དངུལ་སྒོར་ཞིག་གི་གཏམ་རྒྱུད་།
སྤེལ་བའི་དུས་ཚོད། : 2018-05-29 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨན་ཐུའུ་ཧྲེང་གིས་བརྩམས། འཇམ་དབྱངས་མཁའ་འགྲོས་བསྒྱུར།

གནའ་སྔ་མོར་སྒོར་ཟུར་ཞིག་ཡོད། ཁོ་རང་དངུལ་སྒོར་བཟོ་གྲྭ་ནས་ཕྱི་ལ་ཐོན་དུས། བཀྲག་མདངས་འོད་དུ་འཚེར་ཞིང་གནམ་ལྡིང་ས་ལྡིང་བྱེད་ཞོར“ཁྲི་ལོ་བརྟན་པར་ཤོག ང་རང་ད་ལྟ་ཁོད་ཡངས་པའི་འཇིག་རྟེན་དུ་འགྲོ་རྒྱུ་ཡིན”ཞེས་འབོད་བཞིན་ཁོ་རང་འཇིག་རྟེན་འདིའི་སྟེང་དུ་སླེབས་ཡོང་བ་རེད།

གཟའ་འཁོར་མང་པོ་ཞིག་འགོར་སོང་ལ། སྒོར་ཟུར་ནི་འཛམ་གླིང་སྟེང་ནས་ཐག་རིང་དུ་བརྒྱུགས་དྲགས་པས། ཐ་ན་ཁོ་རང་ཉིད་ཀྱིས་ཀྱང་ས་ཆ་གང་དུ་སླེབས་ཡོད་པ་མི་ཤེས་པར་གྱུར། ཁོས་དངུལ་སྒོར་གཞན་པའི་ངག་སྒྲོས་ཙམ་ལས་ཁོང་ཚོ་ནི་ཧྥ་རན་སིས་བཟོས་པ་མིན་ན་དབྱི་ཐ་ལིས་བཟོས་པ་རེད་ཅེས་པ་ཐོས། གཅིག་གིས་ཁོང་ཚོ་ད་ལྟ་གྲོང་ཁྱེར་ག་གེ་མོ་ཞིག་ལ་སླེབས་ཡོད་པར་བཤད་ལ། གཞན་ཞིག་གིས་ཁོང་ཚོ་ས་ཆ་ག་གེ་མོ་ཞིག་ལ་ཡོད་པར་བཤད། ཡིན་ཡང་སྒོར་ཟུར་གྱིས་བཤད་ཚུལ་དེ་དག་ལ་གོ་བ་གཏན་ནས་ལེན་མ་ཐུབ། གལ་ཏེ་མི་ཞིག་ནམ་ཡང་ཁུག་མའི་ནང་དུ་བསྡད་ཚེ་ཅི་ཡང་མཐོང་མི་ཐུབ་པ་བཤད་མི་དགོས་ལ། སྒོར་ཟུར་གྱི་གནས་ཚུལ་ཡང་དངོས་གནས་དེ་ལྟར་རེད།

ཡིན་ན་ཡང་། ཉིན་ཞིག་ཁོ་དངུལ་ཁུག་ཏུ་ཡོད་དུས། དངུལ་ཁུག་གི་ཁ་བསུམ་མེད་པར་མཐོང་། ཁོས་འཇབ་སྟབས་ཀྱིས་ཁུག་མའི་ཁ་རུ་འཛེགས་ཏེ་ཕྱི་ལ་ལྟ་ཙམ་བྱས། ཁོས་དེ་ལྟར་བྱེད་མི་རུང་བ་ཤེས་ནའང་ཡ་མཚན་ཆེན་པོ་སྐྱེས། དེ་ནི་མི་རྣམས་ཀྱིས་རྒྱུན་དུ་འདི་འདྲའི་ཡ་མཚན་གྱི་ཚོར་བའི་ཆེད་དུ་དཀའ་ལས་རྒྱག་བཞིན་ཡོད་པའི་ཕྱིར་རེད། ཁོ་དལ་མོའི་ངང་རྐང་སྣམ་གློ་ཁུག་ཏུ་བྲོས་སོང་། དེའི་དགོང་མོར། དངུལ་ཁུག་ཕྱི་རོལ་ཏུ་ལེན་པའི་སྐབས། སྒོར་ཟུར་ནི་ཁོ་རང་སྔོན་གྱི་གནས་ས་ནས་ཕྱི་ལ་ལྷུང་ཞིང་། གོན་རྒྱུ་གཞན་པ་དང་མཉམ་དུ་བར་ཁྱམས་སུ་ཁྱེར་རྗེས། ཁོ་དེ་ནས་ས་ལ་ལྷུང་སྐབས་སུས་ཀྱང་མ་ཐོས་ཤིང་སུས་ཀྱང་མ་མཐོང་ངོ་། །

