རྔུལ་ཆུ་དང་ཁབ་ཆུ།
སྤེལ་བའི་དུས་ཚོད། : 2018-02-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྩོམ་པ་པོ། འབའ་བ་བློ་བཟང་མགོན་པོ།


  

 ང་རང་ཆུང་དུས་ངའི་ཨ་མྱེ་ཚེ་སྒྲུབ་དཔལ་ལྡན་ལགས་ཀྱིས་ནམ་རྒྱུན་ཁ་ནང་མ་ཎི་འདོན་བཞིན་ང་ཚོར་ཟ་མཁས་བྱས་ན་སྨན་པ་ཡིན། གཙང་སྦྲ་བྱས་ན་ལྷ་འཁོར་ཞེས་གསུང་། དེ་དུས་ང་རང་གིས་ཟ་མ་ཟ་མཁས་པ་དང་སྨན་པའི་བར་འབྲེལ་བ་ཅི་ཡོད། གཙང་སྦྲ་དང་ལྷའི་བར་ཡང་འབྲེལ་བ་ཅི་ཡོད་པ་ཧ་གོ་མ་མྱོང་།
   ༢༠༠༤་ལོར་ང་རང་ཕྱི་རྒྱལ་སྨན་པ་ཁག་གཅིག་དང་མཉམ་དུ་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་ཁོངས་གཏོགས་གྲོང་པ་ཁ་ཤས་ལ་རིན་མེད་སྨན་བཅོས་བྱེད་སའི་སྐད་སྒྱུར་ལ་སོང་། དེ་ནི་ངའི་མི་ཚེའི་ནང་དུ་སྨན་པ་ཚོ་དང་མཉམ་དུ་ལས་པའི་ལས་ཀ་ཐོག་མ་དེ་ཡིན། སྐད་སྒྱུར་ལེགས་འགྲུབ་ཡོང་ཆེད་ཁོ་བོས་གསོ་རིག་སྐོར་གྱི་དཔེ་ཆ་ཁ་ཤས་བཀླགས། ལྷག་པར་ཏུ་བོད་ཁུལ་ལ་དར་ཁྱབ་ཆེ་བའི་ནད་རིགས་ཁ་ཤས་ལ་རྒྱུས་ལོན་བྱས། དེ་ནི་ཕྱི་རྒྱལ་སྨན་པ་ཚོ་དང་མཉམ་དུ་གཞི་རིམ་ལ་སྨན་བཅོས་བྱེད་པར་འགྲོ་དུས་ཁོ་ཚོས་ནད་པ་ཚོར་ཟ་མ་ཟ་སྟངས་ལ་གཟབ་དགོས་པ་དང་གཙང་སྦྲ་ཡག་པོ་བྱེད་དགོས་པ། ཆུ་ཁོལ་མ་མང་པོ་འཐུང་དགོས་པ་སོགས་ཡང་ནས་ཡང་དུ་བཤད། ཟ་མ་ཟ་མཁས་པ་བྱེད་པ་དང་གཙང་སྦྲ་ཡག་པོ་བྱས་ན་ནད་རིམས་སྔོན་འགོག་དང་ལུས་པོའི་བདེ་ཐང་ལ་ཐད་ཀར་ཕན་ཐོགས་ཆེན་པོ་ཡོད་པ་ད་གཟོད་རྟོགས། ངའི་ཨ་མྱེ་ཡིས་ནམ་རྒྱུན་ཁ་ནང་མ་ཎི་འདོན་བཞིན་བཤད་པའི་སྐད་ཆ་དེ་དངོས་གནས་བདེན་པ་རེད་བསམ་བྱུང་།
