019-02-16 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རིན་པོ་ཆེ་བོད་དུ་ཕེབས་པའི་ཟིན་བཀོད།

བསྟན་འཛིན།(ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་གཞོན་པ།)

མ་གཞི་ང་རང་པར་འགེལ་རྒྱུར་དགའ་པོ་མེད། འོན་ཀྱང་ང་རང་གི་དཔེ་ཁང་ནང་། ལོ་ངོ་བཅུ་ལྷག་ཙམ་རིང་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་ཚོན་ཁྲ་ཅན་གྱི་སྐུ་པར་ཞིག་བཀལ་ཡོད། དེ་ཡང་ཤེས་རབ་སྙིང་པོའི་མདོ་འཁོད་པ་ལྟ་བུའི་དབུ་ཐོད་དང་། དད་གུས་དབང་མེད་དུ་སྐྱེ་བར་བྱེད་པའི་རྔམ་བརྗིད་ཆེ་བའི་བཞིན་ཉམས། ཐང་ཤ་དོད་པའི་བཞིན་རས་དང་། ཆ་སྙོམས་ཤིང་མངོན་གསལ་དོད་པའི་ཞལ་གྱི་འཛུམ་ཀོང་བཅས་ནས། ཚད་མེད་དགོངས་ཡངས་ཀྱི་དགྱེས་པ་ཆེན་པོའི་ཡེ་ཤེས་ལེགས་པར་མངོན། དགྱེས་པ་ཆེན་པོ་དེ་ཡང་གང་དེའི་ཐུགས་དབུས་སུ་མངའ་བའི་བློ་གྲོས་དང་འགན་འཁྲི་ཡིན། གལ་སྲིད་བཞིན་རས་ནི་སེམས་ཁམས་ཀྱི་མེ་ལོང་ཡིན་ཞེས་བརྗོད་ན། ད་དུང་དེ་ནི་གསུང་གི་སྣུར་བསྲིངས་ཤིག་ཀྱང་ཡིན་ཞེས་བརྗོད་ཆོག

ད་ལོ་ནི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ངོ་སུམ་ཅུ་འཁོར་བའི་ལོ་ཡིན་ལ། ང་རང་ཡང་མི་ལོ་བདུན་ཅུ་ལྷག་ལ་སླེབས་སོང་། འོན་ཀྱང་ལོ་ན་ཆེ་རུ་འགྲོ་བ་དང་ཆབས་ཅིག་རིན་པོ་ཆེ་དྲན་པའི་སེམས་པ་ཡང་ངམ་ངམ་ཤུགས་ཀྱིས་ཆེ་རུ་འགྲོ་བཞིན་འདུག ཐང་རྒྱལ་རབས་ཀྱི་སྙན་ངག་པ་ཧན་ཡུས་ཀྱིས། གནའ་དུས་མཁས་པས་དགེ་བའི་བཤེས་གཉེན་བསྟེན། བཤེས་གཉེན་དམ་པས་རྨོངས་པའི་མུན་པ་སེལ། བླང་དོར་སོམ་ཉི་སེལ་བའི་ཐབས་མཆོག་སྟོན། ཞེས་གསུངས་ཡོད། ང་རང་གིས་པཎ་ཆེན་རིན་པོ་ཆེ་ཐེངས་དང་པོར་མཇལ་བ་ནི་སྤྱི་ལོ་༡༩༦༤ལོར་ཡིན་ཞིང་། སྤྱི་ལོ་༡༩༨༣ལོ་ནས་བཟུང་མཇལ་བའི་གོ་སྐབས་ཇེ་མང་དུ་སོང་། ལོ་ངོ་བཅུ་ཕྲག་ནང་། རིན་པོ་ཆེ་མཆོག་དང་སྦ་གསང་མེད་པར་བཀའ་མོལ་མང་པོ་ཞུས་ཤིང་། སྐྱེས་ཆེན་ཁོང་གིས་ང་རང་ལ་བསུབ་ཐབས་མེད་པའི་བག་ཆགས་ཟབ་མོ་ཞིག་བཞག་གནང་བ་ནི། ཐུགས་རྒྱུད་བཟང་བ་དང་། ཐུགས་གཤིས་དྲང་བ། བྱམས་བརྩེའི་ངང་ཚུལ་ལྡན་པ་བཅས་ཡིན། དེ་དང་ཕྱོགས་མཚུངས་སུ་ངན་པར་ཞེ་ནས་སྡང་བ་དང་། དབང་ཤེད་ཅན་ལ་ཁྲོ་བའི་སྤྱན་མིག་གཡོ་བ། སྐབས་རེ་རླུང་ནག་དྲག་པོ་འཚུབ་པ་ལྟ་བུའི་ཁྲོ་གཏུམ་འཇིགས་རུང་གི་ངང་ཚུལ་སྟོན་གནང་བ་བཅས་ཡིན། རིན་པོ་ཆེ་མཆོག་ནི་དཔའ་བའི་ཉམས་དང་ལྡན་པའི་སྐྱེས་ཆེན་རླབས་པོ་ཆེ་ཞིག་ཡིན། ཁོང་སྔ་པོ་དེ་འདྲ་དགོངས་པ་གཞན་དོན་དུ་གཤེགས་པས། ང་རང་སྡུག་བསྔལ་ལས་སྔངས་སེམས་ཆེ་བ་དང་། དྲན་སེམས་ལས་ཕངས་སེམས་ཆེ་བ་ཞིག་བྱུང་། དེང་གི་དུས་འདིར། སྔངས་སེམས་དང་ཕངས་སེམས་ཡལ་ཟིན་མོད། འོན་ཀྱང་ང་རང་གི་སེམས་ནང་གི་དྲན་སེམས་ཀྱི་གདུང་བ་དེ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་འདུག པཎ་ཆེན་རིན་པོ་ཆེ་ནི་གཞུང་དྲང་གནོང་མེད་ཀྱི་སྐྱེས་ཆེན་དམ་པ་ཞིག་ཡིན་ཞིང་། ཁོང་གི་རླབས་ཆེན་བྱ་གཞག་ཉི་ཟླ་བཞིན་དུ་གསལ་བ་དང་། བརྗིད་ཉམས་ནི་རི་ཀླུང་གཡོ་བ་ལྟ་བུ་ཡིན་པས། ང་ལྟ་བུས་དཔྱད་བརྗོད་ཞུ་དགོས་པ་ཅི་ཞིག་མཆིས། ང་རང་གིས་དེ་རིང་པཎ་ཆེན་རིན་པོ་ཆེར་རྗེས་དྲན་ཞུ་བ་ནི་མཆི་མའི་རྫིང་བུ་གཙང་མར་ཕྱུང་བ་དང་། སེམས་དབུས་ཀྱི་གདུང་བ་ཤོག་ངོས་སུ་འགོད་ཆེད་ཡིན། འོན་ཀྱང་དེ་དག་ཚང་མ་སེར་སྐྱ་སྐྱེ་བོ་མང་པོས་བསྒྲུབས་ཟིན་ཡོད།

