ལྷ་ལུང་དཔལ་རྡོར་གྱི་ལོ་རྒྱུས་འགའ་ཞིག་གླེང་བ།
སྤེལ་བའི་དུས་ཚོད། : 2018-01-25 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ནང་དོན་གནད་བསྡུས།

རྩོམ་ཡིག་འདིའི་ནང་ལྷ་ལུང་དཔལ་རྡོར་གྱི་ཁྱིམ་རྒྱུད་དང་སྤུན་མཆེད་གསུམ་རབ་ཏུ་བྱུང་པའི་རྒྱུ་རྐྱེན། ཁོང་གིས་སྲིད་དོར་ནས་ཆོས་ཀྱི་མཛད་པ་བསྐྱངས་མཐར་རྒྱལ་པོ་དགྲོང་མཁན་གྱི་ལག་དམར་དུ་ཇི་ལྟར་གྱུར་ཚུལ་དང་། ཁྱད་པར་དུ་རྒྱལ་བོ་འུ་དུམ་བཙན་པོའི་མཐའ་མཇུག་གི་གནས་སྟངས་སོགས་ལ་དཔྱད་པ་བཏང་ཡོད།

གནད་ཚིག ལྷ་ལུང་། འཁྲུངས་ལོ། རབ་ཏུ་བྱུང་པ། འགལ་བ། མཐའ་མཇུག་གི་གནས་སྟངས།

དང་པོ། ལྷ་ལུང་དཔལ་རྡོར་གྱི་ཁྱིམ་རྒྱུད་དང་འཁྲུངས་ལོའི་སྐོར།

བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ནང་གཅིག་མཐུན་གྱིས་གསུངས་པ་ལྟར་ན། རྒྱལ་བོ་འུ་དུམ་བཙན་པོའི་ལས་སྐལ་རྫོགས་པར་བྱེད་མཁན་ནི་ལྷ་ལུང་དཔལ་གྱི་རྡོ་རྗེ་ཞེས་པའི་ཆོས་ཕྱོགས་ཀྱི་མི་སྣ་ཞིག་ཡིན་ལ། དོན་གྱིས་ཁོ་ནི་སྲིད་ཕྱོགས་ལའང་འབྲེལ་བ་ཆེན་པོ་ཞིག་ཡིན་འདུག དེ་ནི་ཁོས་མཐར་རྒྱལ་པོ་འུ་དུམ་བཙན་པོ་ལྐོག་གསོད་བྱེད་པའི་ལམ་ཁ་དེ་འདེམ་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད། ལོ་རྒྱུས་དོན་རྐྱེན་དེའི་མཐིལ་རྟོགས་པ་ལ་ཁོའི་ཁྱིམ་རྒྱུད་དང་འབྲེལ་ནས་གླེང་ན་གོ་བ་བདེ་བླག་ཏུ་རྙེད་ཐུབ། ལྷ་ལུང་དཔལ་རྡོར་ནི་ཁྱིམ་རྒྱུད་རྙིང་པ་དབང་ཐང་ཅན་ཞིག་ནས་སྐྱེས་པར་བརྟེན། ཁོང་སྐུ་ན་ཆུང་བའི་དུས་ནས་སྲིད་ཀྱི་ལས་ལ་ཞུགས་པར་མ་ཟད། སོ་མཚམས་སྲུང་བའི་དམག་དཔོན་གྱི་གོ་གནས་ཀྱང་ཁུར་མྱོང་ཡོད། ཁྱིམ་རྒྱུད་ཀྱི་མིང་ལ་ལྷ་ལུང་ཞེས་འབོད་ལ་དེ་ནི་རུས་རྒྱུད་རྙིང་པ་ལས་བྱུང་བའི་མིང་ཞིག་ཡིན་པས་ལོ་རྒྱུས་ཤིན་ཏུ་རིང་པོ་ཡོད་པ་ཞིག་ཡིན་པ་གོར་མ་ཆག །བོད་ཀྱི་རྩ་བའི་རུས་ཆེན་བཞིའི་ཡ་གྱལ་ཨ་ཕོ་ལྡོང་ལ་རུས་ཚན་མང་དུ་གྱེས་པ་ལས་ལྡོང་རུས་ཆེན་བཅོ་བརྒྱད་ཟེར་བ་ཞིག་བྱུང་ལ། ལྷ་ལུང་ནི་དེའི་གྲས་ཀྱི་གཅིག་ཡིན་པར《 རིགས་རུས་གསལ་བའི་སྒྲོན་མེ》 དང《 བཤད་མཛོད་ཆེན་མོ》 ཞེས་པའི་དཔེ་རྙིང་གཉིས་ན་གཅིག་མཐུན་གྱིས་གསུངས་འདུག [1]དེང་གི་ཞིབ་འཇུག་ཁ་ཤས་ཀྱི་རྩོམ་ཡིག་ནང་། ལྷ་ལུང་ཞེས་པ་ནི་ལྷ་ལུང་དཔལ་རྡོར་གྱི་སྒེར་མིང་ཞིག་ཡིན་པ་ལས་ཁྱིམ་རྒྱུད་ཀྱི་རུས་མིང་དང་འབྲེལ་བ་མེད་པར་བཤད་ལ། ཀ་ཐོག་ཚེ་དབང་རིག་འཛིན་གྱི《 བོད་བཙན་པོའི་གདུང་རབས་དོན་གསལ་ཡིད་ཀྱི་མེ་ལོང》 