ཁྱད་པར།
སྤེལ་བའི་དུས་ཚོད། : 2018-05-23 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨན་ཐོའུ་ཧྲིན་གྱིས་བརྩམས། བཀྲ་ཤིས་གཡང་མཚོས་བསྒྱུར།

དེ་ནི་ཏག་ཏག་ཟླ་ལྔ་པ་རེད། རླུང་བུ་ལྡང་ཡོང་ན་སྔར་བཞིན་ཧ་ཅང་གྲང་མོ་ཡིན། ལྕང་ལྕུག་དང་སྡོང་པོ། རི་ལུང་དང་རྩྭ་ཐང་ཚང་མས་དཔྱིད་ཀ་སླེབས་བྱུང་ཟེར། ག་ས་ག་རུ་མེ་ཏོག་བཞད་ཅིང་། ལྕང་ལྕུག་གིས་གྲུབ་པའི་སྐྱོར་རའི་ཡང་སྟེང་བར་དུ་བཞད་ཡོད། དཔྱིད་ཀས་དེ་རུ་གཏམ་རྒྱུད་འཆད། ཀུ་ཤུའི་སྡོང་པོ་ཆུང་ཆུང་ཞིག་གི་རྩེ་རུ་བཤད། སྡོང་པོ་དེ་ལ་ཡལ་ག་ལྗང་ཁུ་མིག་ལ་འཚེར་བ་ཞིག་ཡོད། དེའི་སྟེང་ན་མདོག་ཟིང་སྐྱ་ཡིན་ལ་མཉེན་ཞིང་ཕྲ་ལ་བཞད་ཉེ་བའི་གང་བུས་ཁྱབ་ཡོད། དེ་ནི་ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་། ཁོའི་ལྷན་སྐྱེས་ཀྱི་ཤེས་བྱ་དེ་རིགས་ནི་ཁོའི་ལོ་མའི་ནང་དུ་སྦས་ནས་ཁྲག་རྒྱུན་དུ་བཞུར་བ་དང་གཉིས་སུ་མེད། དེའི་རྐྱེན་གྱིས་སྐུ་དྲག་ཅིག་གི་འདྲུད་འཁོར་དེའི་སྔོན་དུ་སྡོད་པའི་སྐབས་སུ། ལོ་ན་གཞོན་པའི་པོ་ཅུའེ་ལྕམ་མོས་མཉེན་ཆ་ལྡན་པའི་ཡལ་ག་འདི་ནི་འཛམ་གླིང་སྟེང་ཆེས་མཛེས་པའི་དངོས་པོ་ཡིན་ལ། དཔྱིད་ཀས་མཛེས་ཉམས་སྟོན་པའི་དུས་ཡིན་ཞེས་བརྗོད་དུས། ཁོ་ལ་ཡ་མཚན་ཅི་ཡང་མ་སྐྱེས། དེའི་མུར་མཉེན་ལྕུག་ལྡན་པའི་ཡལ་ག་བཅག་ལ། ཁོ་མོས་དེ་ག་ལག་ཏུ་བཟུང་ནས་ཉི་གདུགས་བཀར་ཏེ་ཉི་འོད་བཀག་བྱུང་། ཁོ་ཚོ་རང་ཉིད་ཀྱི་རྒྱས་སྤྲོས་ཆེ་བའི་བཞུགས་ཤག་ཏུ་སླེབས། དེ་རུ་ཚོམས་ཁང་བརྗིད་ཆེན་དང་ཁང་པ་མཛེས་པོ་ཡོད། དཀར་ཞིང་གཙང་བའི་དྲ་ཡོལ་དེ་དྲ་མའི་ཁ་རུ་རླུང་གིས་བསྐྱོད་ཅིང་། མེ་ཏོག་དེ་དྭངས་གསལ་དང་འོད་འཚེར་བའི་རྫ་བུམ་ནང་དུ་བཞད་འདུག རྫ་བུམ་དེ་ནི་ད་སོ་མ་བབས་པའི་ཁ་བས་བཟོས་པ་དང་ཀུན་ནས་མཚུངས། ཀུ་ཤུའི་ཡལ་ག་དེ་གསར་དུ་སྐྱེས་པའི་ཡལ་གའི་དཀྱིལ་ལ་བཙུགས་ཡོད་པས། དེ་མཐོང་མ་ཐག་མི་རྣམས་ཉམས་དགའ་བར་བྱེད།