ཕྱི་ཉིན་ཞོགས་པར། གྱོན་གོས་དེ་དག་ཡང་བསྐྱར་ཁང་པའི་ནང་དུ་བསྐྱལ་ཡོང་སྟེ། མི་དྲག་དེས་གྱོན་ནས་མུ་མཐུད་དུ་ཡུལ་སྐོར་ལ་བུད་སོང་། ཐེངས་དེར་སྒོར་ཟུར་ཤུལ་དུ་ལུས་འདུག་པས། ཁོ་གཞན་གྱིས་རྙེད་དེ་ཡང་བསྐྱར་མི་རྣམས་ལ་ཞབས་འདེགས་མི་ཞུ་ཐབས་མེད་དུ་གྱུར་ཕྱིར། ཁོ་སྒོར་ཟུར་གཞན་པ་གསུམ་དང་མཉམ་དུ་བཀོལ་སྤྱོད་བྱས་སོང་།

ཉིན་ཞིག་མི་ཞིག་གིས“འདི་ནི་ཅི་འདྲའི་སྒོར་ཟུར་ཞིག་རེད། འདི་རྒྱལ་ཁབ་འདིའི་སྒོར་ཟུར་མ་རེད། གོ་ཅི་ཡང་མི་ཆོད་པའི་སྒོར་ཟུར་རྫུན་མ་རེད”ཅེས་བཤད།

སྒོར་ཟུར་གྱི་གཏམ་རྒྱུད་ནི་ཁོ་རང་ཉིད་ཀྱིས་བཤད་པ་ལྟར་འདི་ནས་མགོ་བརྩམས།

“ང་ནི་ཅི་འདྲའི་ཉམ་ང་བའི་སྒོར་ཟུར་ཞིག་རེད་ཨང་།གལ་སྲིད་ངའི་ལུས་ཀྱི་དངུལ་དང་ངའི་རིན་ཐང་།ད་དུང་ལུས་ཐོག་གི་ཐམ་ཀ་དག་ལ་ཕན་ནུས་ཅི་ཡང་མེད་ན། ཁོ་ཚོ་ང་ལ་མཚོན་ན་དོན་སྙིང་ཅི་ཡོད་དམ། འཇིག་རྟེན་པའི་མིག་ལམ་དུ་མི་རྣམས་ཀྱིས་ཁྱོད་རང་རིན་ཐང་ལྡན་པར་ངོས་འཛིན་བྱས་ན་ད་གཟོད་ཁྱོད་ལ་རིན་ཐང་ཡོད། མ་གཞི་ང་ལ་ཉེས་པ་མེད་ཀྱང་།ཕྱི་ཚུལ་གྱི་རྣམ་པས་རང་ཉིད་ལ་གནོད་པས་ཉེས་པ་ཡོད་པར་མངོན། དེ་ནས་ང་རང་སྡིག་ཉེས་ཀྱི་ལམ་བུའི་ཐོག་ནས་ལྐོག་ལྐོག་སུད་སུད་ཀྱིས་ཡར་ནུར་མར་ནུར་མི་བྱེད་ཐབས་མེད་བྱུང་།དེར་བརྟེན་ང་རང་ཡིད་མི་བདེ་བ་བྱུང་། འདི་ནི་དངོས་གནས་འཇིགས་སུ་རུང་བ་ཞིག་རེད། ནམ་རྒྱུན་ང་ཕྱིར་ལེན་པའི་སྐབས་སུ། འཇིག་རྟེན་པས་ང་ལ་བལྟ་བའི་མིག་དེ་དག་དྲན་མ་ཐག་འདར་ཤུལ་ཤུལ་དུ་གྱུར། རྒྱུ་མཚན་ནི་ང་ཁྲམ་པ་དང་རྫུན་མ་ཞིག་ཏུ་ངོས་བཟུང་ནས་ཅོག་ཙེའི་ཐོག་ཏུ་གཡུག་ངེས་པས་རེད།