ནང་།"ཡི་དམ་ལྷ་དང་བླ་མས་བདུད་འདུལ་དཔའ་བོར་ལུང་བསྟན་པས་ལྷས་ལུང་དུ་གྲགས། "[2]ཞེས་གསུངས་པ་དེ་སྒྲུབ་བྱེད་དུ་བགྲང་འདུག་མོད། ཀ་ཐོག་ཚེ་དབང་རིག་འཛིན་གྱིས་ལྷ་ལུང་དང་ལྷས་ལུང་གཉིས་དོན་གཅིག་ཡིན་པར་མ་གསུངས་ཤིང་། དེ་ནི་ལྷ་ལུང་ཞེས་པའི་མིང་གི་གོ་དོན་ཡིན་པར་དེ་བས་ཀྱང་བསྟན་མེད།ལྷ་ལུང་ཞེས་པའི་མིང་ནི་ལྷ་ལུང་དཔལ་རྡོར་གྱི་སྒེར་མིང་ཞིག་གམ་ཁོས་ཕྱིས་སུ་རྒྱལ་པོ་འུ་དུམ་བཙན་པོ་སྐུ་བཀྲོངས་པར་བརྟེན་ནས་བྱུང་བའི་རྗེས་གྲུབ་ཀྱི་མཚན་ལྟ་བུ་ཞིག་གཏན་ནས་མ་ཡིན་ཏེ། ཁོང་སྤུན་མཆེད་གསུམ་གྱི་ཆེ་བ་ལའང་ལྷ་ལུང་རབ་འབྱོར་དབྱངས་ཞེས་འབོད་པ་ལས་ཀྱང་ཤེས་ནུས་ལ། ལྷ་བཙན་པོ་དག་གི་སྐུ་རིང་ལ་ཁྱིམ་རྒྱུད་དབང་ཐང་ཅན་གྱི་བུ་ཕྲུག་དག་རབ་ཏུ་བྱུང་ན་ཡང་། རབ་བྱུང་གི་མཚན་གྱི་ཐོག་མར་ཁྱིམ་རྒྱུད་ཀྱི་རུས་མིང་མ་བརླག་པར་འཇོག་པའི་སྲོལ་ཡོད་དེ། སད་མི་རྣམས་ཀྱི་ཐོག་མ་རྦ་ཁྲི་གཟིགས་རབ་ཏུ་བྱུང་རྗེས། རབ་བྱུང་གི་མཚན་ལ་རྦ(དབའ)དཔལ་དབྱངས་ཞེས་འབོད་པས་ཀྱང་མཚོན་ཐུབ་པར་མ་ཟད། བཙན་པོའི་གདུང་རབས་ཀྱི་བཙུན་མོ་རིམ་བྱོན་གྱི་གྲས་སུ་ལྷ་ལུང་བཟའ་དཔལ་རབ་འབྱིན་རྗེ་[3]ཞེས་པ་ཞིག་ཡོད་པས་ཀྱང་། ཁྱིམ་རྒྱུད་འདི་དང་བཙན་པོ་ཚང་གི་བར་གཉེན་གྱི་འབྲེལ་ལམ་ཆགས་ཡོད་པ་ཤེས་ཐུབ་བོ། །

ལྷ་ལུང་ཞེས་འབོད་པའི་ཁྱིམ་རྒྱུད་དེ་ནི་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ནས་བཟུང་སྤུ་རྒྱལ་གྱི་ཆོས་སྲིད་དང་འབྲེལ་བ་ཆགས་པའི་ལོ་རྒྱུས་རྙེད་ཐུབ་པ་ནི། སློབ་དཔོན་ཐོན་མིའི་དངོས་སློབ་གཙོ་བོའི་གྲས་སུ་ལོ་ཙཱ་བ་སྐད་གྲགས་ཅན་ལྷ་ལུང་རྡོ་རྗེ་དཔལ་ཞེས་པ་ཐོན་འདུག་པས་མཚོན་ཐུབ། དེང་གི་ཞིབ་འཇུག་པའི་ཁྲོད་ན་ལོ་ཙཱ་བ་དེ་དང་རྒྱལ་པོ་འུ་དུམ་བཙན་པོ་དགྲོང་མཁན་ལྷ་ལུང་དཔལ་རྡོར་གཉིས་གོ་ནོར་ཐེབས་པའི་གནས་ཚུལ་ཡང་ཡོད་དེ། སྐུ་ཞབས་ཁང་དཀར་གྱི་རྩོམ་ཡིག་ནང་།"《 དེབ་ཐེར་དམར་པོ》 སོགས་སུ་ཐོན་མི་སམ་བྷོ་ཊ་ལ་སློབ་མ་ལྷ་ལུང་དཔལ་གྱི་རྡོ་རྗེ་ཞེས་པ་ཞིག་ཡོད་པ་གསལ་བར་མ་ཟད་ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་ཀྱི་མི་ཡིན་ཅིང་། གླང་དར་བཀྲོངས་སྐབས་སུ་དགུང་ལོ་བརྒྱད་ཅུ་ཙམ་ཕེབས་ཀྱི་ཡོད་ཅིང་། དེ་འདྲའི་སྐུ་ན་ཤིན་ཏུ་སྨིན་པའི་གྲྭ་བ་བགྲེས་སོང་གི་རྟ་རྩལ་དང་སྒོ་ནས་བཀྲོངས་པའི་སྐོར་འདི་བཞིན་བསམ་ཞིབ་མི་ནུས་པ་ཞིག་རེད།"[4]ཅེས་བཤད་པ་ལྟ་བུའོ། །སྐུ་ཞབས་ཁོང་གིས་ལུང་དུ་དྲངས་པའི《དེབ་དམར》ནང་ཞིབ་ལྟ་བྱས་ཚེ། སློབ་དཔོན་ཐོན་མིའི་སློབ་མ་དེའི་མཚན་ལ་ལྷ་ལུང་རྡོ་རྗེ་དཔལ་ཞེས་བྲིས་ཡོད་པ་མ་གཏོགས་ལྷ་ལུང་དཔལ་གྱི་རྡོ་རྗེ་ཞེས་པ་ཞིག་རྙེད་མི་ཐུབ་པས། རང་ལུགས་འཐད་ལྡན་དུ་བསྒྲུབ་པའི་ཆེད་དུ་ལུང་ཚིག་ལ་བཟོ་བཅོས་རྒྱག་པ་ནི་མཁས་པའི་རང་ཚུགས་ཤོར་བ་མ་ཡིན་གྲང་།བཙན་པོ་སྲོང་བཙན་སྒམ་པོས་སྲིད་དོན་གྱི་ཕན་ཁེར་དམིགས་ནས་ཐོག་མར་ནང་ཆོས་སྤེལ་བ་དང་བསྟུན་ནས་ལྷ་ལུང་ཁྱིམ་རྒྱུད་དུ་ལོ་ཙཱ་བ་སྐད་གྲགས་ཅན་ལྷ་ལུང་རྡོ་རྗེ་དཔལ་ལྟ་བུ་འཁྲུངས་ནས་སྤུ་རྒྱལ་གྱི་ལོ་རྒྱུས་སྟེང་ལྷ་ལུང་ཞེས་པའི་ཁྱིམ་རྒྱུད་དེ་ཕྱིར་མངོན་པར་མ་ཟད།དེ་དུས་སུ་ནང་ཆོས་སྤེལ་བ་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་དགོངས་གཞི་གལ་ཆེན་ཞིག་ཡིན་པས། བཙན་པོའི་གདུང་རྒྱུད་དང་ཁྱིམ་རྒྱུད་དེ་གཉིས་བར་གཞི་ནས་ཆོས་སྲིད་ཀྱི་འབྲེལ་བ་ཚུགས་ཟིན་པ་ཤིན་ཏུ་གསལ། 