ཡལ་ག་དེ་ཁེངས་དྲེགས་དང་ལྡན་པར་གྱུར་ལ། དེ་ནི་འཇིག་རྟེན་འགྲོ་ལུགས་དང་ཡང་མཐུན་པ་རེད།

མི་འདྲ་མིན་སྣ་ཚོགས་ཁང་པ་དེའི་ནང་དུ་འོངས། ཁོ་ཚོས་རང་ཉིད་ཀྱི་ཐོབ་ཐང་ལྟར་ཁོ་ཚོའི་བསྟོད་བསྔགས་མཚོན་པར་བྱེད། མི་ལ་ལས་ཚིག་གཅིག་ཀྱང་མི་བཤད་ཅིང་། ལ་ལས་མང་པོ་མང་པོ་ཞིག་བརྗོད་པར་བྱེད། མིའི་རིགས་ཀྱི་བར་དུ་ནི་རྩི་ཤིང་གི་དབར་དང་གཉིས་སུ་མེད་པར་ཁྱད་པར་ཡོད་པ་དེ་ཀུ་ཤུའི་ཡལ་གས་ཤེས་འདུག

“དངོས་པོ་ལ་ལ་ནི་མཛེས་པའི་ཆེད་དུ་ཡིན་ལ། དངོས་པོ་ལ་ལ་ནི་བེད་སྤྱོད་ཀྱི་ཆེད་ཡིན། འོན་ཀྱང་དངོས་པོ་ལ་ལར་སྤྱོད་སྒོ་ཅི་ཡང་མེད།” ཀུ་ཤུའི་སྡོང་པོའི་ཡལ་གས་དེ་ལྟར་དྲན།

ཏག་ཏག་ཡལ་ག་དེ་ཡོངས་སུ་ཕྱེ་བའི་སྒེའུ་ཁུང་མདུན་དུ་བཞག་ཡོད་པ་དང་། དུས་མཚུངས་སུ་དེ་རུ་མེ་ཏོག་ལྡུམ་ར་དང་སྤང་ཐང་མཐོང་ཐུབ། དེར་བརྟེན་མེ་ཏོག་དང་རྩི་ཤིང་མང་པོས་ཁོ་ལ་བསམ་གཞིག་འདོན་སྤྲོད་བྱེད། རྩི་ཤིང་གི་ཁྲོད་དུ་ཕྱུག་པོ་ཡོད་ལ་དབུལ་པོ་ཡང་ཡོད། ལ་ལ་ནི་དངོས་གནས་དབུལ་པོ་དབུལ་ནག་ཡིན།

“མིས་ཁ་ཡ་མི་བྱེད་པའི་རྩི་ཤིང་དག་སྙིང་རེ་རྗེ་ཨང་།” ཀུ་ཤུའི་ཡལ་གས་བཤད་རྒྱུར། “དངོས་པོ་ཚང་མར་དངོས་གནས་ཁྱད་པར་ཡོད་པ་ལ། གལ་ཏེ་རྩི་ཤིང་དེ་དག་ལ་ཡང་ང་དང་ང་འདྲ་བའི་དངོས་པོ་ལྟར་ཚོར་བ་ཡོད་ན། དེ་ཚོ་སྐྱིད་པོ་མེད་པ་ཐག་ཆོད་རེད། དངོས་པོ་ཚང་མར་དངོས་གནས་ཁྱད་པར་ཡོད་ལ། དངོས་གནས་དེ་འདྲ་ཡིན་ཡང་འོས། དེ་ལས་ལྡོག་ན་ཚང་མ་གཅིག་མཚུངས་ཡིན་སྲིད།”

ཀུ་ཤུའི་ཡལ་གས་མེ་ཏོག་ཁ་ཤས་ཏེ་ཞིང་ཁ་དང་ལུང་ཤུར་ནང་སྐྱེས་པའི་མེ་ཏོག་དེ་ཚོ་ལ་ཧ་ཅང་སྙིང་རྗེ་བའི་རྣམ་པ་སྟོན། སུས་ཀྱང་དེ་ཚོ་མེ་ཏོག་ཚོམ་བུ་རུ་བསྡམ་མི་སྲིད། དེ་ཚོ་ནི་ཆེས་སྤྱིར་བཏང་བ་ཡིན། མི་རྣམས་ཀྱིས་ཐ་ན་རྡོ་གཅལ་བར་ནས་ཀྱང་མཐོང་ཐུབ། དེ་ཚོ་རྩྭ་ལྡུམ་དང་འདྲ་བར་ག་ས་ག་རུ་སྐྱེས་ཡོང་བར་མ་ཟད། ཐ་ན་དེ་ཚོའི་མིང་ཡང་རྣ་བར་མི་སྙན་ཏེ།“གདོན་འདྲེའི་འོ་ཟོ”ཟེར་བ་ཡང་ཡོད་པ་རེད།(མཆན།ཁུར་མོང་སྟེ། བཅད་ན་འོ་མ་འདྲ་བའི་དཀར་ཁུ་ཞིག་བཞུར་ཡོང་བས་ཡིན་ནོ། །)

