ཚོང་དཔེ་ཤེལ་སྒྲོམ་ནང་གི་བདེ་སྐྱིད།
སྤེལ་བའི་དུས་ཚོད། : 2018-02-02 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མའོ་ལཱ་ཝེ་ཡཱས་བརྩམས། སྟག་འབུམ་རྒྱལ་གྱིས་བསྒྱུར།

ཨར་བྷེ་ཐོ་མའོ་ལྰ་ཝེ་ཡྰAlberto Moravia(1907-1990)ནི་དབྱི་ཐ་ལིའི་མིང་དུ་གྲགས་པའི་དེང་རབས་སྒྲུང་གཏམ་པ་སྟེ། ཁོང་གིས་དེ་སྔ་གསར་འགོད་པ་དང་དུས་དེབ་གཙོ་སྒྲུབ་པ། ད་དུང་རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་ཀྲུའུ་ཞི་སོགས་ཀྱི་ལས་ཀ་དང་འགན་བཞེས་མྱོང་། ལོ་ངོ་དྲུག་ཅུ་ལྷག་གི་གསར་རྩོམ་གྱི་བརྒྱུད་རིམ་ཁྲོད་དུ་བསྡོམས་པས་སྒྲུང་རིང་དང་སྒྲུང་འབྲིང་སོགས་བཅུ་ལྷག་བརྩམས་གནང་མཛད་པ་དང་། ཁོང་གིས་དངོས་འབྲིའི་རྣམ་པ་སྤྱད་དེ་མི་རྣམས་ཀྱི་ཉེ་འཁོར་དུ་བྱུང་བའི་གཏམ་རྒྱུད་ཕལ་བའི་རིགས་ཡིག་ངོར་བཀོད་ཅིང་། དེ་ལ་བརྟེན་ནས་མིའི་ནང་སེམས་ཀྱི་འགྱུར་བ་སྣ་ཚོགས་སྔོག་འདོན་བྱེད་པར་འབད་པ་རེད། ཁོང་གི་བརྩམས་ཆོས་ཀྱིས་དབྱི་ཐ་ལི་མ་ཟད་འཛམ་གླིང་རྩོམ་རིག་གི་སྡེ་རུ་ཤུགས་རྐྱེན་ཆེན་པོ་ཐེབས། བརྩམས་ཆོས་གཙོ་བོ《སྙིང་རྗེ་བྲལ་བའི་མི་རྣམས》དང་། 《རེ་བ་སྟོང་ཟད》《རོ་མའི་གཏམ་རྒྱུད》《དག་ཞིང》《འཚོ་བ་གཞན་ཞིག》སོགས་ཡོད་དོ། །

ཉིན་རྒྱུན་དགོང་མོའི་དུས་སུ། ལས་འཁྱུར་ངལ་གསོ་བྱས་ཟིན་པའི་སྤྱི་ཞབས་པ་སྨི་རུང་ནའེ་ཡིས་སྐུ་ཤ་རྒྱགས་པའི་ལྕམ་མོ་ཨེར་སྨི་ནཱ་དང་ལང་ཚོའི་དུས་ལ་སོན་ཡང་སེམས་པ་སོམ་ཉིས་བཅིངས་ཤིང་བཞིན་མདངས་སྐྱ་བོར་གྱུར་པའི་བུ་མོ་ཆའོ་ཝན་ནཱ་གཉི་ག་ཁྲིད་ནས་རང་ཁྱིམ་གྱི་སྒོར་བུད་དེ་སྲང་ལམ་དུ་འཆམ་འཆམ་བྱེད་པ་གོམས་སྲོལ་དུ་གྱུར་ཡོད།

བཟའ་མི་གསུམ་པོ་ཨེར་སྨི་ནཱའི་ལྕི་ཞིང་འཁྱལ་བའི་གོམ་འགྲོས་དང་བསྟུན་ནས་ཁོ་ཚོ་གཞིས་སྡོད་བྱས་ཡོད་པའི་རང་མོས་ཐང་ཆེན་ནས་ཆས་ཤིང་། དཀྱུས་རིང་བའི་ཁཱ་ལ་ཏི་ལི་ཐང་སྲང་ལམ་གྱི་མི་ཡི་བཞུད་ལམ་བརྒྱུད་ནས་དལ་དལ་ལྷོད་ལྷོད་ངང་བསྐྱོད་ལ། འགྲོ་ཞོར་དུ་ཧ་ཅང་ནན་ཏན་གྱིས་ཚོང་ཁང་རེ་རེའི་ཚོང་དཔེ་ཤེལ་སྒྲོམ་ནང་ལ་བལྟས།བསྐྱར་དར་ཐང་ཆེན་དུ་སླེབས་འཕྲལ་ཁ་གཏད་ཀྱི་མི་ཡི་བཞུད་ལམ་དུ་བུད་ཅིང་། སྔར་བཞིན་དེ་ལྟར་ཞིབ་ཕྲའི་ངང་ཚོང་ཁང་གི་ཚོང་དཔེའི་ཤེལ་སྒྲོམ་ནང་ལ་ལྟད་མོར་རོལ་བཞིན་ཕྱིར་རང་མོས་ཐང་ཆེན་དུ་སླེབས་འགྲོ་བ་རེད།