ཐེངས་ཤིག་ང་རང་དབུལ་ཕོངས་ཀྱི་རྒན་མོ་ཞིག་གི་ལག་ཏུ་སླེབས་ཤིང་མོས་ཉིན་གཅིག་ལ་དཀའ་སྤྱད་ངལ་རྩོལ་བྱས་པའི་གླ་ཕོགས་སུ་གྱུར། མོས་ང་རང་བཀོལ་སྤྱོད་བྱེད་ཐབས་རྩ་བ་ནས་མ་རྙེད། སུས་ཀྱང་ང་རང་ལེན་རོགས་མ་བྱས་པས། མཇུག་མཐར་ང་ནི་ཁོ་མོའི་སེམས་ནད་ཅིག་ཏུ་གྱུར་སོང་།

མོས“ངས་སྒོར་ཟུར་འདིས་མི་ཞིག་ལ་མགོ་སྐོར་མི་གཏོང་ཐབས་མེད་ཡིན། རྒྱུ་མཚན་ནི་ང་ལ་སྒོར་ཟུར་རྫུན་མ་འདི་ཉར་ཚགས་བྱེད་པའི་ནུས་པ་མེད། ཕྱུག་ལྡན་བག་སོབ་ལས་མཁན་དེར་ཕལ་ཆེར་མཁོ་རྒྱུ་རེད། ཁོ་ལ་གྱོང་འདི་ཁུར་བའི་ནུས་པ་ཡོད་རྒྱུ་རེད། དེ་ལྟར་ན་ཡང་ངས་འདི་ལྟར་བསྒྲུབས་པ་ནི་ངོ་མ་ནོར་འཁྲུལ་ཞིག་ཡིན”ཞེས་བཤད།

“དེ་ནས་རྒན་མོས་བག་སོབ་ལས་མཁན་སར་སོང་མོད། འོན་ཀྱང་ཁོ་ནི་སྤྱིར་བཏང་ཁྲོམ་རར་དར་ཁྱབ་ཆེ་བའི་སྒོར་ཟུར་ལ་རྒྱུས་མངའ་ཆེ་བས། ང་རང་དང་ལེན་མ་བྱས།དེ་བས་ཁོས་ཐད་ཀར་ང་རང་རྒན་མོའི་ལག་ཏུ་ཚུར་གཡུགས་པས། རྒན་མོས་ང་རང་སྤྲད་ནས་བག་སོབ་ཉོ་མ་ཐུབ། དེ་དུས་ང་རང་ཡིད་རབ་ཏུ་སྐྱོ་ལ། རང་ཉིད་གཞན་གྱི་སྡུག་བསྔལ་གྱི་འབྱུང་གཞི་རུ་གྱུར་སོང་སྙམ། རྒན་མོ་དེས་སླར་ཡང་ང་རང་ཁྱིམ་ལ་ཁྱེར་ཏེ།མོས་བྱམས་བརྩེ་དང་ལྷོད་འཇམ་གྱི་རྣམ་འགྱུར་གྱིས་ང་ལ་ལྟ་བཞིན“མིན། ངས་ཁྱོད་བེད་སྤྱད་ནས་སུ་ལའང་མགོ་སྐོར་གཏོང་རྒྱུ་མིན། ངས་ཁྱོད་ཀྱི་ལུས་ཐོག་ཏུ་ཁུང་བུ་ཞིག་ཕུག་ནས་མི་རྣམས་ཀྱིས་བལྟས་མ་ཐག་ཁྱོད་རང་རྫུན་མ་ཞིག་ཡིན་པ་ཤེས་སུ་འཇུག་འདོད་མོད། འོན་ཀྱང་ངས་ད་སོ་མར་ཁྱོད་ནི་ཕལ་ཆེར་བཀྲ་ཤིས་པའི་སྒོར་ཟུར་ཞིག་ཡིན་པ་སྙམ་བྱུང་། ངས་འདི་ནི་བདེན་པ་ཡིན་པར་ཡིད་ཆེས། བསམ་ཚུལ་འདིས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད། ངས་སྒོར་ཟུར་འདིའི་ཐོག་ཏུ་ཁུང་བུ་ཞིག་ཕུག་སྟེ་སྐུད་པ་གཅིག་དྲངས་རྗེས་སྒོར་ཟུར་འདི་ཉིད་བཀྲ་ཤིས་པའི་སྒོར་ཟུར་ཞིག་ཏུ་བརྩིས་ནས་ཁྱིམ་མཚེས་བྱིས་པ་ཞིག་གི་སྐེ་ལ་འདོགས་རྒྱུ་ཡིན”ཞེས་བཤད།

“དེ་བས་ཁོ་མོས་ངའི་ལུས་ཐོག་ཏུ་ཁུང་བུ་ཞིག་ཕུག་བྱུང་། མི་གཞན་གྱིས་ལུས་ཐོག་ཏུ་ཁུང་བུ་ཞིག་ཕུག་པ་ནི་ཡིད་ཚིམ་པའི་དོན་ཞིག་མ་ཡིན་པ་ལོས་ཤེས། འོན་ཀྱང་མི་རྣམས་ཀྱིས་དེ་ལྟར་བྱེད་པའི་དམིགས་ཡུལ་ནི་བཟང་པོ་ཞིག་ཡིན་ན།སྡུག་བསྔལ་ཆེན་པོ་ཡོད་ཀྱང་བཟོད་སྒོམ་བྱེད་ཐུབ། ངའི་ལུས་ཐོག་ཏུ་སྐུད་པ་གཅིག་དྲངས་རྗེས། ང་རང་མཚན་རྟགས་ཤིག་ཏུ་གྱུར་ནས་བྱིས་པ་ཞིག་གི་སྐེ་ལ་བཏགས། བྱིས་པ་དེས་ང་ལ་འཛུམ་མདངས་བསྟན་ཅིང་འོ་བྱས། ང་རང་མཚན་གང་པོར་ཁོའི་དྲོད་འཇམ་དང་ལྷད་མེད་ཀྱི་བྲང་ཁ་རུ་ཉལ་བ་ཡིན།

ཞོགས་པའི་དུས་སུ་བྱིས་པའི་ཨ་མས“ང་སྐྱུར་ཆུའི་ནང་དུ་བཞག་ནས་ངའི་ལུས་ཡོངས་རྫོགས་ལྗང་ཁུར་བསྒྱུར། དེ་ནས་ངའི་ལུས་ཀྱི་ཁུང་བུ་གསོས་རྗེས་ང་ཅུང་ཙམ་ཕྱིས་བྱུང་། ཉི་མ་ནུབ་ཁར་ང་རྒྱན་ཤོག་འཚོང་མཁན་ཞིག་གི་འགྲམ་དུ་ཁྱེར་སོང་ནས་ང་བཙོངས་ཏེ་ཁོ་མོ་ཕྱུག་པོར་འགྱུར་བྱེད་ཀྱི་རྒྱན་ཤོག་ཅིག་ཉོས།”

“དུས་ཡུན་རིང་པོ་ཞིག་ལ། ང་ནི་ལག་པ་འདིའི་ནང་ནས་ལག་པ་གཞན་པ་དེའི་ནང་དུ་སྤྲད་འགྲོ་བ་དང་། འདི་ཚང་ནས་དེ་ཚང་དུ་སླེབས་འགྲོ། ང་ལ་རྒྱུན་དུ་གཞན་གྱིས་དམོད་པ་དང་མཐོང་ཆུང་བྱས། སུས་ཀྱང་ང་ལ་ཡིད་ཆེས་མི་བྱེད་པས། ང་རང་ཉིད་དང་མི་རྣམས་ལའང་ཡིད་མི་ཆེས་པར་གྱུར་སོང་། འདི་ནི་དངོས་གནས་དཀའ་ཁག་ཆེ་བའི་འཚོ་བ་ཞིག་རེད་ཨང་།”

“མཐར་ཉིན་ཞིག་ལ་ཡུལ་སྐོར་པ་ཞིག་སླེབས་བྱུང་། ང་ནི་ཁོའི་ལག་ཏུ་སྤྲོད་རྒྱུ་ལོས་ཡིན། མི་དེ་ཡང་དྲང་མོ་ཞིག་ཡིན་པས་ང་རང་དང་ལེན་བྱས་ནས་ཀུན་གྱིས་སྤྱོད་པའི་དངུལ་སྒོར་ཞིག་ཏུ་བརྩིས་མོད། ཡིན་ན་ཡང་ཁོས་ཀྱང་ང་བེད་སྤྱོད་བསམ་བཞིན་འདུག་པས་ངས་སླར་ཡང‘གོ་ཅི་ཡང་མི་ཆོད་པའི་སྒོར་རྫུན་མ’ཟེར་བ་ཐོས།”