《 མ་ཎི་བཀའ་འབུམ》 ནང་གསུངས་པ་ལྟར་ན།ལྷ་ལུང་རྡོ་རྗེ་དཔལ་ནི་ལོ་ཙཱའི་ལས་གཉེར་མཁན་ཁོ་ན་ཙམ་མ་ཡིན་པར། རྒྱལ་པོ་སྲོང་བཙན་སྒམ་པོའི་ནང་བློན་གཙོ་གྲས་ཤིག་ཀྱང་ཡིན་འདུག[5] ཕྱིས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་ནང་ཆོས་སྔར་ལས་རྒྱ་ཆེ་རུ་སྤེལ་བའི་གནས་ཚུལ་འོག་ཏུ་ལྷ་ལུང་ཁྱིམ་རྒྱུད་ནི་སྤུ་རྒྱལ་གྱི་ཆོས་སྲིད་གར་སྟེགས་སྟེང་གི་དབང་ཐང་རྒྱས་བཞིན་པའི་གྲས་སུ་བརྩིས་ཆོག་སྟེ།《 དབའ་བཞེད》 ཀྱི་ཟས་གཏད་ལེའུ་ནང་བཀོད་པ་ལྟར་ན། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་འདས་མཇུག་གི་བྱ་བ་སྒྲུབ་སྟངས་ཐད་ལ་བན་བོན་གཉིས་ཀྱི་བར་རྩོད་པ་བྱུང་བ་དང་།རྩོད་པ་དེའི་གྲས་ཀྱི་མི་སྣ་གལ་ཆེན་ཞིག་གི་མིང་ལ་ལྷ་ལུང་ལྷུན་གྱི་དཔལ་ཞེས་འབོད། ཁོ་བན་དེ་རྣམས་ཀྱི་ཁ་འཛིན་བྱས་ནས་སྲིད་ཀྱི་བློན་པོ་གཙོ་བོ་མཆིམས་བཙན་བཞེར་དང་སྣ་ནམ་རྒྱལ་མཚན་ལྷ་སྣང་སོགས་ཀྱི་ཁ་གཏད་དུ་ལངས་ཡོད་པ་ལ་གཞིགས་ན། ལྷ་ལུང་ཁྱིམ་རྒྱུད་ཀྱི་དབང་ཐང་སྤྱིར་བཏང་བ་ཞིག་མིན་པ་ཤེས་ཐུབ།ལྷ་ལུང་ལྷུན་གྱི་དཔལ་ནི་ལྷ་ལུང་དཔལ་རྡོར་དང་ཕ་མ་གཅིག་པའི་སྤུན་མཆེད་ཅིག་མ་ཡིན་མོད། ཁོ་གཉིས་ཁྱིམ་རྒྱུད་གཅིག་པར་མ་ཟད། ལྷ་ལུང་དཔལ་རྡོར་ལས་ཅུང་རྒན་པའི་ཁུ་བོ་ལྟ་བུ་ཞིག་ཡིན་པར་ངེས། དེ་བཞིན་དུ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ་བཞག་པའི་རྗེ་བློན་མནའ་བསྒགས་ཀྱི་བཀའ་གཙིགས་ཡི་གེ་ནང་། སྣ་བློན་བཀའ་ལ་གཏོགས་པའི་གྲས་སུ་ལྷ་ལུང་བློན་མང་བོ་རྗེ་སྐར་ཀོང[6]ཞེས་པ་ཞིག་ཡོད་པ་ལ་གཞིགས་ན། ལྷ་ལུང་དཔལ་གྱི་རྡོ་རྗེའི་མི་ཐོག་དེ་ལ་སྔར་བཞིན་བཙན་པོའི་གདུང་རྒྱུད་ཀྱི་ནང་མི་རྣམས་དང་ཆོས་སྲིད་ཀྱི་འབྲེལ་ལམ་མ་ཆད་པར་གནས་ཡོད་པ་མཚོན་ཐུབ་བོ། །

ལྷ་ལུང་དཔལ་གྱི་རྡོ་རྗེའི་འཁྲུངས་ཡུལ་ནི《 ཆོས་འབྱུང་མཁས་པའི་དགའ་སྟོན》 ནང་གསུངས་པ་ལྟར་ན། འབྲོམ་སྟོད་གུང་མོ་ཆེ་ཞེས་པ་ཞིག་ཡིན།[7] དེ་བཞིན་དུ་ཡིག་ཚང་རྙིང་པ་གཞན་དང་གཞན་གྱི་ནང་དུའང་འབྲོམ་ཐོད་གུང་མོ་ཞེས་པ་ཙམ་ལས་མི་འདྲ་བ་ཆེར་མེད།《 བོད་ཀྱི་ལྷ་འདྲེ》 ཞེས་པའི་དེབ་ནང་བཀོད་པ་ལྟར་ན། འབྲོམ་སྟོད་ཅེས་པའི་ཡུལ་དེ་ལྷ་ས་ནས་དབྱིན་ལེ་བཅོ་ལྔའི་མཚམས་སུ་ཡོད་ཟེར།[8] མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་འབྲོམ་སྟོད་དང་འབྲོམ་ཐོད་གཉིས་ནི་ཡུལ་མིང་གཅིག་ཏུ་བཞེད་ལ། ཕྱིས་སུ་འབྲོམ་སྟོན་པའི་དབུ་ཐོད་ནང་བཞུགས་ཀྱི་མཆོད་རྟེན་ཞིག་ཡུལ་དེར་བརྩིགས་པར་བརྟེན་ནས་འབྲོམ་ཐོད་དུ་མིང་ཆགས་པར་གསུངས།[9] དེ་ལྟར་ན་ལྷ་ལུང་དཔལ་རྡོར་གྱི་འཁྲུངས་ཡུལ་ལ་འབྲོམ་ཐོད་གུང་མོ་ཆེ་ཞེས་འབོད་པའི་མིང་དེ་ནི་བསྟན་པ་ཕྱི་དར་ལ་བྱུང་བ་ཞིག་ཏུ་ངེས་པས། སྤུ་རྒྱལ་བཙན་པོ་དག་གི་སྐུ་རིང་ལ་ཡུལ་དེའི་མིང་ལ་གང་འདྲ་ཟེར་བ་བརྗོད་ཐུབ་བྲལ་ལོ། །ཡུལ་དེར་འབྲོམ་ཐོད་མཆོད་རྟེན་ཟེར་བ་ཞིག་ད་ལྟའང་མཇལ་རྒྱུ་ཡོད་འདུག་ལ། དེ་ནི་ད་ལྟ་བོད་ལྗོངས་སྟག་རྩེ་རྫོང་འབྲོམ་ཐོད་ཞང་གི་ཁོངས་སུ་གཏོགས། ལྷ་ལུང་དཔལ་རྡོར་འབྲོམ་སྟོད་དུ་ནམ་ཞིག་ལ་སྐུ་འཁྲུངས་པའི་སྐོར་ནི་དཔྱད་པ་གཏོང་བའི་གནས་ཤིག་སྟེ། སྔོན་གྱི་ཆོས་འབྱུང་དེབ་ཐེར་ཁག་ཏུ་ཁ་གསལ་གཅིག་མཐུན་ཞིག་གསུངས་མེད།ཀ་ཐོག་གི《 བོད་བཙན་པོའི་གདུང་རབས་དོན་གསལ་ཡིད་ཀྱི་མེ་ལོང》 ནང་། "ལྷ་སྲས་མུ་རུག་བཙན་པོ་སྐུ་གཤེགས་མ་ཐག་ཏུ་སྐྱེ་བའི་ཉིང་མཚམས་སྦྱར་བ་ཡིན་ཞེས་བླ་མ་དགོངས་འདུས་ཀྱི་ལུང་བསྟན་བཀའ་རྒྱ་མར་གསལ་བོར་གསུངས་པས། དེ་ཚེ་མེ་སྟག་དང་མེ་ཡོས་གང་རིག་ཏུ་འཁྲུངས་དགོས།"[10]གསུངས་པ་ལྟར་ན། ལྷ་སྲས་མུ་རུག་བཙན་པོ་སྐུ་གཤེགས་པའི་ཕྱི་ལོར་ལྷ་ལུང་དཔལ་རྡོར་སྐུ་འཁྲུངས་པ་ཡིན་པས། ལྷ་སྲས་མུ་རུག་བཙན་པོའི་འདས་ལོ་ནི་ལྷ་ལུང་དཔལ་རྡོར་གྱི་འཁྲུངས་ལོ་ཤེས་བྱེད་ཀྱི་ལྡེའུ་མིག་ཏུ་གྱུར་ཡོད། ལྷ་སྲས་མུ་རུག་བཙན་པོ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྲས་རྣམ་བཞིའི་གྲས་ཀྱི་གཅིག་ཡིན་ལ། ཡབ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་སྲས་མུ་ནེ་བཙན་པོ་གཉིས་ཀྱིས་སྔ་ཕྱིར་སྲིད་བསྐྱངས་ནས་ཚེ་ལས་འདས་རྗེས། སྤྱི་ལོ798ལོར་རྒྱལ་སྲས་ཐ་ཆུང་ཁྲི་ལྡེ་སྲོང་བཙན་སྤུ་རྒྱལ་གྱི་སྲིད་ཁྲི་ལ་མངའ་གསོལ་པ་རེད། དེ་དུས་ལྷ་སྲས་མུ་རུག་བཙན་པོ་སྔར་བཞིན་འཚོ་ཞིང་གཞེས་ཏེ། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱིས་མྱང་ཏིང་ངེ་འཛིན་ལ་གནང་བའི་བཀའ་གཙིགས་ཡི་གེ་དང་པོའི་ནང་། གཅེན་པོ་མུ་རུག་བཙན་པོ[11]ཞེས་མཚན་བཀོད་ཡོད་པ་དེས་ར་སྤྲོད་གསལ་པོ་བྱས་འདུག བཀའ་གཙིགས་དེ་ནི་ནམ་ཞིག་ལ་གནང་བའི་ལོ་ཚིགས་གསལ་དག་ཆོད་པ་ཞིག་མ་བྱུང་མོད། བཀའ་གཙིགས་ཡི་གེ་དེའི་ངོས་སུ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཡབ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་གཅེན་པོ་མུ་ནེ་བཙན་པོ་གཉིས་སྔ་ཕྱིར་བཀྲོངས་པའི་གནས་ཚུལ་འོག་ཏུ་སྤུ་རྒྱལ་གྱི་སྲིད་ཁྲི་ལ་བཞུགས་སྐབས། སྲིད་དོན་གྱི་དཀའ་རྙོག་མང་དག་ཅིག་ལ་གདོང་ལེན་བྱེད་དགོས་བྱུང་བ་དང་། སྐབས་དེར་མྱང་ཏིང་ངེ་འཛིན་གྱིས་ཁ་ཞེ་གཉིས་མེད་ཀྱིས་བཙན་པོ་ལ་སྲི་ཞུ་ལེགས་པོར་བགྱིས་ནས་དཀའ་ཚེགས་དེ་དག་ལས་རིམ་པར་ཐར་བའི་སྐོར་བྲིས་ཡོད་པར་བརྟགས་ན། བཙན་པོ་ཁྲི་ལྡེ་སྲོང་བཙན་སྲིད་ཁྲི་ལ་བཞུགས་ནས་ལོ་ཁ་ཤས་ཀྱི་རྗེས་སུ་གནང་བ་ཞིག་ཡིན་པ་ཁ་ཚོན་གཅོད་ཐུབ། འོན་ཀྱང་མི་རིགས་གཞན་གྱི་ཞིབ་འཇུག་པ་ཁ་ཤས་ཀྱི་རྩོམ་ཡིག་ནང་།[12] བཀའ་གཙིགས་དེ་ནི་སྤྱི་ལོ800-810བར་བྱུང་ཟེར་བ་དང་། གཞན་ཡང་སྤྱི་ལོ798- 