རྒྱལ་གཅེས་ཆོས་གཅེས་པ་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་སྤྱི་ལོ་༡༩༣༦ལོའི་ལོ་མཇུག་ཏུ། གདན་ས་བཀྲ་ཤིས་ལྷུན་པོ་ནས་ཞལ་གྱེས་ཏེ། གནམ་གཤིས་གྲང་ཞིང་ས་གཞི་འཁྱགས་རེངས་ཐེབས་པའི་དབེན་འཇམ་གྱི་བྱང་རྩྭ་ཐང་བརྒྱུད་ནས་མེས་རྒྱལ་ནང་སར་ཆིབས་བསྒྱུར་གནང་། ཁོང་གིས་ཞབས་འབྲིང་ཉུང་ཤས་ཤིག་དང་ལྷན་དུ་བྱང་ཤར་དང་ཧྭ་བྱང་ས་ཁུལ་དུ་ཕེབས་པ་དང་། སོག་རིགས་དང་རྒྱ་རིགས་སེར་སྐྱ་མང་ཚོགས་ལ་སངས་རྒྱས་བསྟན་པ་སྤེལ་གནང་ཡོད། སྤྱི་ལོ་༡༩༣༦ལོའི་ཟླ་༧པའི་ཚེས་༡ཉིན། གོ་མིན་ཏང་སྲིད་གཞུང་གིས་པཎ་ཆེན་སྐུ་ཕྲེང་དགུ་པར་རྒྱལ་ཁབ་སྐྱོང་ཞིང་རིན་ཆེན་བླ་བྲེ་ཐམས་ཅད་མཁྱེན་པ། ཞེས་པའི་མཚན་གནས་ཕུལ། པཎ་ཆེན་སྐུ་ཕྲེང་དགུ་པས་ལྷག་བསམ་ཟོལ་མེད་ངང་། ལོ་རྒྱུས་དང་ས་ཁམས་གང་ནས་བལྟས་ཀྱང་། བོད་འདི་ཀྲུང་གོ་དང་བྲལ་ནས་རང་ཚུགས་བྱེད་བསམ་པ་ནི་འགྲུབ་ཐབས་མེད་པ་ཞིག་ཡིན། མཐུན་ན་གཉིས་ཕན་དང་། བྲལ་ན་གཉིས་གནོད་ཡིན་ཞིང་། དེ་ནི་འགྱུར་མེད་ཀྱི་གནས་ལུགས་ཡིན། ཞེས་ལྗགས་རྩོམ་གནང་ཡོད། སྤྱི་ལོ་༡༩༣༦ལོའི་ཟླ་༡༢པར། མཚོ་སྔོན་ཡུལ་ཤུལ་དུ་ཕེབས་ཏེ། བོད་དུ་ཕེབས་རྒྱུའི་གྲ་སྒྲིག་གནང་། འོན་ཀྱང་དགེ་བའི་ལས་ལ་བར་ཆད་མང་ཞེས་པའི་དཔེ་ལྟར། བོད་དུ་ཆིབས་བསྒྱུར་གནང་བར་འགོག་རྐྱེན་སྣ་ཚོགས་འཕྲད་ཅིང་། སྤྱི་ལོ་༡༩༣༧ལོའི་ཟླ་༡༢པའི་ཚེས་༡ཉིན། ཁོང་དགུང་ལོ་ལྔ་བཅུ་ང་ལྔའི་ཐོག་ཡུལ་ཤུལ་རྭ་རྒྱ་དགོན་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ། ལོ་གཅིག་སོང་རྗེས་ཀྱི། སྤྱི་ལོ་༡༩༣༨ལོའི་ལོ་མཇུག་ནས་བཟུང་། བཀྲ་ཤིས་ལྷུན་པོ་དགོན་པས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ལྟར། པཎ་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་བཙལ་འཚོལ་གྱི་ལས་རིམ་དབུ་ཚུགས། བོད་ལྗོངས་ལྷོ་ཁ་ས་ཁུལ་རྒྱ་ཚ་རྫོང་ཁོངས་སུ་བླ་མཚོ་ཞིག་ཡོད་ཅིང་། དེ་ནི་ལྷ་མོ་བླ་མཚོ་ཡིན་ཞིང་བོད་ལྗོངས་སུ་ཀུན་ནས་ཤེས་པའི་བླ་མཚོ་ཞིག་ཡིན། སྤྱིར་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་སྐབས་འགྲོ་ལུགས་མང་པོ་བརྒྱུད་དགོས་ཀྱི་ཡོད་ཅིང་། དེ་དག་ཁྲོད་མཚོ་གཟིགས་ཞུ་རྒྱུ་ནི་གོ་རིམ་དང་པོ་དེ་ཡིན་ལ། ཆེས་ངོ་མཚར་ཆེ་ཤོས་ཀྱི་གོ་རིམ་ཞིག་ཀྱང་ཡིན། དེ་སྔོན་པཎ་ཆེན་སྐུ་ཕྲེང་བཞི་ཡི་ཡང་སྲིད་བཙལ་འཚོལ་ཞུ་སྐབས་དེ་གར་མཚོ་གཟིགས་ཞུས་ཡོད།

པཎ་ཆེན་སྐུ་ཕྲེང་བཞི་པས་གདན་ས་བཀྲ་ཤིས་ལྷུན་པོར་ཁྲི་པ་གནང་བ་ནས་བཟུང་། གདན་ས་འདི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་གནས་སུ་གྱུར། སྐབས་དོན་ཁོང་རྣམ་པས་བཙལ་འཚོལ་ཞུ་བ་ནི་པཎ་ཆེན་དགུ་པའི་ཡང་སྲིད་ཡིན།

ལོ་དྲུག་གི་རྗེས་སུ། སྤྱི་ལོ་༡༩༤༡ལོར་པཎ་ཆེན་ནང་མ་སྒང་གིས་ཡང་སྲིད་བཙལ་འཚོལ་ཚོ་ཆུང་སྒྲིག་འཛུགས་གནང་བ་དང་། མཚོ་གཟིགས་གནས་ཚུལ་ལ་གཞིགས་ནས། གངས་ལྗོངས་ཤར་རྒྱུད་ཀྱི་ཨ་མདོ་ས་ཁུལ་དུ་ཡང་སྲིད་བཙལ་འཚོལ་ཞུ་བར་ཕེབས། བཙལ་འཚོལ་ཞུ་མཁན་ཁག་ནས་སྐྱེ་འབྲས་བཟང་ལ་བློ་རིག་བཀྲ་བའི་ཁྱེའུ་མང་པོ་བཙལ་འཚོལ་ཐུབ། མཚོ་སྔོན་སྐུ་འབུམ་དགོན་ནས། ཁྱེའུ་བཅུ་གཉིས་ཀྱི་ནང་ནས་གདམ་བྱའི་ཁྱེའུ་དྲུག་ཞིབ་འབྱེད་ཞུས་ཏེ། དངོས་རིགས་ངོས་འཛིན་གྱི་མཛད་སྒོ་གཉེར་ཡོད་པ་རེད། དེ་ནི་མཚོ་གཟིགས་ཞུས་རྗེས་ཀྱི་འགག་གནད་ཆེ་ཤོས་ཀྱི་མཛད་སྒོ་ཞིག་རེད། སྐྱེ་འབྲས་ལེགས་ལ་བློ་རིག་བཀྲ་བ། སྐྱེ་རུས་མཐོ་བའི་མགོན་པོ་ཚེ་བརྟན་གྱིས། མཉམ་བསྲེས་ཞུས་པའི་དངོས་རིགས་ཁྲོད་ནས་རང་ཁྱིམ་གྱི་ནོར་བུ་བགྲང་བ་ལྟར་ནོར་འཕྱུགས་མེད་པར་པཎ་ཆེན་སྐུ་ཕྲེང་དགུ་པའི་ཕྱག་ཕྲེང་དང་། ཕྱག་དཔེ། མཆོད་ཞལ། ལྗགས་ཁེམ། ཆབ་གཟན། སྟོད་འགག་བཅས་བླངས་པས། དེ་གར་ཡོད་པའི་མི་རྣམས་ཧང་སངས་པ་དང་། ཡ་མཚན་ཆེན་པོ་སྐྱེས། མགོན་པོ་ཚེ་བརྟན་གྱི་ཡབ་གུར་མགོན་ཚེ་བརྟན་ནི་ས་སྐྱ་འཁོན་གྱི་གདུང་རྒྱུད་ཡིན་པ་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པའི་གདུང་རྒྱུད་བིས་མདོ་སྟོང་དཔོན་ཡིན་པ་རེད། གདུང་རྒྱུད་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་དབང་གྲགས་ཆེ་ཞིང་གཞི་ཁྱོན་ཆེ་བའི་ས་སྐྱའི་རྒྱལ་རབས་འཛུགས་མཁན་དང་། མེས་རྒྱལ་ནང་སར་བོད་བརྒྱུད་ནང་བསྟན་སྤེལ་མཁན་དང་པོ། སོག་པོའི་ཝང་གིས་པཎྜི་ཏའི་མཚན་གནས་ཕུལ་བ་དང་པོ་བཅས་ཡིན་ཞིང་། བོད་མེས་རྒྱལ་གྱི་པང་དུ་ལོག་རྒྱུར་ལེགས་སྐྱེས་ཕུལ་ཡོད། མགོན་པོ་ཚེ་བརྟན་ནི་བིས་མདོ་སྟོང་དཔོན་གྱིས་བཞེངས་པའི་སྲུང་མའི་ལྷ་ཁང་རྙིང་པ་ཞིག་གི་འགྲམ་དུ་སྐུ་འཁྲུངས། གནའ་བོའི་དགོན་པ་དང་། གནའ་བོའི་ཤིང་སྡོང་། གནའ་བོའི་གདུང་རྒྱུད་བཅས་ཀྱི་དབང་གྲགས་ཆེ་བའི་སྤྱི་ཚོགས་ཀྱི་ཤུགས་རྐྱེན། ངོ་མཚར་ཆེ་བའི་ལས་སྐལ། མ་གྲོས་གཅིག་མཐུན་གྱི་སྣང་ཚུལ་བཅས་ཀྱི་ཐོག་ནས་ཁྱེའུ་ཁོང་པཎ་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་འོས་སྤྲུལ་འཁྲུལ་མེད་ལ་ངོས་འཛིན་བྱུང་ཞིང་། གསེར་བུམ་དཀྲུག་འདོན་མི་དགོས་པའི་གཏན་ཁེལ་བྱས།