“མི་དེས‘ངས་ཁོ་རང་རྒྱུ་དངོས་མ་ཞིག་ལ་བརྩིས་ནས་བླངས་པ་ཡིན’ཞེས་བཤད། དེ་ནས་ཁོས་ང་ལ་ཞིབ་ལྟ་ཞིག་བྱས་རྗེས་གློ་བུར་དུ་གདོང་ལ་འཛུམ་མདངས་ཤིག་རྒྱས་བྱུང་། ངས་སྔོན་ཆད་མི་སུ་ཞིག་གིས་ང་མཐོང་དུས་འདི་འདྲའི་ཉམས་མདངས་ཤིག་སྟོན་པ་མཐོང་མ་མྱོང་། ཁོས‘ཧེ། འདི་ཅི་རེད’ཅེས་དྲིས།‘འདི་མ་གཞི་རང་རྒྱལ་གྱི་དངུལ་སྒོར་ཞིག་ཡིན་ཏེ།ངའི་ཕ་ཡུལ་ནས་ཁྱེར་ཡོང་བའི་གཞུང་དྲང་ཞིང་ཆེས་བཟང་བའི་སྒོར་ཟུར་ཞིག་ཡིན་མོད།ཡིན་ན་ཡང་མི་རྣམས་ཀྱིས་ཁོར་ཁུང་བུ་ཕུག་ནས་ད་དུང་སྒོར་རྫུན་མ་ཞིག་ཏུ་བརྩིས།འོ་རེད།འདི་དངོས་གནས་དོན་ཡ་མཚན་ཞིག་རེད།ངས་འདི་ཉར་ཚགས་བྱས་ནས་ཁྱིམ་དུ་འཁྱེར་དགོས’ཞེས་བཤད།”

“གཞན་གྱིས་ང་ནི་གཞུང་དྲང་ཞིང་ཆེས་བཟང་བའི་སྒོར་ཟུར་ཞིག་རེད་ཟེར་བ་ཐོས་མ་ཐག་ངའི་ཡིད་ལ་སྤྲོ་སྣང་རབ་ཏུ་སྐྱེས། ད་ལྟ་ང་ནི་ཁྱིམ་ལ་འཁྲིད་རྒྱུ་རེད། གནས་དེ་ནས་མི་ཚང་མས་ང་ངོ་ཤེས་པ་དང་ང་ནི་དངུལ་དག་མས་བཟོས་པ་དང་ཐམ་ཀ་བརྒྱབ་ཡོད་པ་ཤེས་ངེས།ང་དགའ་སྣང་དྲག་པོ་སྐྱེས་ཏེ་ལུས་ནས་མེ་ལྕེ་འབར་ལ་ཁད་དུ་གྱུར། ཡིན་ན་ཡང་ང་ལ་དོན་དུ་མེ་ལྕེ་འབར་བའི་ནུས་པ་མེད། དེ་ནི་ལྕགས་ཀྱི་རང་བཞིན་ཡིན་པ་ལས་དངུལ་སྒོར་གྱི་རང་བཞིན་མིན།”

“མཐར་ང་ཁྱིམ་དུ་སླེབས་ཤིང་།ངའི་སེམས་ཀྱི་སྡུག་བསྔལ་ཡོད་ཚད་དུས་དེ་ནས་བཟུང་མཇུག་རྫོགས་པ་དང་།ངའི་སྐྱིད་ཀྱི་ཉི་མ་ཡང་བསྐྱར་ཤར་བྱུང་། རྒྱུ་མཚན་ང་ནི་དངུལ་བཟང་པོས་བཟོས་པ་དང་ཐམ་ཀ་བདེན་པ་བརྒྱབ་ཡོད། ད་ནས་བཟུང་ངས་སེམས་ཁུར་གྱི་བྱ་བ་གང་ཞིག་གི་དོན་དུ་བཟོད་བསྲན་བྱ་མི་དགོས། མ་གཞི་ངའི་ལུས་སྟེང་ལ་ཁུང་བུ་ཞིག་ཕུག་སྟེ་དངུལ་སྒོར་རྫུན་མ་ཞིག་དང་འདྲ་ན་ཡང་། གལ་ཏེ་མི་ཞིག་དོན་དངོས་སུ་རྫུན་མ་ཞིག་མ་ཡིན་ན་སྐྱོན་ཅི་ཡོད་དམ། མི་ཞིག་ལ་མཚོན་ན་ཁོའི་མ་ཉེས་ཁག་གཡོགས་དེ་ཆེས་མཐའ་མཇུག་ལ་སླེབས་དུས་ད་གཟོད་དཀར་འདོན་བྱེད་ཐུབ།འདི་ནི་ངའི་དད་མོས་ཡིན།”ཞེས་སྒོར་ཟུར་གྱིས་དེ་ལྟར་བཤད། །

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།