དེ་ལྟ་བུའི་འཆམ་འཆམ་བྱེད་ཐེངས་རེར་ཕལ་ཆེར་དུས་ཚོད་གཉིས་འགོར་གྱིན་ཡོད་པས། ཕྱིར་ཁྱིམ་དུ་སླེབས་དུས་ཏག་ཏག་དགོང་ཟས་གསོལ་རན་ལ་སླེབས་འདུག དཔལ་འབྱོར་ཐད་དཀའ་ངལ་ཆེ་བའི་དབང་གིས་ཡུན་རིང་པོར་གློག་བརྙན་ཁང་དང་ཁོ་ཧྥེ་གསོལ་ཁང་དུ་འཛུལ་མ་མྱོང་བའི་སྨི་རུང་ནའེ་ཚང་ལ་མཚོན་ན། དེ་ལྟར་འཆམ་འཆམ་བྱེད་པ་ནི་འཚོ་བའི་ཁྲོད་ཀྱི་སྤྲོ་སྣང་འབའ་ཞིག་ཏུ་གྱུར་ཡོད།

ཉིན་ཞིག་ལ། ཁོ་ཚོ་ནམ་རྒྱུན་དང་འདྲ་བར་ཁཱ་ལ་ཏི་ལི་སྲང་ལམ་བརྒྱུད་ནས་འཆམ་འཆམ་བྱས། བསྐྱར་དར་ཐང་ཆེན་དུ་སླེབས་པར་ཉེ་བའི་སྐབས་སུ་གློ་བུར་དུ་ཁོང་གསུམ་པོའི་སེམས་ཀྱི་གཏད་སོ་མ་བགྲོས་གཅིག་མཐུན་ངང་གསར་དུ་སྒོ་ཕྱེ་བའི་ཚོང་ཁང་ཞིག་གི་ཕྱོགས་སུ་དྲངས་སོང་། ཨ་ཙི་ཙི། ཡ་མཚན་པ་ཞིག་ལ་འདི་གར་ཁ་སང་ད་དུང་ཐལ་རྡུལ་གྱིས་མནན་པའི་ཤིང་ཁང་རྙིང་རལ་ཞིག་མ་གཏོགས་མེད་པ་མིན་ནམ། དེ་རིང་གློ་བུར་དུ་ཚོང་ཁང་འདི་འདྲ་བ་ཞིག་བསྒྲུབས་འདུག ཚོང་ཁང་དེའི་ཚོང་དཔེ་ཤེལ་སྒྲོམ་ལས་འཕྲོས་པའི་མིག་ལ་འཚེར་བའི་འོད་ཟེར་གྱིས་དེའི་ནང་དུ་བཤམས་ཡོད་པའི་ཚོང་དངོས་ཀྱང་མཐོང་དཀའ་བའི་ཚོད་དུ་འདུག ཕ་མ་བུ་གསུམ་པོ་མྱུར་མོར་གོམ་པ་འགའ་ཕར་སོང་ཞིང་།སྨྲ་སྒོ་འགགས་པ་ལྟར་ཚོང་དཔེ་ཤེལ་སྒྲོམ་དེའི་མདུན་ཐད་དུ་ཟླ་གམ་དབྱིབས་ཀྱིས་བསྟར་ནས་བསྡད་བྱུང་།