ལོ་རྒྱུས་ཀྱི་ངེས་སྲོལ་ནི། པཎ་ཆེན་སྐུ་ཕྲེང་རིམ་བྱོན་ལ་ཀྲུང་དབྱང་སྲིད་གཞུང་ནས་ཆོག་མཆན་གནང་ཚེ། གཞི་ནས་ཁྲིམས་ལུགས་ཐོག་གི་ངེས་གཏན་འགྲོ་ལུགས་ལེགས་གྲུབ་བྱུང་བ་ཞིག་ཡིན། གོ་མིན་ཏང་སྲིད་གཞུང་གིས་སྤྱི་ལོ་༡༩༤༩ལོའི་ཟླ་༦པའི་ཚེས་༣ཉིན་བཀའ་རྒྱ་བསྒྲགས་པའི་ནང་། བློ་རིག་བཀྲ་ཞིང་ངོ་མཚར་ཆེ་བའི་མཚོ་སྔོན་གྱི་ཁྱེའུ་མགོན་པོ་ཚེ་བརྟན་པཎ་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་འཁྲུལ་མེད་ཡིན་པས། གསེར་བུམ་དཀྲུག་འདོན་མི་དགོས་པར། པཎ་ཆེན་སྐུ་ཕྲེང་བཅུ་པར་ངོས་འཛིན་ཆོག་པའི་དམིགས་བསལ་ཆོག་མཆན་སྤྲོད་རྒྱུ་ཞེས་འཁོད་ཡོད་པ་རེད། ལོ་དེའི་ཟླ་༨པའི་ཚེས་༡༠ཉིན། གོ་མིན་ཏང་སྲིད་གཞུང་སོག་བོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀོན་ཅེ་ཡུས་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཀྲུའུ་ཞི་གཉིས་ཀྱིས་གཙོ་སྐྱོང་ཞུས་པའི་འོག སྐུ་འབུམ་དགོན་འཇམ་དབྱངས་ལྷ་ཁང་དུ་ཁྲི་འདོན་མཛད་སྒོ་གཟབ་རྒྱས་ངང་སྤེལ་ཡོད་པ་རེད། ཀན་སུའུ་ཞིང་ཆེན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཚན་སྙན་ཆེ་བའི་མཆོག་སྤྲུལ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་སྐྲ་ཕུད་བཞེས་པ་དང་། དགེ་ཚུལ་གྱི་སྡོམ་པ་གནང་ནས། ཆོས་མིང་ལ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ།

ཟླ་བ་གཅིག་གི་རྗེས་སུ། ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་ཕྱེ་ཤིང་། བཅིངས་འགྲོལ་དམག་གིས་མཚོ་སྔོན་བཅིངས་འགྲོལ་བཏང་། དེ་ནས་ཟླ་བ་གཅིག་གི་རྗེས། ཀྲུང་ཧྭ་ས་གཞི་ཆེན་པོར་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཞིང་། སྤྱི་ཟླ་༡༠པའི་ཚེས་༡ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས། རླུང་རྟ་དར་བའམ་ལམ་འགྲོ་རྒྱུགས་ཞེས་པ་ནི། གོ་སྐབས་སླེབས་པའི་སྐབས་སུ། གྲ་སྒྲིག་ཨང་གསར་ཡོད་པར་ཟེར་གྱི་ཡོད། ལོ་དེར་དགུང་ལོ་བཅུ་གཅིག་ཡིན་པའི་པཎ་ཆེན་སྐུ་ཕྲེང་བཅུ་པས་རྒྱལ་ཁབ་དབུ་བརྙེས་པའི་ཉིན་དེར་རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞིར། པཎ་ཆེན་སྐུ་རིམ་བྱོན་རྒྱལ་ཁབ་ནས་དྲིན་གྱིས་བསྐྱངས་ཞེས་པ་དང་། ཀྲུང་དབྱང་མི་དམངས་སྲིད་གཞུང་དབུ་བརྙེས་པར་གུས་འདུད་ཞུ་བའི་གློག་འཕྲིན་ཕུལ། དེ་ནས་ཟླ་བ་གཉིས་མ་འགོར་བར། ལོ་དེའི་ཟླ་༡༡པའི་ཚེས་༢༣ཉིན། པཎ་ཆེན་སྐུ་ཕྲེང་བཅུ་པར་པེ་ཅིན་ནས་མའོ་ཀྲུའུ་ཞི་དང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེས་བཏང་གནང་བའི་ཏར་ལན་འབྱོར་ཞིང་། པཎ་ཆེན་སྐུ་ཕྲེང་བཅུ་པས་བོད་ལྗོངས་ཡོངས་ཀྱི་རྒྱལ་གཅེས་མི་སྣ་དང་མཉམ་དུ་འབད་བརྩོན་གནང་ནས། བོད་ཀྱི་བཅིངས་འགྲོལ་དང་རྒྱ་བོད་མི་དམངས་ཀྱི་མཐུན་སྒྲིལ་ཆེད་འབད་འཐབ་གནང་རྒྱུའི་ཐུགས་རེ་གནང་ཡོད་པ་རེད། བོད་ཀྱི་ལོ་རྒྱུས་ཐོག་སྤྱི་ལོ་༡༩༥༡ལོ་ནང་བཞིན་མཚར་སྡུག་འོད་སྣང་ལྡན་པའི་ལོ་གཅིག་ཀྱང་འབྱུང་མྱོང་མེད། སྤྱི་ཟླ་༥པའི་ཚེས་༢༣ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གིས་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་ལ་པེ་ཅིང་དུ་མིང་རྟགས་བཀོད་ནས། བོད་ལྗོངས་མི་དམངས་དང་མེས་རྒྱལ་མི་དམངས་ཤ་ཁྲག་གཅིག་ཏུ་འབྲེལ་བ་དང་། བོད་ཀྱི་མངའ་ཁོངས་དང་མེས་རྒྱལ་གྱི་རི་ཀླུང་ཁ་འབྲལ་ཐབས་མེད་པར་གྱུར་ཅིང་། བོད་ལ་བཅིངས་འགྲོལ་ཐོབ་པ་རེད། དེའི་གོང་གི་སྤྱི་ཟླ་༢པའི་ནང་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་པཎ་ཆེན་སྐུ་ཕྲེང་བཅུ་པ་བོད་ཀྱི་དོན་ཆེན་ལ་གྲོས་བསྡུར་གནང་བར་པེ་ཅིན་དུ་གདན་འདྲེན་ཞུས། སྤྱི་ཟླ་༤པའི་ཚེས་༢༧ཉིན་པཎ་ཆེན་རིན་པོ་ཆེས་ནང་མ་སྒང་གི་སེར་སྐྱ་དཔོན་རིགས་བཞི་བཅུ་ཞེ་ལྔར་སྣེ་ཁྲིད་གནང་ནས་པེ་ཅིན་དུ་ཕེབས་འབྱོར་བྱུང་བ་དང་། ཉིན་དེའི་དགོང་མོ་ཙུང་ལི་ཀྲོའུ་ཨེན་ལེས་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས། དགུང་ལོ་བཅུ་གསུམ་ལ་ཕེབས་ཙམ་ཡིན་པའི་པཎ་ཆེན་རིན་པོ་ཆེས་བྱིས་ཉམས་ཆེ་བའི་བཞིན་རས་དང་། མཚར་སྣང་སྐྱེ་བའི་སྤྱན་ཟུང་གིས་ཕྱོགས་གང་སར་གཟིགས་བཞིན་ཡོད་པ་དང་། དཀའ་སྡུག་སྣ་ཚོགས་བརྒྱུད་མྱོང་ཞིང་ཐུགས་སྣང་གཤིན་པའི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་དང་ལྷན་ཅིག་བཞུགས་སྐབས། དེ་བས་ཀྱང་ཞི་དུལ་ལྡན་ཞིང་གུས་ཞབས་ཆེ་བ་དང་། བབ་ཆགས་ཚུལ་ལྡན་ཞིག་ཏུ་སྣང་། སྤྲུལ་པའི་སྐུ་ནི་གནས་བབ་དམིགས་བསལ་ཡིན་ལ་དམིགས་བསལ་གྱི་གཟིགས་སྐྱོང་ཀྱང་ཡོད། འོན་ཀྱང་སངས་རྒྱས་ཆོས་གཞུང་སློབ་སྦྱོང་དང་། སྒོམ་སྒྲུབ་ཉམས་ལེན་གནང་དགོས་པ་མ་ཟད། སློབ་གསོའི་གོ་སྐབས་བཟང་པོ་ཡོང་གི་ཡོད། སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལིས་བྱད་གཟུགས་བཟང་ཞིང་གྲུང་ཤ་དོད་པའི་ན་ཆུང་གི་སྤྲུལ་སྐུ་ཞེས་གསུངས་ཡོད།