“གཞན་གྱིས་མཐོང་ཆུང་བྱེད་པའི་རྩི་ཤིང་སྙིང་རེ་རྗེ།”ཀུ་ཤུའི་ཡལ་གས་བཤད་རྒྱུར། “ཁྱོད་ཚོའི་གནས་སྟངས་དེ་རིགས། ཁྱེད་ཚོའི་ཕལ་པ། ཁྱོད་ཚོར་བཏགས་པའི་མིང་བཙོག་དེ་དག་ནི་ཁྱོད་ཚོ་ལན་པ་ག་ལ་ཡིན། རྩི་ཤིང་དག་གི་དབར་དུ་ཡང་མིའི་རིགས་ཀྱི་དབར་དང་མཚུངས་པར། ཡོད་ཚད་ལ་ཁྱད་པར་ཞིག་ཡོད་པ་རེད།”

ཉི་འོད་ཀྱིས“ཁྱད་པར་ཟེར་ན”ཞེས་དྲིས་བྱུང་། ཉི་འོད་ཀྱིས་རྣམ་པར་བཞད་པའི་ཀུ་ཤུའི་ཡལ་གར་འོ་ཞིག་བྱས་ལ། ཞིང་ཁའི“གདོན་འདྲེའི་འོ་ཟོ”སེར་པོ་དག་ལའང་འོ་ཞིག་བྱས། ཉི་འོད་ཀྱི་སྤུན་ཟླ་ཚང་མས་དེ་ཚོ་སྟེ་མེ་ཏོག་ཐ་ཤལ་པ་དག་ལ་འོ་བྱེད་ལ། དབང་ཐང་ཆེ་བའི་མེ་ཏོག་ལ་ཡང་འོ་བྱེད།

ཀུ་ཤུའི་ཡལ་གའི་བསམ་ཡུལ་ལས་འདས་པ་ཞིག་ལ། འཇིག་རྟེན་བྱེད་པོས་ཕྱོགས་རིས་མེད་པར་གསོན་ཞིང་འགུལ་བའི་བྱ་དངོས་ཐམས་ཅད་ལ་བརྩེ་བ་ཚད་མེད་སྦྱིན་བཞིན་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ། མཛེས་པ་དང་དགེ་བའི་བྱ་དངོས་སྦ་སྲིད་ནའང་། འདི་ཡང་འཇིག་རྟེན་གྱི་ཆོས་ཉིད་དང་མཐུན་པ་ཞིག་ཡིན་པ་ནི་བརྗེད་ག་ལ་ཡོད།

ཉི་མའི་འོད། འོད་མདངས་བཀྲ་བའི་འོད་ཐིག དེ་བས་ཀྱང་གསལ་པོ་ཡིན་པ་ཤེས་ཏེ།

“ཁྱེད་ཀྱི་མིག་རྒྱང་མི་རིང་ཞིང་། ཁྱེད་ཀྱིས་མཐོང་བའང་གསལ་པོ་མིན། ཁྱོད་ཀྱིས་སྙིང་རྗེ་སྒོམ་ཞིང་གཞན་གྱིས་ཁ་ཡ་མི་བྱེད་པའི་རྩི་ཤིང་དག་ནི་གང་ཡིན་ནམ།”