ད་ནི་ཧ་ཅང་གསལ་ཐག་ཆོད་པའི་ངང་ནང་རོལ་གྱི་ཚོང་རྫས་དག་མཐོང་ཐུབ་སྟེ། ཚོང་རྫས་ནི་བདེ་སྐྱིད་ཤ་སྟག་རེད། སྨི་རུང་ནའེ་ཁྱིམ་ཚང་གང་པོ་ཡང་འཇིག་རྟེན་སྟེང་གི་མི་ཡོངས་རྫོགས་དང་འདྲ་བར་ཚོང་རྫས་དེ་རིགས་ཀྱི་མཚན་སྙན་སྔ་མོ་ཞིག་ནས་ཐོས་མྱོང་ན་ཡང་ད་བར་དུ་མིག་གིས་དངོས་སུ་མཐོང་མ་མྱོང་། དེ་མིན་ནམ། སྔ་མོ་ཞིག་ནས་གཞན་གྱི་ཟེར་སྒྲོས་ལས་ལྟས་ངན་དེ་ནི་ལྷ་སྒྲུང་ཁྲོད་ཀྱི་དགོས་འདོད་ཀུན་འབྱུང་གི་ནོར་བུ་ལྟར་ཧ་ཅང་དཀོན་པོ་ཞིག་ཡིན་ཚུལ་ཐོས་མྱོང་ཡང་མི་མང་པོ་ཞིག་གིས་དེའི་དངོས་ཡོད་ལ་དོགས་པ་བྱེད་ཀྱིན་པར་ཡང་ཁག་མི་འདུག རེད་ལགས། གོ་ལ་ཧྲིལ་པོར་ཚོང་རྒྱུག་ཆེ་བའི་མི་སྣ་མིང་གྲགས་ཅན་གྱི་བརྙན་དེབ་ཏུ་དེའི་སྐོར་གྱི་རྩོམ་ཡིག་དང་འདྲ་པར་མང་པོ་རྒྱུན་ཆད་མེད་པར་བཀོད་ཡོད་པར་མ་ཟད། ད་དུང་ཚིག་ཐག་ཆོད་པའི་ངང་ཨ་མེ་རི་ཁའི་ས་ཆར་བདེ་སྐྱིད་ནི་ས་ལུད་རྡོ་ལུད་དུ་གྱུར་པ་ཞིག་མིན་ན་ཡང་མི་སུས་ཀྱང་ཉོ་ཐུབ་པ་ཞིག་ཡིན་ཚུལ་སྒྲོག་གིན་འདུག ཡིན་ན་ཡང་ཨ་མེ་རི་ཁ་ནི་ཡུལ་གྱིས་བསྐལ་བ་ནི་སུས་ཀྱང་རྟོགས་པར་མ་ཟད། ད་དུང་གསར་འགྱུར་འགོད་མཁན་དག་གིས་རྒྱུན་དུ་དེའི་ཐོག་ནས་རྫུན་བཟོ་མགོ་སྐོར་བཏང་སྟེ་རང་ཉིད་ཀྱི་བྱ་བ་འགྲུབ་ཐབས་བྱེད་ཀྱིན་ཡོད་པ་ཡིན་ངེས་རེད། ཡང་འགའ་རེས་བཤད་ན། གནའ་བོའི་དུས་སུ་བདེ་སྐྱིད་ནི་མི་སུས་ཀྱང་ཡིད་སྨོན་མི་བྱེད་པའི་ཚོང་ཟོག་ལྷག་མ་ཙམ་ཞིག་ཡིན་སྐད་ཀྱང་འདུག གང་ལྟར་སྨི་རུང་ནའེ་ནི་འཇིག་རྟེན་མི་ཡུལ་དུ་སྐྱེས་ནས་ན་ཚོད་འདི་འདྲ་བར་སླེབས་ཀྱང་བདེ་སྐྱིད་ཟེར་བ་མིག་གིས་དངོས་སུ་མཐོང་གཏན་ནས་མ་མྱོང་།

བསམ་ཡུལ་ལས་འདས་པ་ཞིག་ལ། ད་ནི་ལྷམ་ཟད་རྐང་ཟད་ཀྱིས་ཕྱོགས་གང་སར་བརྒྱུགས་ནས་འཚོལ་མི་དགོས་པར་མིག་མདུན་གྱི་ཚོང་ཁང་དེའི་ནང་དུ་འདུག་ཅིང་། མི་ཚང་མས་རང་ཉིད་ཀྱི་འདོད་མོས་ལྟར་བདེ་སྐྱིད་ནི་ཀོ་ལྷམ་དང་སླ་ང་དང་དཀར་ཡོལ་སོགས་ཉོ་བ་ལྟར་ཧ་ཅང་རྒྱུན་ལྡན་དང་སྟབས་བདེའི་ངང་ཉོས་ཆོག་པར་འདུག སྨི་རུང་ནའེ་བཟའ་ཚོ་གསུམ་པོ་ཚོང་དཔེ་ཤེལ་སྒྲོམ་གྱི་མདུན་དུ་འགྲེང་སྟེ་ཧ་ལས་ཤིང་ཧོན་ཐོར་ཏེ་ཧད་འདུག་པའི་བཟོ་ལྟ་དེ་ནི་དངོས་གནས་རྒྱུས་ལོན་ཐུབ་པ་ཞིག་རེད།