སྤྱི་ཟླ་༥པའི་པེ་ཅིང་ནི་དཔྱིད་ཀྱི་དཔལ་ཡོན་རྒྱས་ཤིང་། དྲོ་སྐྱིད་ཉི་འོད་ཁྲོད་དུ་ཚེ་སྲོག་འབུས་པའི་གྲབས་གཤོམ་བྱེད་བཞིན་མཆིས། བརྗིད་ཉམས་ལྡན་པའི་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་དུ་ཚོན་ཁྲ་ཅན་གྱི་དར་ཆ་ལྷབ་ལྷུབ་ཏུ་གཡོ་བ་དང་། ཡངས་ཤིང་རྒྱ་ཆེ་བའི་ཐང་ཆེན་ཐོག་མི་ཚོགས་ཀྱིས་ཁེངས་ཤིང་། བར་སྣང་གླུ་སྒྲས་ཁེངས། སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཀྱི་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ཐེངས་གཉིས་པ་དེ་དེ་གར་གཏོང་བཞིན་ཡོད་པ་རེད། པཎ་ཆེན་སྐུ་ཕྲེང་བཅུ་པས་ལི་ཁྲི་མདོག་གི་གོས་ཆེན་གྱི་ན་བཟའ་ཞིག་མནབས་པ་དང་། དཀར་གཙང་མཇལ་དར་ཞིག་བསྣམས་ནས་རྒྱལ་ཁབ་དབུ་བརྙེས་པར་མཛད་རྗེས་ཆེན་པོ་འཇོག་མཁན་རྣམས་དང་ལྷན་དུ་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་དུ་ཕེབས་ཡོད་པ་རེད། མའོ་ཀྲུའུ་ཞིས་ཕྱག་གཡུག་གཡུག་གནང་བཞིན་ཐོག་ཁང་ཏུ་ཕེབས། པཎ་ཆེན་སྐུ་ཕྲེང་བཅུ་པས་བླ་ན་མེད་པའི་གུས་སེམས་ཀྱི་ཐོག་ནས་ཕྱག་གཉིས་ལ་མཇལ་དར་བསྣམས་ཤིང་ཞབས་སྟབས་དལ་པོའི་ངང་མདུན་དུ་བཅར་ནས། མའོ་ཀྲུའུ་ཞིར་གུས་ཞབས་ཀྱི་མཇལ་དར་ཕུལ་བ་དང་། དད་གུས་ཀྱི་ཐལ་མོ་སྦྱར་ནས་མའོ་ཀྲུའུ་ཞིར་བཀྲ་ཤིས་སྨོན་འདུན་ཞུས་ཡོད་པ་རེད། མའོ་ཀྲུའུ་ཞིས་མཇལ་དར་བཞེས་པ་དང་། མཐའ་སྐོར་གྱི་སྐུ་མགྲོན་ལ་གཟིགས་བཞིན་མཇལ་དར་གཡུག་གཡུག་གནང་བས། ཐོག་ཁང་ཐོག་གི་སྐུ་མགྲོན་རྣམས་ནས་ཡ་མཚན་ཆེན་པོས་གཟིགས་ཡོད་པ་རེད། ལང་ཚོ་དར་ལ་བབ་པའི་པཎ་ཆེན་སྐུ་ཕྲེང་བཅུ་པས། དུས་དེར་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱིས་མེས་རྒྱལ་ལ་བློ་དཀར་སེམས་དཀར་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་མཚོན་པར་གནང་ཡོད་ལ། བོད་ཀྱི་ཆོས་ལུགས་གཙོ་འཛིན་ཡིན་པའི་པཎ་ཆེན་རིན་པོ་ཆེའི་མི་དམངས་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། ཁ་ཞེ་གཉིས་མེད་ཀྱིས་མི་དམངས་དང་མེས་རྒྱལ་ལ་ཞབས་འདེགས་ཞུ་བའི་ཆོད་སེམས་ཀྱང་མངོན་པར་གནང་ཡོད།

མའོ་ཀྲུའུ་ཞིས་བོད་ཀྱི་ལས་དོན་སྐོར་གླེང་གནང་སྐབས། གནད་དོན་གང་ཞིག་ཡོད་པ་སྒྲོག་ཙེའི་ཐོག་བཞག་ནས་གླེང་མོལ་བྱེད་དགོས། རྩོད་གླེང་བྱེད་ཆོག་པ་དང་། ཁ་འཛིང་བྱེད་ཆོག འོན་ཀྱང་ཁ་འབྲལ་རྒྱུ་མེད། ཚང་མ་ཁྱིམ་ཚང་གཅིག་རེད། ཁྱིམ་ནང་གི་དོན་དག་གྲོས་བསྡུར་བྱས་ནས་རིམ་བཞིན་སྒྲུབ་ཆོག་ཅེས་གསུངས་ཡོད་པ་རེད། དེ་ནི་མའོ་ཀྲུའུ་ཞིས་བོད་ཀྱི་གཙོ་འཛིན་མི་སྣར་མཇལ་འཕྲད་གནང་ཐེངས་དང་པོ་རེད།