    ཉེ་བའི་ལོ་ཁ་ཤས་ནང་ང་རང་གིས་བཙུགས་པའི་བོད་ཁུལ་སློབ་གསོ་དང་སྨན་བཅོས་རོགས་སྐྱོར་ལྟེ་གནས་བརྒྱུད་ནས་བོད་ཁུལ་གྱི་ནད་པ་མང་པོ་ལ་སྨན་བཅོས་རོགས་རམ་བྱས་པ་ཡིན། ནད་པ་མང་པོ་ནམ་རྒྱུན་འཚོ་བའི་ཁྲོད་དུ་ཟ་མ་ཟ་སྟངས་དང་གཙང་སྦྲ་སོགས་ལ་འབྲེལ་བ་ཧ་ཅང་ཆེན་པོ་འདུག ལྷག་པར་ཏུ་ཟས་གྲང་མོ་དང་ཟས་སྐོམ། རྒྱ་ཁོག སུར་པན་མང་བའི་ཟས། བཏུང་བྱ། ཤ་རྗེན། ཆང་རག ཕྱེད་འགྲང་ཕྱེད་ལྟོགས། ལུས་པོ་སྦྱངས་བརྡར་མི་བྱེད་པ་སོགས་ཚུལ་མཐུན་མིན་པའི་འཚོ་བའི་འགྲོ་སྟངས་དང་ཐད་ཀར་འབྲེལ་བ་འདུག
ཉིན་ཞིག ང་རང་སྨན་ཁང་ནང་དུ་མཁལ་མ་ནད་པ་ཞིག་ལ་ལྟ་རུས་སོང་པ་ཡིན། ཁོ་ནི་ང་ཚོ་བོད་ཁུལ་སློབ་གསོ་དང་སྨན་བཅོས་ལྟེ་གནས་ཀྱིས་རོགས་རམ་བྱེད་མྱོང་བའི་ནད་པ་ཞིག་རེད། ཁོ་རང་སྨན་ཁབ་རྒྱག་བཞིན་སྒང་རེད། ང་རང་ཁོ་དང་མཉམ་དུ་ཁ་བརྡ་ཅུང་ཙམ་བྱས་པ་ཡིན། ཁོས་ཆུང་དུས་བཏུང་བྱ་འདྲ་མིན་འཐུང་རྒྱུར་ཧ་ཅང་དགའ་པོ་ཡོད་ཅེས་ཟེར། ད་ལྟ་མཁལ་མའི་ནད་ཕོག་ནས་ཁྱིམ་ནང་གི་ཡོང་སྒོ་ཚང་མ་སྨན་ཁང་ལ་སྤྲད་ཟིན། ད་ལྟ་རྒྱུ་འགྲོ་བ་མ་ཟད་ནད་ཡང་དྲག་རྒྱུ་མི་འདུག་ཅེས་ཟེར།
   གློ་བུར་དུ་ང་རང་ཁབ་ཆུ་དེར་ཁ་ཤོར་ནས་འཆར་སྣང་སྣ་ཚོགས་མིག་སྔར་ཤར། ཁབ་ཆུ་ཐིགས་པ་རེ་རེ་ཟགས་དུས་ཁོའི་རྔུལ་ཆུ་རེ་རེ་བཞིན་སེམས་ལ་ཤར། ཁོ་རང་དབྱར་རྩྭ་དགུན་འབུ་རྐོ་དུས་ཀྱི་ཟས་སྐམ་པོ་དང་ཆུ་གྲང་མོ། ལ་དང་ལ་མོ་བརྒྱབ་སྐབས་ལུས་པོ་ལ་ཟགས་པའི་རྔུལ་ཆུ་ཐིགས་པ་རེ་རེ་དེ་ངའི་སེམས་ལ་ཤར། ཁོ་རང་ཤ་མོ་བསྡུ་སྐབས་དང་ཞོར་ལས་ལ་སོང་ནས་རྔུལ་ཆུ་ལས་བསགས་པའི་སྒོར་མོ་ཡོངས་རྫོགས་སྨན་ཁང་ནང་དུ་བསྐྱལ། ཁྲིན་ཏུའུ་སྨན་ཁང་སོ་སོར་བོད་ཁུལ་ནས་ཡོངས་བའི་ནད་པ་ཧ་ཅང་མང་པོ་འདུག དངོས་གནས་ང་ཚོས་དུས་རྒྱུན་གྱི་ཟ་མ་དང་གཙང་སྦྲ་སོགས་གཟབ་དགོས་འདུག ང་རང་གིས་རྔུལ་ཆུ་དང་ཁབ་ཆུ་བརྗེ་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བའི་སྨོན་ལམ་ཡང་ཡང་འདེབ་བཞིན་ཡོད།