800བར་བྱུང་བ་ཡིན་ཟེར་བ་སོགས་ཡོད་མོད། དེ་ནི་ཚོད་དཔག་ཙམ་ལས་སྒྲུབ་བྱེད་གནད་དུ་ཁེལ་བ་ཞིག་སུ་ལའང་མེད། བཙན་པོ་འདི་བའི་སྐུ་རིང་གི་འབྲུག་ལོ་ཕྱི་མ་སྟེ་སྤྱི་ལོ812ལོར་ཡང་བསྐྱར་མྱང་ཏིང་ངེ་འཛིན་ལ་བཀའ་གཙིགས་གཉིས་པ་གནང་ཡོད་ལ། བཀའ་གཙིགས་ཡི་གེ་དེའི་ནང་གཅེན་པོ་མུ་རུག་བཙན་པོའི་མཚན་བཀོད་མེད། དེས་སྤྱི་ལོ812ལོར་རྒྱལ་སྲས་མུ་རུག་བཙན་པོ་སྐུ་གྲོངས་ཟིན་པ་གསལ་བཤད་བྱས་འདུག སྤྱི་ལོ800ནས་སྤྱི་ལོ812བར་གྱི་ལོ་གང་རུང་ཞིག་ལ་རྒྱལ་སྲས་མུ་རུག་བཙན་པོ་ཚེ་ལས་འདས་པ་ཁ་ཚོན་བཅད་ཆོག་པས་ན། ལྷ་ལུང་དཔལ་རྡོར་ཡང་དུས་ཚོད་དེའི་ནང་སྐུ་འཁྲུངས་པ་དོན་གྱིས་གོ་ཐུབ། 《 བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་མེ་ལོང》 ནང་། ཀ་ཐོག་ཚེ་དབང་རིག་འཛིན་མཆོག་གིས་ལྷ་ལུང་དཔལ་རྡོར་གྱི་འཁྲུངས་ལོའི་ཐད་ལ་མེ་སྟག་གམ་མེ་ཡོས་ཞེས་གསུངས་པ་དེ་ནི་ཚད་མར་བཟུང་ནས་སྤྱི་ལོ786དང་སྤྱི་ལོ787གཉིས་ཀྱི་གང་རུང་ཞིག་ལ་ལྷ་ལུང་དཔལ་རྡོར་སྐུ་འཁྲུངས་པར་གཏན་ཁེལ་བྱས་ཡོད།[13] ཡིན་ན་ཡང་། ཀ་ཐོག་ཚེ་དབང་རིག་འཛིན་གྱིས་ལྷ་ལུང་དཔལ་རྡོར་ནི་མུ་རུག་བཙན་པོ་སྐུ་འདས་རྗེས་སྐུ་འཁྲུངས་པའི་གསུངས་རྒྱུན་ཡོད་པ་ཁུངས་སུ་མཛད་ནས་དཔྱད་པ་བཏང་བ་ཞིག་ཡིན་པས་རྒྱུ་མཚན་མེད་པ་ཞིག་མིན་མོད། མེ་སྟག་སྟེ་སྤྱི་ལོ786དང་མེ་ཡོས་ཏེ་སྤྱི་ལོ787གཉིས་གང་ཡིན་ཡང་རྒྱལ་སྲས་མུ་རུག་བཙན་པོ་སྔར་བཞིན་འཚོ་ཞིང་གཞེས་པ་གོང་གི་བཀའ་གཙིགས་ཡི་གེ་དང་པོའི་ནང་གསལ་པོར་བཀོད་འདུག་པས། ཁོང་གི་བཞེད་དགོངས་དེ་འཁྲུལ་མེད་ཅིག་ཏུ་ངོས་འཛིན་ཐུབ་མེད་དོ། །བཙན་པོ་ཁྲི་ལྡེ་སྲོང་བཙན་སྲིད་ཁྲི་ལ་བཞུགས་ནས་ལོ་ཁ་ཤས་ཀྱི་རྗེས་སུ་བཀའ་གཙིགས་དང་པོ་གནང་བ་རེད། དེ་ནི་ཆེས་སྔ་ན་ཡང་སྤྱི་ལོ800ལོའི་ཡན་ཆད་ཡིན་མི་སྲིད། ལོ་དེ་ནས་སྤྱི་ལོ812ལོའི་བར་གྱི་ལོ་བཅུ་གསུམ་ནང་ལྕགས་སྟག་དང་ལྕགས་ཡོས་གཉིས་ལས་མེ་སྟག་དང་མེ་ཡོས་འབབ་ཐུབ་མེད། དེས་ན་ང་ཚོས་ལྕགས་སྟག་སྟེ་སྤྱི་ལོ810དང་ལྕགས་ཡོས་ཏེ་སྤྱི་ལོ811གཉིས་ཀྱི་གང་རུང་ཞིག་ལ་ལྷ་ལུང་དཔལ་རྡོར་སྐུ་འཁྲུངས་པ་ཚོད་དཔག་བྱས་ཆོག་པར་སྙམ། དེ་ལྟར་ན་སྤྱི་ལོ846ལོར་རྒྱལ་པོ་འུ་དུམ་བཙན་པོ་སྐུ་བཀྲོངས་སྐབས་ལྷ་ལུང་དཔལ་རྡོར་དགུང་ལོ་སོ་བདུན་ལས་བརྒལ་མེད་པ་ཤེས་ཐུབ། 《 མྱང་རལ་ཆོས་འབྱུང》 ནང་། འོད་སྲུང་གི་སྲས་དཔལ་འཁོར་བཙན་གྱི་སྐུ་རིང་ལ་བསམ་ཡས་མཆིམས་ཕུ་རུ་ལྷ་ལུང་དཔལ་རྡོར་གྱིས་སྒྲུབ་པ་གནང་ནས་བཞུགས་ཡོད་པའི་ཚུལ་གསུངས་པ་ལ་གཞིགས་ན་ཡང་།[14] ཁོང་ནི་ཆེས་སྔ་ན་ཡང་དུས་རབས་དགུ་པའི་མགོ་སྟོད་དུ་འཁྲུངས་པ་ཞིག་ཡིན་པ་གོར་མ་ཆག་གོ །

གཉིས་པ། ལྷ་ལུང་དཔལ་རྡོར་རབ་ཏུ་བྱུང་བའི་སྐོར།