སྤྱི་ལོ་༡༩༥༡ལོའི་ཟླ་༡༢པའི་ཚེས་༡༥ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་དེ་གཞི་ཁྱོན་དེ་བས་རྒྱ་ཆེ་བ་དང་། བརྗིད་ཉམས་དེ་བས་ཆེ་བ། རྣམ་པ་སྔར་བས་འཁྲུག་པ་ཞིག་ཆགས་ཡོད། སྐབས་དེར་ནུབ་བྱང་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡིན་པའི་ཞི་ཀྲུང་ཤུན་གྱིས་མའོ་ཀྲུའུ་ཞི་དང་། ཀྲོའུ་ཙུང་ལིའི་བཀའ་མངགས་དང་ལེན་གནང་ནས་ཟི་ལིང་དུ་ཕེབས་ཏེ་འཚམས་འདྲི་བརྒྱུད་བསྒྲགས་གནང་བ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པ་བོད་དུ་ཆིབས་ཁ་བསྒྱུར་བར་ཕེབས་སྐྱེལ་ཞུས་ཡོད་པ་རེད། ཉིན་དེར་ཁོང་རྣམ་པས་དེ་གར་མཛུབ་སྟོན་བརྒྱུད་བསྒྲགས་ཞུས་པ་དང་། སྨོན་འདུན་གསུངས་གནང་བ། སྙིང་གཏམ་ལྷུག་གླེང་གནང་ཡོད་པ་རེད། ཞི་ཀྲུང་ཤུན་ནི་པཎ་ཆེན་སྐུ་ཕྲེང་བཅུ་པས་མཇལ་བའི་རང་རེའི་ཏང་གི་མཐོ་རིམ་ལས་བྱེད་པ་དང་པོ་ཡིན་པ་རེད། དེ་སྔོན་ཞི་ཨན་བརྒྱུད་ནས་པེ་ཅིན་དུ་ཐེངས་དང་པོ་ཕེབས་སྐབས། ཞི་ཀྲུང་ཤུན་སྐུ་ངོ་མ་གནམ་གྲུ་ཐང་དུ་ཕེབས་ནས་དགའ་བསུ་ཞུས་པ་དང་། ཉིན་དེའི་དགོང་མོ་ཞི་ཨན་དུ་དགའ་བསུ་ཞུ་བའི་གསོལ་སྟོན་གཟབ་རྒྱས་བཤམས། གསུང་གླེང་ཞིབ་རྒྱས་གནང་སྐབས་པཎ་ཆེན་རིན་པོ་ཆེའི་རྒྱལ་གཅེས་ཀྱི་སྤྲོ་སེམས་དང་། ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྒྱུད་ཀྱིས་ཞི་ཀྲུང་ཤུན་ལ་བག་ཆགས་ཟབ་མོ་བཞག་གནང་ཡོད་པ་རེད། ཉིན་དེའི་དགོང་མོ་ཞི་ཀྲུང་ཤུན་གྱིས་ཐུགས་ཁུར་ཆེན་པོའི་ངང་ནས་པཎ་ཆེན་སྐུ་ཕྲེང་བཅུ་པར། བོད་ཀྱི་ལས་དོན་མཐའ་དག་ལ་གཟབ་ནན་བརྟན་བགྲོད་ཀྱི་བྱེད་ཕྱོགས་ལག་བསྟར་བྱེད་དགོས་ཤིང་། ཆ་རྐྱེན་མ་འཛོམས་པའི་བྱ་བ་བསྒྲུབ་མི་ཉན་པ་དང་། མཐོ་རིམ་རྒྱལ་གཅེས་མི་སྣ་དང་གཙོ་འཛིན་མི་སྣས་མོས་མཐུན་མེད་པའི་བྱ་བ་བསྒྲུབ་མི་ཉན། བཙན་རྒོལ་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་དེ་བོད་ཀྱི་ལས་དོན་གཙོ་བོ་ཡིན་ཞེས་གསུངས་ཡོད་པ་རེད། དེ་ནས་བཟུང་པཎ་ཆེན་སྐུ་ཕྲེང་བཅུ་པ་དང་ཞི་ཀྲུང་ཤུན་རྣམ་གཉིས་བར་སྤུན་མཆེད་ལྟར་ཐུགས་བརྩེ་ཟབ་པ་དང་། སྐྱིད་སྡུག་མཉམ་མྱོང་གི་འབྲེལ་འདྲིས་ཟབ་མོ་ཆགས་ཡོད། ལོ་ངོ་བཞི་བཅུ་ལྷག་ཙམ་གྱི་འབྲེལ་གཏུག་ནང་། པཎ་ཆེན་རིན་པོ་ཆེས་ཞི་ཀྲུང་ཤུན་བཤེས་གཉེན་དམ་པ་ཞིག་ཏུ་བརྩིས་གནང་ནས་ཐུགས་ལ་དཀའ་གནད་འཕྲད་སྐབས་ཁེངས་སྐྱུང་ངང་བཀའ་འདྲི་ཞུ་བ་དང་། དཀའ་ཚེགས་འཕྲད་གནང་སྐབས་ཐུགས་གཏད་ལྷུག་གླེང་ཞུ་ས་གནང་གི་ཡོད་པ་རེད། ཞི་ཀྲུང་ཤུན་སྐུ་ན་བགྲེས་ཤིང་སྐུ་གཟུགས་སྐྱོ་པོ་ཆགས་པའི་སྐབས་པཎ་ཆེན་རིན་པོ་ཆེས་ཁོང་སྐུ་ཚེ་ཞབས་པད་བརྟན་པའི་ཐུགས་བསྐྱེད་སྨོན་ལམ་གནང་གི་ཡོད་པ་རེད། པཎ་ཆེན་རིན་པོ་ཆེ་སྟབས་མ་ལེགས་པར་དགོངས་པ་གཞན་དོན་དུ་གཤེགས་སྐབས། ཞི་ཀྲུང་ཤུན་གྱིས་བརྗོད་ལས་འདས་པའི་གདུང་སེམས་ཆེན་པོ་གནང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཡིན་པའི་ངོས་ནས། ཁོང་གིས་ཐེངས་དང་པོར་དྲན་གསོའི་རྩོམ་ཡིག་བྲིས་གནང་ཡོད་པ་རེད།