“གདོན་འདྲེའི་འོ་ཟོ་ཡིན”ཀུ་ཤུའི་ཡལ་གས་དེ་ལྟར་བཤད།

“མི་རྣམས་ཀྱིས་ནམ་ཡང་དེ་དག་མེ་ཏོག་ཚོམ་བུ་རུ་བསྡམ་མི་སྲིད་ལ། མི་རྣམས་ཀྱིས་དེ་དག་རྐང་འོག་ཏུ་རྫི་བར་བྱེད། རྒྱུ་མཚན་ནི་དེ་ཚོ་སྐྱེས་པ་མང་དྲགས་པས་རེད། དེ་ཚོར་འབྲས་བུ་ཐོག་པའི་དུས། བལ་དང་འདྲ་བར་ལམ་བར་གྱི་ག་ས་གང་དུ་འཕུར་བར་མ་ཟད། ཉེ་འཁོར་གྱི་མིའི་ལྭ་བའི་སྟེང་ཡང་འབྱར་འགྲོ། དེ་ཚོ་ནི་རྩྭ་ལྡུམ་ལས་མ་འདས་ལ། རྩྭ་ལྡུམ་ཁོ་ན་ལས་ཅི་ཡང་མ་ཡིན། ཨ། ང་དེ་ཚོའི་གྲལ་གྱི་རྩི་ཤིང་རིགས་ཤིག་མིན་པ་ལ་ངས་དངོས་གནས་གནམ་རྒན་མར་བཀའ་དྲིན་ཞུ་དགོས།”

ཞིང་ཁ་ནས་བྱིས་པ་སྐོར་ཞིག་འོངས། དེ་དག་ལས་ཆུང་ཤོས་ནི་ཤིན་ཏུ་ཆུང་བས་བྱིས་པ་གཞན་གྱིས་པང་དུ་འཛིན་དགོས། མེ་ཏོག་ལུག་མིག་གསེབ་ཏུ་འཇོག་དུས་ཁོ་དགའ་ནས་གད་མོ་ཐག་ཐག་ཏུ་ཤོར། ཁོས་རྐང་པ་ཆུང་ཆུང་གཡུགས་ཏེ་གང་སར་འགྲེ་ལོག་བརྒྱབ། ཁོས་མེ་ཏོག་ལུག་མིག་ཁོ་ན་བཏོགས་ནས་དེ་ཚོ་ལ་འོ་ཡང་ཡང་བྱས། ཅུང་ཆེ་བའི་བྱིས་པ་ཚོས་མེ་ཏོག་ལུག་མིག་གི་ཡལ་ག་བཅགས་ཏེ། ཡལ་ག་དེ་ཡལ་ག་གཞན་པའི་སྟེང་དུ་འཛེར་ནས་གཅིག་གིས་གཅིག་བརྒྱུད་དེ་ལྕགས་ཐག་ཅིག་ཏུ་སྦྲེལ། ཁོ་ཚོས་སྔོན་ལ་སྐེ་རྒྱན་ཞིག་བསླེས་ལ། དེའི་རྗེས་ཡང་བསྐྱར་ཕྲག་སྟེང་དུ་དཔྱངས་པའི་ཕྲེང་བ་ཞིག་དང་། སྐེད་པར་བཅིངས་པའི་ཕྲེང་བ་ཞིག བྲང་ཁར་འདོགས་པའི་ཕྲེང་བ་ཞིག མགོ་ལ་འདོགས་པའི་ཕྲེང་བ་བཅས་བསླེས་ཤིང་། དེ་དག་ནི་དངོས་གནས་ཨ་ལོང་ལྗང་ཁུ་དང་ཕྲེང་བ་ལྗང་ཁུའི་འགྲེམ་སྟོན་ཚོགས་འདུ་ཞིག་ཏུ་གྱུར། འོན་ཀྱང་བྱིས་པ་ཆེ་བ་དག་གིས་སེམས་ཆུང་སྒོས་སར་ཟགས་པའི་མེ་ཏོག་གི་ཡལ་ག་སྟེ་མེ་ཏོག་དེ་ཚོ་ལ་གྲུ་གུ་དཀར་པོ་རྣམ་པར་ཆགས་པའི་ཤིང་འབྲས་བཏོགས། སབ་སོབ་དང་གསལ་ལ་མི་གསལ་བའི་གྲུ་གུ་དཀར་པོ་དེ་དག་ནི་དོན་དངོས་ཐོག་ཆ་ཚང་བའི་སྒྱུ་རྩལ་དངོས་རྫས་ཆུང་ཆུང་ཞིག་ཡིན། བལྟས་ཚོད་ཀྱིས་དེ་ནི་བྱ་སྒྲོ་དང་ཁ་བ། སྤུ་སོབ་ཞིག་དང་འདྲ། བྱིས་པ་ཚོས་ཡལ་ག་མཆུ་འདབ་ལ་བཅར་ཏེ་མེ་ཏོག་གི་གང་བུ་སྤུར་བར་བསམ། རྒྱུ་མཚན་ནི་རྨོ་མོས་སྔོན་ཆད་སུས་དེ་ལྟར་བྱས་ན་ལོ་གསར་པའི་ནང་ལྭ་བ་གསར་པ་ཞིག་ཐོབ་སྲིད་ཅེས་བཤད་མྱོང་བས་རེད།