ད་དུང་ནན་བཤད་བྱེད་དགོས་པ་ཞིག་ནི། ཚོང་ཁང་དེ་ཚང་གིས་མཛེས་རྒྱན་སྤྲས་པར་ཡང་དང་དོད་ནན་མོ་བྱས་འདུག་སྟེ། ཆུ་ཞེང་ཆེ་བའི་ཤེལ་སྒྲོམ་གྱི་མཐའ་བཞི་རུ་བཀྲག་མདངས་ལྡན་པའི་རྡོ་ཀ་མ་རུའི་མཐའ་རྒྱན་སྤྲས་འདུག སྤྲས་པས་ཚོན་མདངས་སྣ་ཚོགས་སུ་འཕྲོ་བར་བྱེད་ལ། མཚན་བྱང་དང་སྒྲོམ་སྟེགས་ནི་རྣམ་པ་ཆེས་གསར་པ་ཤ་སྟག་ཡིན་ཞིང་།ནང་རོལ་གྱི་མཚར་སྡུག་ལྡན་པའི་བཀོད་པ་ཡོངས་ལ་དེ་མཐུན་གྱི་བཀྲག་རྩི་རིམ་པས་བྱུགས་པས་མིག་ལ་འཚེར་བར་བྱེད་པ་དང་། གཟབ་འཕྱོར་ལེགས་པར་སྤྲས་ཤིང་རྣམ་རིག་སྐྱེན་པའི་ཚོང་ཞབས་པ་གཉིས་གསུམ་ཙམ་ཞིག་ཚོང་མགྲོན་འགུགས་པའི་ལས་ལ་བྲེལ་གྱིན་འདུག བདེ་སྐྱིད་ནི་བགྲང་ཡས་པའི་བསྐྱར་གསོན་དུས་སྐར་གྱི་བྱ་སྒོང་དང་འདྲ་བར་ཆེ་ཆུང་རིམ་པར་བཀར་ཏེ་བསྟར་འདུག་ལ། མདོག་དང་རྣམ་པ་མང་བར་མ་ཟད་སྣ་ཁ་ཡང་ཧ་ཅང་འཛོམས་པོ་འདུག་སྟེ། ཆུང་བ་ནས་འབྲུ་འདྲ་བ་ནས་འབྲིང་བ་བྱ་སྒོང་ཙམ་དང་ཆེ་བ་རི་བོང་ལྟ་བུ་ཡང་གདའ།ཆེས་ཆེ་བའི་སྐོར་ཞིག་འདུག་པ་ནི་ཕར་བལྟས་ན་ཚོང་བརྡའི་བཤམ་དངོས་ཙམ་ཡིན་པ་ལས་ཚོང་རྫས་སྤུས་དག་ཅིག་མ་རེད། བདེ་སྐྱིད་ཀྱི་བཤམ་དངོས་དེ་རིགས་ལ་ཡང་སྤུས་དག་པའི་བྱང་བུ་རེ་བཀལ་ཡོད་ཅིང་། དེའི་སྟེང་དུ་ཡིག་གཟུགས་མཛེས་པོས་རིན་གོང་གསལ་པོར་བཀོད་འདུག

མཇུག་མཐར་རྒན་པོ་སྨི་རུང་ནའེ་ཡིས་རྒན་པ་དག་གི་བཤད་སྟངས་ལྟར་གཅིག་མཐུན་གྱི་བསམ་ཚུལ་བཤད་བྱུང་།

“ངོ་མ། ངས······ཇི་ལྟར་བྱས་ཀྱང་ཡིད་ཆེས་བྱེད་མི་ཕོད་པར་འདུག”