སྤྱི་ཟླ་༡༢པའི་ཚེས་༡༨ཉིན། ཟི་ལིང་དུ་པཎ་ཆེན་སྐུ་ཕྲེང་བཅུ་པ་བོད་ལ་ཆིབས་བསྒྱུར་གནང་བའི་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་ཡོད། ཞི་ཀྲུང་ཤུན་གྱིས་མའོ་ཀྲུའུ་ཞི་དང་། ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཕྱག་ནས་དམ་པོར་འཇུས་ཤིང་བརྩེ་བ་ཟབ་མོའི་ངང་། བོད་ལྗོངས་མི་དམངས་ཀྱི་ཁྲོད་དུ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ལ་བླ་ན་མ་མཆིས་པའི་ཤུགས་རྐྱེན་ཆེན་པོ་ལྡན་ཡོད། པཎ་ཆེན་རིན་པོ་ཆེ་བོད་ནས་ཞལ་གྱེས་ཏེ་ལོ་ངོ་ཉེར་བརྒྱད་སོང་རིང་། བོད་ལྗོངས་མི་དམངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་དྲན་བཞིན་ཡོད། ཁྱེད་རང་འཁོར་ཞབས་རྣམས་ཕེབས་ལམ་བདེ་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། བོད་སྐྱོད་དཔུང་ཆེན་དེའི་ནང་པཎ་ཆེན་ནང་མ་སྒང་གི་དཔོན་རིགས་ཡོད་ལ། ཞབས་འབྲིང་གཉེན་ཉེ། ཉེན་སྲུང་དཔུང་སྡེ་བཅས་མི་སྣ་བཞི་རྒྱ་ལྷག་ཙམ་ཡོད་པ་རེད། ད་དུང་སྲུང་སྐྱེལ་ཞུ་མཁན་བཅིངས་འགྲོལ་དམག་གི་དམག་མི་ཉིས་སྟོང་ལྷག་ཙམ་ཡོད་ཅིང་། དེའི་ནང་ཀྲུང་དབྱང་འཕྲོད་བསྟེན་པུས་མངགས་གཏོང་ཞུས་པའི་སྨན་བཅོས་རུ་ཁག་དང་། ཀྲུང་དབྱང་རིག་གནས་པུས་མངགས་གཏོང་ཞུས་པའི་གློག་བརྙན་པར་ལེན་རུ་ཁག་ཡོད་པ་མ་ཟད། ད་དུང་ནུབ་བྱང་དམག་ཁུལ་ཁང་ནས་མཁོ་འདོན་ཞུས་པའི་ཁ་པར་འཕྲིན་གཏོང་རུ་ཁག་བཅས་ཡོད་པ་རེད། ཕེབས་ལམ་གྱི་ཉེན་ཁ་ཆེ་ཤོས་ནི་གདང་ལ་བརྒལ་རྒྱུ་དེ་ཡིན་ཞིང་། མཚོ་སྔོན་དང་བོད་ལྗོངས་གཉིས་འཕྲེད་བཅད་བྱས་པའི་ལ་བཙན་པོ་དེའི་ས་བབ་མཐོ་ཤོས་ལ་སྨི་ལྔ་སྟོང་བརྒྱད་བརྒྱ་ལྷག་ཡོད་པ་དང་། རི་ཀླུང་ཁ་བས་གཡོགས་ཤིང་། གྲང་ངར་གྱིས་ན་ཟུག་གཏོང་གི་ཡོད་པ་རེད། ལ་མཐོ་ལ་གསོ་རླུང་དཀོན་པས། མི་རྣམས་མགོ་ཡུ་འཁོར་བ་དང་། རྐང་པ་གཉིས་ལ་ཤུགས་མེད་པ། དབུགས་རྔུབ་གཏོང་དཀའ་བ། གོམ་པ་རེ་རེ་སྤོ་དུས་རྒྱ་མ་སྟོང་ཕྲག་གི་རྡོག་ཁྲེས་ཁུར་བ་ལྟར་གྱི་ཚོར་སྣང་ཡོང་གི་ཡོད། ས་མཐོའི་གྲུ་གཟིངས་ཞེས་བརྗོད་པའི་ཁལ་གཡག་ཀྱང་ཉིན་རེར་ལེ་དབར་ཉི་ཤུ་ལས་བགྲོད་མི་ཐུབ་པ་དང་། རྔ་མོང་ནི་དེ་བས་ཀྱང་བྲང་ཁོག་རླུང་གི་སྦུད་པ་བཞིན་འཕར་ཆག་ཆེན་པོ་བྱེད་པ་དང་། དབུགས་ཧལ་པ། ཁ་ནས་ལྦུ་བ་དོན་པ། ལུས་གཟུགས་འཁྱར་འཁྱོར་བྱེད་པ། ཐ་ན་གོམ་པ་སྤོ་ཐུབ་ཀྱི་མེད་པ་རེད། གངས་རིའི་ཐོག་ཏུ་རྩྭ་དཀོན་པ་དང་། ལུས་ཤུགས་ཟད་གྲོན་ཆེ་བས། ཕྱུགས་ཟོག་མི་ཉུང་བ་ཞིག་ས་ཐོག་ཏུ་འགྱེལ་གྱི་ཡོད་ཅིང་། ལམ་བར་དུ་ཁལ་གཡག་དང་རྟ་དང་རྔ་མོང་བཅས་ཀྱི་ཀེང་རུས་ཀྱིས་ཁེངས་པ་དང་། གདང་ལ་བརྒྱུད་ནས་འགྲོ་བའི་དཀའ་སྤྱད་འགྲུལ་བཞུད་ཀྱི་ལམ་རྟགས་ལྟ་བུར་གྱུར། འགག་རྩའི་དུས་སྐབས་དེར། ཞི་ཀྲུང་ཤུན་གྱིས་གློག་འཕྲིན་བཏང་གནང་ནས། གནས་ཚུལ་མཁྱེན་རྟོགས་གནང་བ་དང་། ཚང་མས་དཀའ་ཉེན་ཁྱད་གསོད་བྱས་ནས། གངས་རི་ཆེན་པོ་བདེ་འཇགས་ངང་བརྒལ་རྒྱུའི་སྐུལ་ལྕག་གནང་ཡོད། བྱམས་བརྩེ་ཆེ་བའི་ཐུགས་ཁུར་གྱིས། དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་བའི་བློ་སྟོབས་རྒྱས་ཤིང་། ཆོད་སེམས་སྟོབས་ཤུགས་སུ་གྱུར་བ་དང་། ལེགས་སྒྲུབ་ཀྱི་སེམས་ཤུགས་སྐྱེས་ཡོད། ཞབས་འབྲིང་མི་སྣ་ཡོངས་ཀྱིས་ས་བབ་མཐོ་ཚད་སྨི་ལྔ་སྟོང་ཡན་གྱི་གངས་རི་བརྒལ་བགྲོད་བྱས་པ་དང་། བར་སྣང་དུ་བྱ་རིགས་མི་འཕུར་བ་དང་། ས་ངོས་སུ་སྔོ་རྩྭ་མི་སྐྱེ་བ། ཐལ་རྡུལ་རླུང་འཚུབ་ཀྱིས་ཁེངས་པའི་ལེ་དབར་སུམ་བརྒྱའི་ཐང་སྟོང་སྐྱ་མོ་བརྒལ་བགྲོད་བྱས་ནས། བདེ་བླག་ངང་བོད་ལྗོངས་ཀྱི་ས་ཁོངས་སུ་འབྱོར།

