༼བུད་མེད།༽ ཁྲི་གོང་ཨོ་རྒྱན་ཚེ་རིང་།
སྤེལ་བའི་དུས་ཚོད། : 2019-01-22 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༼བུད་མེད།༽
བུད་མེད་ནི་རྒྱ་མཚོ་ལས་སྐྱེས་པའི་མཚན་མོའི་བདག་པོ་དང
ལང་ཚོས་རྒྱགས་པའི་ཟུར་མདའི་འཛུམ་ཆུང་སྟེ
ལ་ལས་མེ་ཏོག་ལས་ཀྱང་མཛེས་ལ་ཟླ་བ་ལས་ཀྱང་བསིལ་བར་བཤད
འོན་ཀྱང ངས་བལྟས་ན
བུད་མེད་ནི་དབྱར་ཟླ་དྲུག་པའི་བསིལ་རླུང་ཕྲ་མོ་སྟེ
ཁྱེད་ཀྱི་ཤ་གསེང་ན་རྒྱུ་བའི་འཇམ་ཤ་དྭངས་མོ་དེ་དང
ནམ་ཡང་རྗོགས་མཐའ་མེད་པའི་བཟི་ཁ་མངར་མོ་དེའོ

ཡང་ལ་ལས་བུད་མེད་ནི་སེམས་པ་གསོ་བའི་གནས་ཁང་ཆེན་མོ་ཞིག་དང
རྒྱང་རིང་དུ་ཆས་པའི་དྲན་གདུང་ཟབ་མོ་ཞིག་སྟེ
ཆུ་མོ་ལས་ཀྱང་རིང་ཞིང་ལོ་ཟླ་ལས་ཀྱང་མཐུག་པར་བཤད
འོན་ཀྱང ངས་བལྟས་ན
བུད་མེད་ནི་བཤད་མི་ཚར་བའི་སེམས་ཀྱི་དྲོད་ཁོལ་ཏེ
ཁྱེད་ཀྱི་རྒྱུ་བར་ན་ངལ་བའི་ན་ཟུག་དྲོན་མོ་དེ་དང
ནམ་ཡང་འཇགས་མཐའ་མེད་པའི་སེམས་ཀྱི་འཕར་ལྡིང་དེའོ

ཡང་ལ་ལས་བུད་མེད་ནི་ཕྲག་དོག་གིས་མྱོས་པའི་བྱི་ལ་དང
གཡོ་སྒྱུའི་ཝ་མོ བྱུར་གྱི་སྣ་འདྲེན གྱོད་ཀྱི་རྟིང་མ་སྟེ
གནམ་ངོ་ལས་ཀྱང་འགྱུར་སླ་ཞིང་ཚེར་མ་ལས་ཀྱང་རྣོ་བར་བཤད
འོན་ཀྱང ངས་བལྟས་ན
བུད་མེད་ནི་སེམས་བསྐྱེད་ཀྱི་ས་གཞི་ཆེན་མོ་ཞིག་སྟེ
ཁྱེད་ཀྱི་གདོས་བཅས་ཀྱི་ཤ་རུས་བསྐྱེད་པའི་མ་ཡུམ་དང
ལུས་སེམས་ཀུན་ཏུ་རྒྱུ་བའི་ཟུངས་ཁྲག་དམར་པོ་དེའོ

ཡང་ལ་ལས་བུད་མེད་ནི་ལྡེ་མིག་མེད་པའི་འཁོར་བའི་ལྕགས་ཟྭ་དང
གཡང་ཁྱིམ་གྲུ་བཞིའི་མེ་ཐབ་དྲོན་མོ་སྟེ
བལ་སྐུད་ལས་ཀྱང་འཇམ་ལ་ཚ་རུ་ལས་ཀྱང་དྲོ་བར་བཤད
འོན་ཀྱང ངས་བལྟས་ན
བུད་མེད་ནི་གནས་སྐབས་ཀུན་ཏུ་འཚོ་བའི་གཙུག་གི་ལྷ་མོ་དང
འགྲོ་བ་ཀུན་ལ་ཁྱབ་པའི་བྱང་སེམས་ཀྱི་མ་མ་སྟེ
ནམ་ཡང་ཡལ་རྒྱུ་མེད་པའི་སེམས་ཀྱི་དྲན་ཤིང་དང
ཁྱེད་ཀྱི་མ་ཡུམ ཆུང་མ བུ་མོ་སྟེ་འགྲོ་བའི་བདག་མོ་དེའོ

གང་ལྟར བུད་མེད་ནི
ནམ་ཡང་རྒས་རྒྱུ་མེད་པའི་ལོ་ཟླ་ཟབ་མོ་དེའོ

༢༠༡༨.༥.༢ཉིན་ལྷ་ས་ནས།



ཡོང་ཁུངས། དྲ་ལམ་ནས།