“ཅིའི་ཕྱིར། ཨ་ཕ་ལགས།”བུ་མོས་བྱིས་བློའི་ངང་ཚུལ་གྱིས་དེ་ལྟར་དྲིས་བྱུང་།

“ཧིན། ཁྱོད་ཀྱིས་ཅིའི་ཕྱིར་ཡིན་པ་འདྲིའམ།” རྒན་པོ་ཅུང་ཁྲོས་པར་གྱུར་འདུག “ལོ་ངོ་ག་ཚོད་ཅིག་འདས་ཟིན་ཡང་། ང་ཚོས་གཞན་གྱི་ངག་སྒྲོས་ལས་ཐོས་པ་ལྟར་ན། དབྱི་ཐ་ལིར་བདེ་སྐྱིད་མེད་པ་རེད། ང་ཚོའི་ས་ཆ་འདིར་མཚོན་ན་བདེ་སྐྱིད་ལ་རེ་མཁན་མང་ཡང་ཐོབ་མཁན་ཉུང་། ཕྱི་རྒྱལ་ནས་ནང་འདྲེན་བྱས་ན་རིན་གོང་མཐོ་དྲགས་སོང······ངོ་མ་ཡ་མཚན་པ་ཞིག་རེད། ད་ལྟ་གློ་བུར་དུ་འདི་གར་བདེ་སྐྱིད་ཆེད་འཚོང་ཁང་ཞིག་བྱུང་སོང”ཟེར།

“དེ་ནི་བདེ་སྐྱིད་ཐོན་སྐྱེད་བྱེད་ཡུལ་གསར་པ་ཞིག་གསར་དུ་རྙེད་བྱུང་བ་ཡིན་ཡང་སྲིད།”བུ་མོས་དེ་ལྟར་བཤད།

“གསར་པ······གསར་རྙེད་ཟེར་བ་ཅི་ཡིན། གང་ཞིག་ནས་རྙེད་དགོས་པ་རེད།”ཐེངས་འདིར་རྒན་པོ་དངོས་གནས་ཁྲོས་བྱུང་། “ང་ཚོར་རྒྱུན་དུ་དབྱི་ཐ་ལིའི་ས་འོག་ཏུ་ཐོན་ཁུངས་མི་འདུག་ཅེས་དྲིལ་སྒྲོག་བྱེད་ཀྱིན་པ་མིན་ནམ། རྡོ་སྣུམ་མེད། ལྕགས་རིགས་མེད། སོལ་གཏེར་མེད། བདེ་སྐྱིད་མེད་མི་སྲིད། དོན་འདི་འདྲ་བ་ཞིག་མི་ལ་གསང་ཐབས་ག་ལ་ཡོད། ཁྱོད་ཀྱིས་བསམ་བློ་ཞིག་ཐོངས་དང་། དངོས་གནས་དེ་འདྲ་ཡིན་ཚེ། ཚགས་པར་གྱིས་སྔོན་ཞིག་ནས་འུད་སྒྲོག་བྱས་ཟིན་ཏེ། དཔེར་ན་སྐྱེས་བུ་སུ་ཞིག་རི་བོ་ཁཱ་རྡོ་ལིར་སྤྲོ་འཆམ་ལ་འགྲོ་དུས་སྟེས་དབང་གིས་སྤུས་དག་པའི་བདེ་སྐྱིད་གཏེར་ཁུངས་ཤིག་གསར་རྙེད་བྱུང་ཞིང་། དེའི་ཞེང་ལ་ག་ཚོད་ཆེན་པོ་ཡོད་པ་དང་། གཏིང་ཚད་ག་ཚོད་ཟབ་མོ་ཡོད་པ། གཏེར་གྱི་ཤོང་ཚད་ག་འདྲ་མང་པོ་ཡོད་ཚུལ་བཤད་ནས་ཚར་རྒྱུ་མེད་ངེས་རེད། འདི་ནི་འདང་མ་བརྒྱབ་ཀྱང་ཡིད་ངོར་འཁོར་ཐུབ་པ་ཞིག་རེད། མི་སྲིད། འདི་ནི་ཕྱི་རྒྱལ་གྱི་ཐོན་དངོས་ཤིག་ཡིན་ངེས་ཅན་རེད”ཟེར།

“དེ་ལྟར་ཡིན་པའི་དབང་དུ་བཏང་ན་ཡང་མི་བཟང་རྒྱུ་ཅི་ཡོད་དམ།” ཨ་མས་ཧ་ཅང་བག་ལྷོད་པོས་བཤད་རྒྱུར། “ཁོ་ཚོའི་ས་ཆར་བདེ་སྐྱིད་ཧ་ཅང་མང་ན་ཡང་ང་ཚོར་ཅུང་ཟད་ཙམ་ཡང་མེད་པས། ཁོ་ཚོའི་ཐོན་རྫས་ང་ཚོར་དྲངས་ན་དེ་ནི་ཧ་ཅང་རྒྱུན་ལྡན་ཞིག་ཡིན་པ་མིན་ནམ།”