བོད་ལྗོངས་ཀྱི་ས་ཁོངས་སུ་འབྱོར་རྗེས། བོད་ས་གནས་སྲིད་གཞུང་གིས་མངགས་གཏོང་ཞུས་པའི་ཕེབས་བསུར་བཅར་མཁན་དཔོན་རིགས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་པ་དང་། ལག་ཏུ་མཇལ་དར་བཟུང་བ། རུ་བསྟར་སྒྲིག་ནས་ཕེབས་བསུ་ཞུས། བཀྲས་ལྷུན་དགོན་ནས་མངགས་གཏོང་ཞུས་པའི་ཕེབས་བཅར་དཔོན་རིགས་ཀྱིས། སྲོལ་རྒྱུན་གོམས་སྲོལ་ལྟར་སྦྲ་གུར་ཕུབ་ནས་དགའ་བསུ་ཞུས། ལམ་རྒྱུད་ཀྱི་འབྲོག་པ་རྣམས་ཀྱིས་རྟ་བཞོན་པ་དང་། མཇལ་དར་གཡུག་གཡུག་བྱེད་པའམ་ཡང་ན་དཀར་ཟས་འོ་མ་བཏེགས་ནས་ལམ་འགྲམ་དུ་ཕེབས་སྒུག་ཞུས་ཡོད། སྤྱི་ལོ་༡༩༥༡ལོའི་ཟླ་༡༢པའི་ཚེས་༡༨ཉིན། ཟི་ལིང་ནས་ཆིབས་བསྒྱུར་གནང་ཞིང་། ལམ་བར་དུ་ཟླ་བ་དྲུག་རིང་ལེ་དབར་བཞི་སྟོང་སུམ་བརྒྱ་བསྐྱོད་པ་བརྒྱུད། སྤྱི་ལོ་༡༩༥༢ལོའི་ཟླ་༦པའི་ཚེས་༢༣ཉིན་པཎ་ཆེན་རིན་པོ་ཆེ་གཙང་གི་གྲོང་བརྡལ་གཙོ་བོ་གཞིས་རྩེར་ཕེབས་འབྱོར་ཟིན་པ་རེད། དད་པ་ནི་ནང་ཆོས་ཀྱི་བླ་སྲོག་ལྟ་བུ་ཡིན་ལ། ཉམས་ལེན་ནི་དད་པ་སྐྱེ་བར་བྱེད་པའི་ཐབས་ཉག་ཅིག་དེ་ཡིན། དེ་ནི་བཀྲས་ལྷུན་དགོན་གྱི་སེར་སྐྱ་མང་ཚོགས་ནས་ལོ་ངོ་སུམ་ཅུ་ཙམ་སྐོམ་པ་ཆུ་འདོད་ལྟར་རེ་སྒུག་ཞུས་པ་ཞིག་ཡིན་ཞིང་། གཞིས་རྩེ་གྲོང་ཁྱེར་གྱི་ཁྲོམ་གཞུང་སྲང་ལམ་གང་སར་མི་ཚོགས་ཀྱིས་ཁེངས་ཤིང་། ལེ་དབར་བཅུ་ཕྲག་ནས་ཡོང་བའི་ཞིང་པ་རྣམས་ཀྱིས་ཉིན་མཚན་ལྟོས་མེད་ཀྱིས་ལམ་ཟུར་དུ་ཕེབས་སྒུག་ཞུས་པ་དང་། ལེ་དབར་བརྒྱ་ཕྲག་ནས་ཡོང་བའི་མང་ཚོགས་རྣམས་ཀྱིས་གྲོང་འདབས་སུ་སྦྲ་གུར་ཕུབ་ནས་བསྡད་ཡོད། པཎ་ཆེན་སྐུ་ཕྲེང་བཅུ་པ་ཕེབས་བྱམས་ལ་བཞུགས་ནས་གྲོང་ཁུལ་དུ་ཕེབས་སྐབས། སེར་སྐྱ་མང་ཚོགས་དྲུག་ཁྲི་ལྷག་ཙམ་གྱིས་བར་ཐག་ལེ་དབར་བཅུ་ཙམ་རུ་བསྟར་སྒྲིག་ནས་ཕེབས་སྒུག་ཞུས་ཡོད་པ་དང་། མི་རྣམས་ཀྱིས་ལག་ཏུ་གྲོ་སོ་ཕྱེ་མར་དང་། བཀྲ་ཤིས་མཇལ་དར། དྲི་ཞིམ་མེ་ཏོག ལོ་ལེགས་སྙེ་མ་བཅས་བཏེགས་ནས་མཛེས་སྡུག་རྣམ་པར་བཀྲ་བའི་ལམ་ཆེན་ཞིག་ཆགས་ཡོད། ངང་ཚུལ་དེ་ལྟ་བུ་གཞིས་རྩེའི་ལོ་རྒྱུས་ཐོག་བྱུང་མྱོང་མེད་ཅིང་། མི་རིགས་ཀྱི་བརྩེ་དུང་དང་། ཆོས་ལུགས་ཀྱི་བརྩེ་དུང་ཟབ་མོས། ལོ་རྒྱུས་ཀྱི་དཔེ་རིས་འགོད་པར་བྱས་ཡོད། པཎ་ཆེན་སྐུ་ཕྲེང་བཅུ་པ་འདུ་ཁང་དུ་ཕེབས་པ་དང་། པཎ་ཆེན་སྐུ་རིམ་བྱོན་གྱི་གསེར་ཁྲིའི་ཐོག་བཞུགས་ཤིང་། རྒྱབ་ཕྱོགས་ཀྱི་ཀ་རིང་ཆེན་མོའི་ཐོག་མའོ་ཀྲུའུ་ཞིའི་སྐུ་པར་བཀལ་ནས། དགོན་སྡེའི་གྲ་བཙུན་ཡོངས་ནས་གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་བའི་སེམས་པ་མཚོན་པར་བྱས་པ་དང་། དགོན་སྡེའི་ཡང་སྟེང་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བར་བྱས། འདི་ནི་མེས་རྒྱལ་གྱི་མཆོག་ཏུ་གྱུར་པའི་དག་པའི་ཞིང་ཁམས་ཡིན་པར་བསྟན་ཡོད།