དེའི་རྐྱེན་གྱིས་གཞན་གྱིས་མཐོང་ཆུང་བྱེད་པའི་མེ་ཏོག་དེ་དོན་དམ་གྱི་ལུང་སྟོན་མཁན་རྣལ་མ་ཞིག་ཏུ་གྱུར།

“ཁྱོད་ཀྱིས་མཐོང་སོང་ངམ”ཉི་འོད་ཀྱིས་དེ་ལྟར་བཤད། “ཁྱོད་ཀྱིས་དེའི་མཛེས་པ་མཐོང་མྱོང་ངམ། དེའི་སྟོབས་ཤུགས་མཐོང་མྱོང་ངམ།”

“མཐོང་སོང་། དེ་བྱིས་པ་དང་མཉམ་དུ་ཡོད་པའི་སྐབས་སུ་ད་གཟོད་དེ་ལྟར་ཡིན།”ཀུ་ཤུའི་ཡལ་གས་དེ་ལྟར་བཤད།

སྐབས་དེར་ཨ་ནེ་རྒན་མོ་ཞིག་ཞིང་ཁར་ཡོང་ཞིང་། མོས་ཡུ་བ་མེད་པའི་གཏུབ་གྲུ་ཞིག་བཟུང་སྟེ་མེ་ཏོག་གི་མཐའ་འཁོར་ནས་བརྐོས་ཏེ་ས་འོག་ནས་རྩ་བ་བླངས། མོས་རྩ་བ་ཕྱེད་ཀས་ཁ་ཧྥེ་སྐོལ་རྩིས་དང་། ཕྱེད་ཀ་སྨན་རྫས་སུ་བཙོང་རྩིས་བྱས།

“མཛེས་པ་ནི་རིམ་པ་ཆེས་མཐོ་བའི་དངོས་པོ་ཞིག་རེད་ཨང་།”ཀུ་ཤུའི་ཡལ་གས་བཤད་རྒྱུར། “འཇོན་མི་ཁྱད་པར་ཅན་ཁ་ཤས་ལ་མ་གཏོགས་མཛེས་པའི་རྒྱལ་ཁབ་ལ་འགྲོ་བའི་བསྐལ་པ་མེད། རྩི་ཤིང་དང་རྩི་ཤིང་གི་དབར་ལ་ཡང་ཁྱད་པར་ཡོད་པ་ནི་མི་དང་མིའི་དབར་ལ་ཁྱད་པར་ཡོད་པ་དང་གཉིས་སུ་མེད།”

དེ་ནས་ཉི་འོད་ཀྱིས་འཇིག་རྟེན་བྱེད་པོས་ཚེ་སྲོག་ལྡན་པའི་བྱ་དངོས་ཡོད་ཚད་ལ་བཅངས་པའི་འཛད་མཐའ་མེད་པའི་བརྩེ་བ་དང་། བྱ་དངོས་ཡོད་ཚད་ལ་ཐེར་ཟུག་དང་དྲང་གཞག་ཚུལ་མཐུན་གྱི་བགོ་བྱ་མཛད་པ་གླེང་བྱུང་།

“རེད་ཡ། དེ་ནི་ཁྱོད་ཁོ་ནའི་ལྟ་ཚུལ་ལས་མ་འདས།”ཀུ་ཤུའི་ཡལ་གས་དེ་ལྟར་བཤད།

སྐབས་དེར་མི་ཞིག་ཁང་པའི་ནང་དུ་འཛུལ་ཡོང་། ལོ་ན་གཞོན་པའི་པོ་ཅུའེ་ལྕམ་མོ་ཡང་སླེབས་བྱུང་ལ། ཀུ་ཤུའི་ཡལ་ག་ཕྱི་གསལ་ནང་གསལ་གྱི་རྫ་བུམ་དུ་བཙུགས་ནས་ཉི་འོད་ཁྲོད་དུ་འཇོག་མཁན་ནི་ཁོ་མོ་ཡིན། ཁོ་མོའི་ལག་ཏུ་མེ་ཏོག་རྐང་གཅིག་བཟུང་ཡོད། ཡང་ན་མེ་ཏོག་དང་འདྲ་བའི་དངོས་པོ་ཞིག་བཟུང་ཡོད་དེ།