རྒན་པོ་ཞེ་སྡང་དྲག་པོས་ཕྲག་པ་འགུལ་ཙམ་འགུལ་ཙམ་བྱས་ཤིང་ན་རེ། “བུད་མེད་རིགས་ཀྱིས་ཅི་ཞིག་ཤེས་སམ། ཁྱོད་ཀྱིས་ཅི་ཞིག་ལ་ནང་འདྲེན་ཟེར་བ་དེ་ཤེས་སམ། འདི་ལ་རིན་ཐང་ཆེ་བའི་དངུལ་སྒོར་ཕར་བྱིན་ཏེ་བརྗེ་དགོས་པའི་གོ་དོན་ཡོད་པ་རེད། དངུལ་སྒོར་དེ་དག་ནི་ཆེད་དུ་འབྲུ་རིགས་ཉོ་བའི་ཕྱོགས་སུ་བཀོལ་འོས་པ་རེད། དེང་སྐབས་ཚང་མའི་ཕོ་བ་ལྟོགས་ཀྱིན་པའི་སྒང་ཡིན་པས། འབྲུ་རིགས་ནི་ཧ་ཅང་ཉེར་མཁོར་གྱུར་པའི་དངོས་པོ་གཅིག་པུ་རེད། མི་ཆོག ལྕམ་མོ་ལགས། འདི་ལྟར་བྱེད་མི་རུང་། ཡུན་རིང་པོར་བསགས་པའི་མེ་སྒོར་རྡོག་འགའ་དེ་གཏན་བརླག་བྱས་ནས་བདེ་སྐྱིད་ཅེས་པའི་ཚོང་རྫས་འདི་འདྲ་བར་བརྗེ་གཏན་ནས་མི་རུང་།”

“ཡིན་ཡང་བདེ་སྐྱིད་ནི་ང་ཚོར་ཡང་མཁོ་བ་རེད་ཡ།” བུ་མོས་འགྲམ་ནས་གསལ་འདེབས་བྱས།

“རྒྱས་སྤྲོས་དངོས་རྫས་ཁོ་ན་རེད།” རྒན་པོས་ལན་འདེབས་རྒྱུར།“ཆེས་གལ་ཆེ་བ་ནི་ཁ་རྒྱབ་ལ་འདང་རྒྱག་དགོས་པ་དེ་རེད། སྔོན་ལ་ཅོང་རྡོག་དང་དེའི་རྗེས་བདེ་སྐྱིད་ཡིན་ན་འགྲིག རྒྱལ་ཁབ་འདི་ནས་གཙོ་ཕལ་གོ་ལྡོག་སྟེ་སྔོན་ལ་བདེ་སྐྱིད་དང་དེ་ནས་ཅོང་རྡོག་བྱས་འདུག”

“དེ་འདྲའི་ཁོང་ཁྲོ་ལངས་རན་མི་འདུག” ཆུང་མས་ཀོ་བསྐོན་བྱེད་མཁས་ངང་། “འོ་ན་དེ་ལྟར་བྱོས། ཁྱོད་ལ་བདེ་སྐྱིད་མི་མཁོ་བ་ལྟར་གྱིས། ཡིན་ན་ཡང་མི་ཚང་མ་ཁྱོད་འདྲ་བ་ཤ་སྟག་ཡིན་མི་སྲིད”ཟེར།

“ང་ལ་མཚོན་ན······” བུ་མོས་སྤོབས་པ་བསྐྱེད་དེ་བར་དུ་གསེབ་རྩིས་བྱས།

“ཁྱོད་ལ་མཚོན་རྒྱུ་ཅི་ཞིག་འདུག” རྒན་པོས་འཇིགས་སྣང་སྐུལ་གདངས་ཀྱིས་བུ་མོའི་ཚིག་མཚམས་བཅད་བྱུང་།

“ངོ་མ་སྡུག་པོ་རེད། ང་ལ་མཚོན་ནས་བཤད་ན།” བུ་མོས་ཕལ་ཆེར་རེ་ཐག་ཆད་པའི་ངང་ཨུ་ཚུགས་ཀྱིས་ཚིག་རྔ་བརྐྱངས་བྱུང་། “མིག་གིས་གསལ་པོ་ཞིག་མཐོང་ན་འདོད། བདེ་སྐྱིད་ཅེས་པའི་དངོས་པོ་དེ་དོན་དངོས་སུ་ཅི་ཞིག་གིས་གྲུབ་པ་ཡིན་ནམ། ངས་ནི་དེ་ལྟ་བུའི་བདེ་སྐྱིད་ཆུང་ཆུང་ཞིག་ཧ་ཅང་ཉོ་སྙིང་འདོད”ཟེར།