པཎ་ཆེན་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་ནས་ལོ་ངོ་སུམ་ཅུ་འཁོར་བའི་སྐབས་འདིར། ངའི་དྲན་སེམས་དང་སྡུག་བསྔལ་ཇེ་ཆེར་འགྲོ་བཞིན་མཆིས། ཁོང་ནི་སྤྲུལ་པའི་སྐུ་ཞིག་ཡིན་ལ། དེ་བས་ཀྱང་སྐྱེ་བོ་ཕལ་པ་ཞིག་ཡིན། ཁོང་ནི་ངོ་མཚར་ཅན་གྱི་སྐྱེ་བོ་ཞིག་ཡིན་ལ། འཕགས་པའི་སྐྱེས་ཆེན་དམ་པ་ཞིག་ཀྱང་ཡིན། ཁོང་ལྟ་བུ་སྔར་བྱོན་མ་མྱོང་ལ། མ་འོངས་པར་ཡང་འབྱོན་མི་སྲིད་ཅེས་བརྗོད་པར་དཀའ་ནའང་། བྱོན་པར་ཤིན་ཏུ་དཀའ་བ་ཞིག་ཡིན་ཞེས་བརྗོད་ཆོག་པ་སྨོས་ཅི་དགོས། སྤྱི་ལོ་༡༩༥༤ལོའི་ཟླ་༡༢པའི་ཚེས་༢༥ཉིན། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སྐབས་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་པེ་ཅིང་དུ་སྐོང་ཚོགས་བྱས་པ་དང་། རིན་པོ་ཆེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་། སྐབས་དེར་ཁོང་དགུང་ལོ་བཅུ་དྲུག་ལས་ཕེབས་མེད་པས། འདེམ་བསྐོའི་དབང་ཆ་མེད་པའི་དགུང་ལོ་ཆུང་ཤོས་ཀྱི་རྒྱལ་ཁབ་ཀྱི་འགོ་ཁྲིད་པར་གྱུར། མའོ་ཀྲུའུ་ཞིས་ཁོང་ནི་མི་རིགས་ཀྱི་གཙོ་འཛིན་ཡིན་ཞེས་གསུངས་པ་དང་། སྐུ་ངོ་མས་པཎ་ཆེན་བླ་མ་ཁྲི་ལོར་བརྟན་ཞེས་གསུང་སྐད་ཆེན་པོས་གསུངས་མྱོང་ཡོད། སྤྱི་ལོ་༡༩༥༩ལོའི་ཟླ་༤པར། སྐབས་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་པེ་ཅིན་དུ་སྐོང་ཚོགས་བྱས་ཤིང་། རིན་པོ་ཆེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པར་བདམས་ཐོན་བྱུང་ཞིང་། སྐབས་དེར་ཁོང་དགུང་ལོ་༢༡ཡིན་ཞིང་། སྤྲོ་བ་ཆེན་པོའི་ངང་ནས་རང་འགན་འགན་སྒྲུབ་གནང་ཡོད། སྤྱི་ལོ་༡༩༧༩ལོའི་ཟླ་༧པའི་ཚེས་༢ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་ལྔ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཁོང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་བ་དང་། དེ་ནས་ལོ་གཅིག་གི་རྗེས་ཏེ། སྤྱི་ལོ་༡༩༨༠ལོར་ཡང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པར་བདམས་ཐོན་བྱུང་། དུས་དང་འཇིག་རྟེན་ལ་འཕོ་འགྱུར་འགྲོ་མོད། རི་ཀླུང་སྔར་བཞིན་མཛེས་སྡུག་ལྡན་པ་དང་། མི་རྣམས་སྔར་བཞིན་ཡོ་ལང་འདུ་འཛིའི་ཁྲོད་དུ་གནས། གཞུང་དྲང་ནི་བླ་སྲོག་གི་མངོན་ཚུལ་དང་། བརྩེ་བ་ནི་སྐྱེ་བོའི་རང་མདངས་ཡིན། གང་ཉིད་ནས་རང་མི་རིགས་ལ་དགའ་ཞེན་གནང་བ་དེ་འཇིགས་སྣང་དང་། ཐེ་ཚོམ། བཀག་རྒྱ་བཅས་ཡེ་ནས་མེད་པ་ཞིག་ཡིན། སྤྱི་ལོ་༡༩༨༠ལོར། བོད་དུ་ཕེབས་ནས་ལྷག་བསམ་ཐུགས་འགན་བསྒྲུབ་པར་གྲ་སྒྲིག་ཨང་གསར་གནང་ཡོད། ཆིབས་བསྒྱུར་མ་གནང་གོང་། བསྒྱུར་བཅོས་སྒོ་དབྱེའི་སྤྱི་ཁྱབ་ཇུས་འགོད་པ་ཏེང་ཞའོ་ཕེང་གིས་ཁོང་གཟིམ་ཁང་དུ་གདན་ཞུས་གནང་བ་དང་། ཞའོ་ཕེང་གིས་རིན་པོ་ཆེའི་སྐུ་གཟུགས་བཟང་བ་དང་། ཐུགས་བག་ཡངས་པ། རྒྱ་སྐད་ཐོགས་མེད་དུ་གསུངས་པ་བཅས་གཟིགས་སྐབས། དགྱེས་ཚོར་ཆེན་པོ་གནང་ཡོད། ཞའོ་ཕེང་གིས་བྱམས་བརྩེའི་ངང་། ཁྱེད་རང་ནི་ང་ཚོའི་རྒྱལ་ཁབ་ཀྱི་རྒྱལ་གཅེས་པ་ཡག་ཤོས་ཡིན། ས་གནས་གཞན་ལ་གཟིགས་ཞིབ་གནང་བར་ཕེབས་སྐབས། ཁྱེད་རང་གིས་གནང་སྒོ་ཁག་ཐུགས་རྒྱ་ཆེན་པོས་གནང་ཆོག་གི་རེད། ཐུགས་འཛེམས་གནང་མི་དགོས། ཞེས་གསུངས། བོད་རིགས་མི་དམངས་ཀྱིས་རིན་པོ་ཆེ་མཆོག་གཙོ་འཛིན་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། དོན་ངོ་མའི་གཙོ་འཛིན་ནི་ཐོབ་ཐང་དང་། གོ་གནས། དཔོན་ཐོབ་བཅས་མིན་པར། སེམས་ཤུགས་རབ་ཏུ་འབར་བའི་ཐུགས་སེམས་དང་། ཐུགས་རྩ་འཁོལ་བའི་བཀའ་མོལ། བདེན་པར་སྨྲ་བའི་འགན་འཁྲི། བདེན་དོན་བརྩོན་ལེན་གྱི་འགན་སེམས་བཅས་ཡིན། སྤྱི་ལོ་༡༩༨༠ལོ་ནས་སྤྱི་ལོ་༡༩༨༩ལོའི་བར་གྱི་ལོ་བཅུའི་ནང་། པཎ་ཆེན་རིན་པོ་ཆེ་སྔ་ཕྱིར་བོད་ཁུལ་དུ་གཟིགས་ཞིབ་མཛུབ་སྟོན་གནང་བར་ཐེངས་བཅུ་ཕེབས་ཡོད། ཁོང་གིས་མི་དམངས་མང་ཚོགས་བདེ་སྡོད་ལས་ལ་བརྩོན་པ་དང་། འཚོ་བར་སེམས་ཁྲལ་མེད་པ་གཟིགས་སྐབས། བཞིན་རས་ནས་འཛུམ་མདངས་ཕྱུང་བ་དང་། ལས་བྱེད་པ་རེ་འགས་དཔོན་ཉམས་སྤྱོད་ཚུལ་བཟུང་བ་དང་། བཙན་དབང་བྱ་སྤྱོད་སྤེལ་བ་གཟིགས་སྐབས། ངོ་སྲུང་འཛེམས་ཟོན་སྤུ་ཙམ་མི་གནང་བར་སྐྱོན་བརྗོད་ཆེན་པོ་གནང་གི་ཡོད། རིན་པོ་ཆེ་སྐུ་སྒེར་གྱི་ངོས་ནས་བརྗོད་ན། བགྲང་བྱ་ལྔ་བཅུའི་སྐུ་ཚེའི་རྒྱུད་རིམ་ནི། སྐབས་རེ་འཁོན་ཐོགས་མེད་ཅིང་རྣམ་པར་བཀྲ་བ་དང་། སྐབས་རེ་འབར་འབུར་གྱིས་ཁེངས་ཤིང་སྤྲིན་ནག་གིས་ཡུལ་གྲོང་མནན་པ་ལྟ་བུ་ཡིན། ལམ་ལྷོངས་སྐབས་སུ་ང་རྒྱལ་ཁེངས་དྲེགས་མི་གནང་ཞིང་། འདམ་རྫབ་ཏུ་ལྷུང་སྐབས་དབུགས་རིང་མི་འབྱིན་པ་ནི་དམ་པ་ཁོང་གི་ཐུགས་རྒྱུད་ཡིན། འཚར་ལོངས་ཀྱི་ཁོར་ཡུག་ལས་ཁོང་གི་གཡོ་འགུལ་མེད་པའི་རྒྱལ་གཅེས་ཀྱི་ཐུགས་སེམས་འཁྲུངས་པ་བྱུང་བ་དང་། གང་ཉིད་ཀྱི་ལྷན་སྐྱེས་ཐུགས་རྒྱུད་ལས། གཞུང་དྲང་ཚུགས་ལྡན་དང་། ཞུམ་མེད་ཕོ་རྒོད་ཀྱི་ཐུགས་གཤིས་བཟང་པོ་འཁྲུངས་ཡོད། སྐབས་འཚོལ་རྫུན་བཤད་དང་། མགོ་བདེ་དྲན་འཕྲུལ་མཁན་ལ་ཁོང་གིས་སྡང་སེམས་ཆེ་ཤོས་གནང་གི་ཡོད། ཁོང་རེ་ཞིག་དགོངས་པ་གཞན་དོན་དུ་གཤེགས་པ་ཐོས་སྐབས། ང་རང་མིག་ཆུ་ཤོར་མ་བྱུང་། འོན་ཀྱང་རྩོམ་ཡིག་འདི་བྲིས་ནས་ཁོང་གི་བཞིན་མདངས་དང་། སྐྱེས་ཆེན་འཕགས་པའི་ངོ་བོ། བླ་ན་མེད་པའི་ཐུགས་གཤིས་བཅས་ལ་རྗེས་དྲན་ཞུ་སྐབས། ཐེངས་ཁ་ཤས་མིག་ཆུ་ལྷུང་ལྷུང་དུ་ཤོར་བྱུང་། རིན་པོ་ཆེའི་གཟུགས་བརྙན་དེ་མི་ཚེའི་གསང་བ་རྟོགས་མེད་ཅིང་། མི་རྟག་པ་ནི་ཚེ་སྲོག་གི་བདེན་ལམ་དུ་སྒོམ་པའི་འཇིག་རྟེན་པ་དཀྱུས་མ་ང་ལྟ་བུའི་སེམས་ནང་ཇི་སྲིད་བར་དུ་གནས་རྒྱུ་རེད།

བསྟན་འཛིན། སྤྱི་ལོ་༡༩༤༦ལོའི་ཟླ་༡༢པར་བོད་ལྗོངས་འབྲི་རུ་རྫོང་དུ་འཁྲུངས། ཧྲང་ཧའེ་ཧྥུ་ཏན་སློབ་ཆེན་གསར་འགྱུར་ཚན་ཁག་གསར་འགྱུར་ཆེད་ལས་ནས་སློབ་མཐར་ཕྱིན། ད་ལྟ་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོའི་སྨྱུག་ཚོགས་ལྟེ་གནས་ཀྱི་ཚོགས་གཙོའི་འགན་བཞེས་བཞིན་པ། སྤྱི་ལོ་༢༠༠༥ལོ་དང་། སྤྱི་ལོ་༢༠༠༦ལོར་བསྟུད་མར་ཀྲུང་གོའི་རིག་གནས་ཐོན་ལས་མི་སྣར་བདམས་ཐོན་བྱུང་བ་མ་ཟད། སྤྱི་ལོ་༢༠༠༧ལོར་ཀྲུང་གོའི་གསར་སྐྲུན་ཐོན་ལས་ཀྱི་ཕུལ་བྱུང་ལེགས་སྐྱེས་བྱ་དགའ་ཐོབ། ཁོང་གིས་དེ་སྔོན་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། ཡུན་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། ཀྲུང་དབྱང་ཨུ་ཡོན་བཅས་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཚེ་དགའ་ཡིས་བསྒྱུར།