དངོས་པོ་དེ་ནི་འདབ་མ་འགའ་ཡིས་བསྒྲིབས་འདུག དེ་ཚོས་ཞྭ་མོ་ཞིག་དང་གཉིས་སུ་མེད་པར་དེའི་ཉེ་འཁོར་ནས་འགེབས་སྲུང་བྱས་ཏེ། བསིལ་རླུང་དང་ཡང་ན་རླུང་དྲག་པོ་གཡུགས་ནའང་དེ་ལ་གནོད་སྐྱོན་བཟོ་མི་ཐུབ་པར་བྱས་འདུག་ལ། སེམས་ཆུང་ཡང་ཆུང་སྒོས་ལག་ཏུ་བཟུང་འདུག ཀུ་ཤུའི་ཡལ་གར་ད་ལྟའི་བར་དུ་འདི་ལྟ་བུའི་བཀུར་གཟོས་ཤིག་ཐོབ་མ་མྱོང་། ལོ་འདབ་དེ་ཚོ་ད་ལྟ་དལ་བུར་ཕར་སྣུར་འདུག་པས། མི་རྣམས་ཀྱིས་ཚང་མས་མཐོང་ཆུང་བྱེད་པའི་“གདོན་འདྲེའི་འོ་ཟོ”སེར་པོའི་མཉེན་ལྕུག་ལྡན་པའི་གྲུ་གུ་དཀར་པོ་དེ་མཐོང་ཐུབ། དེ་ནི་གྲུ་གུ་དཀར་པོ་དེ་ཡིན། ཁོ་མོས་སེམས་ཆུང་ངང་དེ་བཏོགས་ཤིང་། གཟབ་གཟབ་ཀྱིས་ཁྱིམ་ལ་ཁྱེར་བས་སྨུག་སྤྲིན་དང་འདྲ་བའི་གང་བུའི་སྟེང་གི་མཉེན་ལྕུག་ལྡན་པའི་བལ་སོབ་རླུང་ལ་འཁྱེར་དུ་མ་བཅུག ཁོ་མོས་དེ་ལ་སྐྱོན་ཅི་ཡང་འབྱུང་དུ་མ་བཅུག ཁོ་མོས་དེ་གའི་ཡིད་དུ་འོང་བའི་བཟོ་ལྟ་དང་དྭངས་གསལ་གྱི་ཕྱི་ཚུལ། ཁྱད་པར་ཅན་གྱི་གྲུབ་ཚུལ། ཚོད་དཔག་བྱེད་དཀའ་ཞིང་རླུང་གཡུག་པ་ཙམ་གྱིས་ཐོར་འགྲོ་བའི་མཛེས་པའི་ཆ་ལ་བསྟོད་བསྔགས་བྱས།

“ལྟོས་དང་། འཇིག་རྟེན་བྱེད་པོས་ཀུ་ཤུ་དེ་ཇི་འདྲའི་སྙིང་རྗེ་པོ་ཞིག་བཟོས་འདུག་ཨང་།”ཁོ་མོས་བཤད་རྒྱུར། “ངས་ཀུ་ཤུའི་ཡལ་ག་འདི་རི་མོ་རུ་ཕབ་དགོས། ད་ལྟ་ཚང་མས་དེ་ག་མཛེས་སྡུག་ཡིད་དུ་འོང་བ་ཞིག་ཏུ་འཛིན། འོན་ཀྱང་ཅུང་ཟད་ཐ་ཤལ་ཡིན་པའི་མེ་ཏོག་དེས་ངོས་གཞན་ཞིག་གི་སྟེང་ནས་གནམ་རྒན་མའི་འདྲ་མཉམ་གྱི་གཟིགས་སྐྱོང་མྱོང་བཞིན་ཡོད། དེ་གཉིས་ལ་ཁྱད་པར་ཡོད་ནའང་དེ་དག་ཚང་མ་ནི་མཛེས་པའི་ཞིང་ཁམས་ཀྱི་བྱིས་པ་ཡིན།”

དེ་ནས་ཉི་འོད་ཀྱིས་ཅུང་ཟད་ཐ་ཤལ་ཡིན་པའི་མེ་ཏོག་ལ་འོ་བྱས་པར་མ་ཟད། མེ་ཏོག་རྣམ་པར་བཞད་པའི་ཀུ་ཤུའི་ཡལ་གར་ཡང་འོ་བྱས། དེའི་འདབ་མ་ལས་འཚེར་སྣང་སྐྱེ་བའི་དམར་མདངས་ཤིག་རྒྱས་བྱུང་། །

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།