“འགྲོ”རྒན་པོས་ཧ་ཅང་ལྕི་ཞིང་ཚིག་ཐག་ཆོད་པའི་གདངས་ཀྱིས་བཤད་རྒྱུར། “འགྲོ།”

ཨེར་སྨི་ནཱ་དང་ཆའོ་ཝན་ནཱ་ནི་ཁོང་གི་ངག་ལྟར་གོམ་པ་འདེགས་ལེན་བྱེད་དགོས་བྱུང་སོང་།

“ཆའོ་ཝན་ནཱ། ཁྱོད་ཀྱིས་འདི་ལྟར་ཆོ་མེད་བྱས་ཡོང་བ་ངའི་སེམས་ལའང་མ་དྲན།”

“ཅིའི་ཕྱིར་དུ། ཨ་ཕ།”

“བདེ་སྐྱིད་ཟེར་བའི་ཚོང་རྫས་འདི་རིགས་ནི་ཚོང་པ་ཆེན་པོ་དང་སྐུ་དྲག སྒོར་ཁྲི་བརྒྱ་སྟོང་ཅན་དག་གིས་མ་གཏོགས་ཉོ་མི་ནུས་ཁྱོད་ཀྱིས་ཤེས་གསལ་རེད། གཞུང་ཞབས་པ་ཆུང་ཆུང་ཞིག་གིས་བདེ་སྐྱིད་ལ་ཧམ་པ་བྱེད་པའི་ནུས་པ་མེད་ལ་ཡོད་ཀྱང་མི་འོས། ཁྱོད་ཀྱིས་གཅིག་ཉོ་ན་འདོད་ཟེར། དེ་སྐད་བཤད་པས་ཀྱང་ཐ་ན་ཁྱོད་ཀྱིས་ཅི་ཡང་ཤེས་ཀྱིན་མི་འདུག་པ་རྟོགས་ཐུབ་པ་རེད། ཡང་གཅིག་བཤད་ན། ང་ཚོ་སྡོད་སའི་ཁང་པའང་སྒོར་མོ་བྱིན་ཏེ་གླས་པ་རེད། ལས་འཁྱུར་ཕོགས་དངུལ་ནི་ཟླ་མགོར་མ་ཡོང་བར་ཤི་སོང་རུང་སྟེར་མི་སྲིད། འོན་ཀྱང་ཁྱོད་ཀྱིས······ཧེ། ཁྱོད་ཀྱིས་ང་ལ་རྒྱུས་ལོན་ཅུང་ཙམ་ཡང་མི་བྱེད་པར་འདུག་པས། ངོ་མ་གནས་ལུགས་ཅི་ཡང་ཤེས་ཀྱིན་མི་འདུག”

བུ་མོའི་མིག་མཐའ་དལ་བུར་བརླན་པར་གྱུར་ཏེ་མིག་ཀོང་དུ་མཆི་མས་ཁེངས་སོང་།

ཨ་མས་དེ་མ་ཐག་བུ་མོའི་རྒྱབ་ཏུ་ལངས་ནས་སྐད་ཆ་བཤད་བྱུང་། “ཁྱོད་ཀྱིས་ལྟོས་དང་།ཁྱོད་ཀྱིས་ཅི་ཞིག་བཤད་ཀྱིན་འདུག ཁྱོད་ཀྱིས་ནམ་རྒྱུན་དུ་བུ་མོའི་སེམས་སྐྱོ་རུ་འཇུག་ཅི་ཐུབ་བྱེད། ཁོ་མོ་ལོ་ཚད་འདི་འདྲ་ཆུང་ཞིང་འཇིག་རྟེན་གྱི་བྱ་བ་ཅི་ཡང་མཐོང་མ་མྱོང་བས། བདེ་སྐྱིད་ཅིག་ཉོ་འདོད་པར་ཡང་ཧ་ལས་རྒྱུ་ཅི་ཞིག་ཡོད”ཟེར།

“ཧ་ལས་རྒྱུ་ཅི་ཡང་མི་འདུག་མོད། ཡིན་ན་ཡང་ཁོ་མོའི་ཨ་ཕར་ཡང་བདེ་སྐྱིད་མེད་ཀྱང་མི་ཚེ་རིང་པོ་འཁྱོལ་ཐབས་བྱས་པ་མ་རེད་དམ། ཁོ་མོར་བདེ་སྐྱིད་མེད་ན་ཡང་སྔར་བཞིན་འཚོ་ཐུབ་པ་སྨོས་ཅི་དགོས།”

ཁོ་ཚོ་བསྐྱར་དར་ཐང་ཆེན་དུ་སླེབས་སོང་བས། རྒན་པོ་ནམ་རྒྱུན་གྱི་གོམས་སྲོལ་ལས་ལྡོག་སྟེ་ཨུ་ཚུགས་ཀྱིས་ཁ་ཕྱིར་འཁོར་ཏེ་ཚུར་འོངས་སའི་ལམ་དེད་དེ་ཕྱིར་བསྐྱོད། སླར་ཡང་བདེ་སྐྱིད་འཚོང་རྒྱུ་ཡོད་པའི་ཚོང་ཁང་དེའི་གམ་དུ་སླེབས་པའི་སྐབས་སུ། ཁོ་རང་གོམ་པ་ལེན་མཚམས་བཞག་སྟེ་ཡུན་ རིང་ཙམ་ལ་ཚོང་དཔེ་ཤེལ་སྒྲོམ་དེའི་ནང་དུ་ཅེར་ནས་བསྡད་ཅིང་། མཇུག་མཐར་ཚིག་ཐག་ཆོད་པའི་ངང་བཤད་རྒྱུར།

“ངས་ཅི་ཞིག་ལ་བསམ་བློ་གཏོང་གིན་པ་ཁྱོད་ཚོས་རྟོགས་སམ། འདི་ནི་ཚོང་རྫས་རྫུན་མ་རེད།”

“ཅི་ཟེར།”

“ཧེ། ངས་ཁ་སང་སོ་མར་ཚགས་པར་སྟེང་ནས་གནས་ཚུལ་གསར་པ་ཞིག་མཐོང་བྱུང་།དེ་ལས་བཤད་པ་ལྟར་ན། ཆེས་ཆུང་བའི་བདེ་སྐྱིད་ཅིག་ལའང་ཨ་རི་ནས། རེད་ཡ། ཨ་མེ་རི་ཁ་ནས་རིན་གོང་མེ་སྒོར་བརྒྱ་ཕྲག་མང་པོ་སྟེར་དགོས་ཀྱིན་འདུག་ཟེར། མེ་སྒོར་བརྒྱ་ཕྲག་མང་པོ་རེད་ཟེར་ཡ། འདི་ག་ནས་འདི་འདྲའི་གོང་ཚོད་དམའ་མོས་འཚོང་གིན་འདུག་པ་ནི་སྲིད་པ་ཞིག་རེད་དམ། ནང་འདྲེན་བྱས་པའི་ལམ་གླ་རྐྱང་བར་ཡང་རིན་གོང་འདིའི་ལྡབ་འགའ་དགོས་རྒྱུ་རེད། དེ་བས་འདི་ནི་བདེ་སྐྱིད་རྫུན་མ་རེད། རྫུན་བཟོས་དངོས་པོ་རེད།དེ་འདྲ་རེད། གཏན་ནས་འཆུག་མི་སྲིད།”

“ཡིན་ན་ཡང་མི་མང་པོས་ཉོ་བཞིན་འདུག་ཨང་།” ཨ་མས་ཅུང་ཞུམ་ཞུམ་ངང་དེ་ལྟར་བཤད།

“མི་འདི་རིགས་ཀྱིས་འཇིག་རྟེན་སྟེང་གི་དངོས་པོ་ཅི་ཞིག་ཀྱང་ཁྱེར་ཡོང་སྟེ་འཚོང་གིན་མི་འདུག་གམ། ཉོས་ཏེ་རང་ཁྱིམ་དུ་ཁྱེར་ཡོང་ནས་ཉིན་འགའ་འགོར་བ་ན་མི་དག་འགྱོད་པ་སྐྱེ་སྲིད། གཡོ་ཅན་འདི་རིགས།”

ཁོ་ཚོ་མུ་མཐུད་དུ་འཆམ་འཆམ་བྱས་ཏེ་མདུན་དུ་སྐྱོད་ཀྱིན་ཡོད། ཆའོ་ཝན་ནཱ་ནི་སྐྱོ་གདུང་གིས་མགྲིན་པ་བརྣངས་པར་གྱུར། ཡིན་ན་ཡང་ཁོ་མོའི་སེམས་གཏིང་ནས་རང་ཉིད་ཀྱི་ལྟ་བ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་དེ། རྫུན་མ་ཞིག་ཡིན་ཡང་རུང་། ཁོ་མོར་བདེ་སྐྱིད་ཅིག་ངེས་པར་མཁོ་གལ་ཆེ་བར་འདུག་སྙམ་པ་དེའོ། །

ཡོང་ཁུངས། མཚོ་སྗོན་བོད་ཡིག་གསར་འགྱུར།