ལྷ་ལུང་དཔལ་རྡོར་དང་ཐོག་སྐྱ་བོ་ཡིན་དུས། མིང་ལ་སྟག་ཉ་བཟང་ཞེས་འབོད་ལ། ཡིག་ཚང་ཁ་ཤས་ནང་སྟག་ཉག་བཟང་ཞེས་བྲིས་པའང་སྣང་།[15] མཚན་གྱི་ཐོག་མར་སྟག་ཅེས་འབོད་པའི་རྒྱུ་མཚན་ནི་སྔོན་གྱི་ཡིག་ཚང་ཁག་ནང་ཁ་གསལ་ཞིག་མ་བྱུང་མོད། དེ་ནི་རུས་མིང་ལས་བྱུང་བ་ཞིག་མ་ཡིན་པར་སྔོན་གཡུལ་དུ་ཞུགས་ནས་དཔའ་བའི་ལས་བསྒྲུབས་པའི་ལོ་རྒྱུས་དང་འབྲེལ་བ་ཡོད་པར་སྙམ། དཔེར་ན་སྔོན་གྱི་ཡིག་ཚང་ཁག་ཏུ། དཔའ་བོ་སྟག་གིས་མ་བསྟོད་ན། དཔའ་བོ་བྱས་པ་དོན་མེད། ཡང་ན་དཔའ་བོའི་རྐྱེན་དུ་གུང་དང་སྟག་བསྐོས་ཞེས་གསུངས་པ་སོགས་ལ་གཞིགས་ན། ལྷ་བཙན་པོ་དག་གི་སྐུ་རིང་ལ་དྲག་པོ་གཡུལ་དུ་ཞུགས་ནས་བྱས་རྗེས་འཇོག་མཁན་གྱི་དཔའ་བོ་རྣམས་ལ་གོང་བཀུར་དང་ཆོ་ལོ་གནང་སྐབས། སྟག་སློག་གིས་བསྟོད་སྲོལ་ཡོད། དེའི་དབང་གིས་དཔའ་བོ་དག་གི་མཚན་གྱི་ཐོག་མར་སྟག་གི་ཐ་སྙད་སྦྱོར་བ་ནི།《 ཆོས་འབྱུང་མཁས་པའི་དགའ་སྟོན》 ནང་།"ཅོག་རོ་སྟག་ཅན་གཟིག་ཅན་མཐའི་སོ་ཁ་བསྲུངས་པས་ཆེ།"[16]ཞེས་གསུངས་པ་ལྟར་ན། ལྷ་བཙན་པོ་དག་གི་སྐུ་རིང་ལ་སོ་མཚམས་སྲུང་བའི་དཔའ་རྒོད་རྣམས་ལ་ཆེད་དུ་སྟག་གཟིག་གི་མིང་གིས་འབོད་སྲོལ་ཡོད་པ་ཤེས་ཐུབ། སྔོན་ལྷ་ལུང་དཔལ་རྡོར་ཡང་སྐྱ་བོ་ཡིན་དུས།རྒྱ་བོད་སོ་མཚམས་སྲུང་བའི་དཔག་དཔོན་གྱི་གོ་གནས་འཛིན་མཁན་ཞིག་ཡིན་པ་མ་ཟད།གཡུལ་ལ་མཁས་པའི་དཔའ་བོ་ཞིག་ཡིན་པ་སྔོན་གྱི་ཡིག་ཚང་ཁག་ནང་གསལ་པོར་བཀོད་འདུག་སྟེ།《 གུ་བཀྲའི་ཆོས་འབྱུང》 ནང་།"རྒྱ་བོད་མཚམས་བསྲུངས་ཏེ་རྒྱ་རྣམས་བཏུལ"[17]ཞེས་གསུངས་པ་ལྟར་ན། ཁོང་སྔོན་སྐྱ་བོ་ཡིན་དུས་སོ་མཚམས་སྲུང་བ་དང་དྲག་པོ་གཡུལ་ལས་ནང་དགྲ་སྡེ་ཆམ་ལ་ཕབ་པའི་བྱས་རྗེས་བཞག་མྱོང་བ་ནི་གོང་གི་བཏུལ་ཞེས་པའི་བྱ་ཚིག་དེས་ར་སྤྲོད་གསལ་པོ་བྱས་འདུག་མོད། དུས་ནམ་ཞིག་ལ་གཡུལ་འགྱེད་གང་དང་གང་ལ་ཞུགས་པ་དང་དཔའ་བོའི་མཛད་རྗེས་གང་དང་གང་ཞིག་བཞག་པའི་སྐོར་གྱི་དཔྱད་གཞི་གང་ཡང་ལག་ཏུ་མ་ཚུད་པས་ད་སྔ་སུས་ཀྱང་ཞིབ་ཆ་ཅན་ཞིག་བཤད་མེད་མོད། ཁོང་རབ་ཏུ་མ་བྱུང་གོང་སྤུ་རྒྱལ་གྱི་སོ་མཚམས་སྲུང་བའི་དམག་དཔོན་དཔའ་བོ་སྐད་གྲགས་ཅན་ཞིག་ཡིན་པ་ཀུན་ཞལ་མཐུན། གཞོན་ནུའི་དུས་སུ་དམག་སྲིད་ཀྱི་ལས་ཀ་གཉེར་བ་དང་ཕྱིས་སུ་བཙན་པོ་འུ་དུམ་སྐུ་བཀྲོངས་པའི་བར་ན་འབྲེལ་བ་ཁྱད་པར་ཅན་ཞིག་ཡོད་པ་སྨོས་མ་དགོས་མོད། དེང་གི་ཞིབ་འཇུག་པ་མང་ཤོས་ཀྱིས་ལྷ་ལུང་དཔལ་རྡོར་ཆོས་ལུགས་པ་ཞིག་ཡིན་པའི་ངོས་ནས་བཙན་པོ་འུ་དུམ་སྐུ་བཀྲོངས་པའི་སྐོར་ལ་གཟབ་ནན་གྱི་ལྟ་ཚུལ་བཟུང་ཡོད་པ་མ་གཏོགས། ལྷ་ལུང་དཔལ་རྡོར་གྱི་ཆུང་དུས་ལོ་རྒྱུས་དང་ཁོང་གི་ཁྱིམ་རྒྱུད་ཀྱི་ཆབ་སྲིད་དབང་ཐང་སོགས་སྣང་མེད་དུ་བཏང་ཡོད། དེའི་དབང་གིས་སྤུ་རྒྱལ་གྱི་རྒྱལ་སྲིད་ཉམས་པའི་འབྱུང་རྩ་ནི་ལྷ་ལུང་དཔལ་རྡོར་ཁོ་ན་ལ་ཐུག་ཡོད་པར་འདོད་པའི་ལྟ་ཚུལ་ནོར་འཁྲུལ་ཅན་དེ་བྱུང་བ་རེད། ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་འུ་དུམ་བཙན་པོ་སྐུ་བཀྲོངས་པ་དེ་ནི་ཁོང་རང་ཉིད་ཁོ་ནའི་བསམ་ཚུལ་ཞིག་མ་ཡིན་ལ། ཆབ་སྲིད་ཀྱི་རྒྱབ་ལྗོངས་མཐུག་པའི་སྣུབས་ཁྱིམ་རྒྱུད་ཀྱི་མི་སྣའང་རྒྱལ་པོ་འུ་དུམ་བཙན་པོ་ལྐོག་གསོད་བྱེད་པའི་ཐབས་ཇུས་འདོན་མཁན་གྱི་གྲས་སུ་ཞུགས་ཡོད་པ་ལ་བལྟས་ན། དེ་ནི་ཆོས་ཕྱོགས་ཀྱི་ཞེན་པ་རྐྱང་རྐྱང་གིས་བསླངས་པ་ཞིག་མ་ཡིན་པར་ངོ་བོའི་ཆ་ནས་སྲིད་དོན་སྙིང་པོ་ཡིན་པའི་འཐབ་རྩོད་ཅིག་ཡིན་ཞེས་བཤད་ཆོག་གོ །

སྤྱིར་ན་འཛམ་གླིང་གི་ངེས་པ་དོན་གྱི་མི་སྣ་སྐད་གྲགས་ཅན་རྣམས་ལ་རབས་ནས་རབས་སུ་བརྒྱུད་པའི་ངག་རྒྱུན་དང་འབྲེལ་བའི་གཏམ་རྒྱུད་སྣ་ཚོགས་ཡོད་ལ། ཕྱིས་སུ་ཁོང་དག་གི་ལོ་རྒྱུས་ངོ་མ་ལ་གཏམ་རྒྱུད་ཀྱི་དྲི་མ་མང་དུ་འགོས་འདུག །དེས་ལོ་རྒྱུས་མི་སྣ་དེ་དག་གི་སྣང་བརྙན་སྔར་ལས་གསལ་པོ་དང་མི་རབ་འབྲིང་ཐ་གསུམ་གྱི་བློ་ངོར་བག་ཆགས་ཟབ་མོ་ཞིག་འཇོག་པར་ནུས་པ་ཁྱད་པར་ཅན་ཐོན་ཡོད་པ་ཡིན་ཙ་ན།ལྷ་ལུང་དཔལ་རྡོར་ནི་ངོ་མཚར་བའི་ལོ་རྒྱུས་མི་སྣ་ཞིག་ཆགས་པའི་རྒྱུ་མཚན་ནི་བཙན་པོ་འུ་དུམ་སྐུ་བཀྲོངས་པ་ཁོ་ནས་བཟོས་པ་ཞིག་མིན་པར། ཁོང་གི་ལོ་རྒྱུས་ནང་ངོ་མཚར་བའི་གནས་ཚུལ་མང་པོ་ཞིག་ཡོད་ལ། དེས་ཏག་ཏག་ཁོང་ནི་ངོ་མཚར་གསང་བའི་མི་སྣ་ལྟ་བུ་ཞིག་ཏུ་བཞེངས་བསྐྲུན་བྱས་ཡོད་དེ། དཔེར་ན། གཞོན་ནུའི་དུས་སུ་རྐང་མཐིལ་གྱི་རྨེ་བ་ལ་རྐྱེན་བྱས་ནས་རབ་ཏུ་བྱུང་བ་དང་། ཆོས་གོས་ལྷགས་རླུང་གིས་ཁྱེར་བའི་རྗེས་བསྙེགས་ནས་བྲག་ཡེར་བ་རྙེད་པ་ལྟ་བུ་ཡིན། དེ་དག་ནི་འཛམ་གླིང་གི་གནའ་བོའི་མི་སྣ་སྐད་གྲགས་ཅན་དག་ལ་གཏམ་རྒྱུད་ཀྱི་བཀྲག་མདངས་འཚེར་བའི་ལོ་རྒྱུས་ངོ་མཚར་ཅན་མང་དུ་གླེང་རྒྱུ་ཡོད་པ་དང་རྗེས་སུ་མཐུན།ལྷ་ལུང་གི་མེས་པོ་དག་གི་གྲས་ན་ཆོས་དང་རིག་གཞུང་ལ་མཁས་པའི་རྩེར་སོན་པ་ཡོད་ཚུལ་ལ་གཞིགས་ན། ཁྱིམ་རྒྱུད་ཀྱི་དབང་གིས་ལྷ་ལུང་དཔལ་རྡོར་བྱིས་པའི་དུས་ནས་བཟུང་ཆོས་ཀྱི་བག་ཆགས་ཟབ་མོ་ཐེབས་ཡོད་པར་ངེས། དེ་ནི་གཞོན་ནུའི་དུས་སུ་དམག་སྲིད་ཀྱི་གོ་གནས་བསྐྱུར་ནས་རབ་ཏུ་བྱུང་ཕོད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་སྨོས་མ་དགོས། སྔོན་གྱི་ཆོས་འབྱུང་ཁག་ནང་རབ་ཏུ་བྱུང་བའི་རྒྱུ་རྐྱེན་ལ་མི་མཐུན་པ་ཆེར་མེད།《 ཆོས་འབྱུང་མཁས་པའི་དགའ་སྟོན》 ལས།"ལན་གཅིག་གོ་ཆ་ཕུད་པའི་རྨོག་གི་ནང་ན་ཏོག་གི་གཟུངས་བཞུགས་པ་བཀླགས་པས། བྲ་ཉེ་ལ་ནི་གང་སྐྱེས་པ། །རྐང་མཐིལ་རྨེ་བ་དམར་པོ་ཅན། །ཤི་ནས་དམྱལ་བར་སྐྱེ་བར་འགྱུར། །ཟེར་བ་མཐོང་། རྐང་མཐིལ་བལྟས་པས་རྨེ་བ་དམར་པོ་ཞིག་འདུག ཀློག་མཁན་ལ་ཀློག་ཏུ་བཅུག་པས་ཀྱང་དེ་བཞིན་དུ་འདུག་ཟེར། དེར་ཡབ་མཆེད་གཉིས་ཁོང་རང་སྤུན་གསུམ་དང་བཅས་པ་བསམ་ཡས་སུ་པཎྡིཏ་བཞུགས་པའི་རྩར་ཕྱིན།བི་མ་ལ་མི་ཏྲ་ལས་རབ་ཏུ་བྱུང་།"[18]ཞེས་གསུངས་པ་ལྟར་ན། ལྷ་ལུང་དཔལ་རྡོར་ཁོ་རང་ཉིད་ཀྱི་ལུས་སྟེང་གི་མཚན་མ་གང་རུང་ཞིག་ལ་རྐྱེན་བྱས་ནས་ཡབ་དང་དེའི་སྤུན་མཆེད་ཅིག །ལྷ་ལུང་དཔལ་རྡོར་ཁོང་སྤུན་གསུམ་དང་བཅས་ཁྱོན་སྡོམ་མི་ལྔ་ཆབས་ཅིག་ཏུ་རབ་ཏུ་བྱུང་ཡོད། ལུས་ཀྱི་རྨེ་བ་ལ་བརྟག་པ་ནི་གནའ་མིའི་འདུ་ཤེས་འཛིན་སྟངས་ཁྱད་པར་བ་ཞིག་ཡིན་སྟེ། ཁོ་ཚོས་རྨེ་བ་ནི་མ་འོངས་པའི་དོན་བྱ་དང་ལེགས་ཉེས་ཅི་འབྱུང་གི་མཚན་ལྟས་ཤིག་ཏུ་བལྟས་ཡོད།དེ་ནི་གནའ་བོའི་བོད་མི་ཁོ་ན་ཙམ་མ་ཡིན་པར་མི་རིགས་གཞན་དག་ལ་ཡང་དེ་མཚུངས་ཀྱི་རྨེ་བ་བརྟག་ཚུལ་ཡོད། རྒྱ་གར་གྱི་སྒྲུང་རབས་ཆེན་མོ《 མ་ཧཱ་བྷཱ་ར》 ཞེས་པའི་ནང་གི་མི་སྣ་གཙོ་བོ་འཐབ་དཀའི་ལུས་སྟེང་གི་རྨེ་བ་དྲུག་ནི་དཔའ་བོའི་མཚན་རྟགས་སུ་བཤད་པ་དང་། རྒྱའི་ཧན་རྒྱལ་རབས་འཛུགས་མཁན་གྱི་གོང་མ་ལིག་པང(刘邦)གི་རྐང་བ་གཡོན་པ་ན་སྨེ་བ་བདུན་ཅུ་དོན་གཉིས་ཡོད་ཅེས་ཡིག་ཚང་ཁག་ནང་བཀོད་པ་ལས་ཀྱང་རྟོགས་ཐུབ། གནའ་བོའི་བོད་མི་རྣམས་ཀྱི་སྣང་ངོར། ལུས་ཀྱི་རྨེ་བ་དམར་བོ་ནི་དཔའ་བོའི་རྟགས་ཁོ་ན་ཙམ་མ་ཡིན་པར། མི་ཚེ་ནང་གྲི་མཚོན་གྱི་འཐབ་མོ་མང་བ་དང་ཡུལ་ཕྱོགས་སྤྱི་ལ་ངན་པ་སོགས་བཀྲ་མི་ཤིས་པའི་རྟགས་ཤིག་ཏུ་ངོས་འཛིན་བྱེད་སྲོལ་ཡོད་པ་ནི།བོན་གྱི《 ལེགས་བཤད་མཛོད》 ལས།"དཔྲལ་བའི་ཁྲག་གི་སྨེ་བ་དེས། །གྲི་ཡུལ་གྲི་མཚོན་རྒྱས་པར་ཤོག །"[19]ཅེས་བོན་པོ་རྣམས་ཀྱིས་ངན་པ་དགུ་ཚང་དུ་ངོས་འཛིན་པའི་རྒྱལ་པོ་གྲི་གུམ་བཙན་པོས་རང་ལུས་ཀྱི་རྨེ་བོ་དམར་པོ་ལ་བལྟས་ནས་ཡུལ་ཕྱོགས་ཀུན་ལ་དམོད་མོ་བོར་བ་དེས་ར་སྤྲོད་བྱས་འདུག །འདི་ལྟ་བུའི་སྲོལ་རྒྱུན་གྱི་རྒྱབ་ལྗོངས་འོག་ནས་ཕར་བལྟས་ཚེ། སྐུ་ན་ཆུང་དུས་སོ་སྲུང་དཔའ་བོར་གྲགས་པའི་ལྷ་ལུང་དཔལ་རྡོར་གྱིས་རང་ལུས་ཀྱི་རྨེ་བ་དམར་པོ་དེ་སྡུག་པའི་ལས་ཀྱི་མཚན་མ་ཞིག་ཏུ་ངོས་བཟུང་ནས་སྲིད་དོན་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར་པའང་གོ་བ་ལེན་དཀའ་ཞིག་མ་ཡིན། དམག་སྲིད་ཀྱི་དབང་ཐང་རྒྱས་པའི་ཁྱིམ་རྒྱུད་ཅིག་ལ་མཚོན་ན། ནང་མི་མང་པོ་འདི་ལྟར་རབ་ཏུ་བྱུང་བ་ནི་འཇིག་རྟེན་གྱི་ངོས་ནས་བཟང་ལྟས་ཤིག་མིན་པ་ལྟར་སྣང་མོད། བཙན་པོ་རལ་བ་ཅན་གྱི་སྐུ་རིང་ལ་ཆོས་རྒྱ་ཆེར་དར་བའི་འགྲོས་དང་བསྟུན་ནས་ཁྱིམ་རྒྱུད་དབང་ཐང་ཅན་ཁ་ཤས་ཀྱིས་ཆོས་ཀྱི་ལམ་ཁ་འདེམ་རྒྱུ་ནི་སྤུ་རྒྱལ་བཙན་པོའི་དགོངས་དོན་ལ་སྲི་ཞུ་སྒྲུབ་པའི་ཐབས་མཆོག་ཅིག་ཏུ་བརྩིས་ཡོད། དེ་ནི་ལྷ་ལུང་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་ལས་མཐོང་ཐུབ་པའི་གནས་ཚུལ་ཁོ་ན་ཙམ་མ་ཡིན་ཏེ། དཔེར་ན། ཞང་སྣ་ནམ་རྒྱལ་མཚན་ལྷ་སྣང་གིས་གྲའི་ལྷ་ཁང་བཞེངས་པ་དང་། འབྲོ་ཁྲི་སུམ་རྗེ་སྟག་སྣང་གིས་གླིང་ཁྲི་རྩེ་བཞེངས་པ་མ་ཟད། ཁོང་གིས་ཚེ་སྨད་དུ་ཆོས་ཀྱི་བྱ་བ་གཙོ་བོར་གཉེར་བའི་སྐོར་ཏུན་ཧོང་ནས་རྙེད་པའི་རྒྱ་ཡིག་སྨོན་ལམ་ཤོག་དྲིལ་ཁག་ནང་གསལ།[20]ཐ་ན་དབས་སྟག་སྙས་ཀྱང་བྲན་ཀ་དཔལ་ཡོན་ལ་བཀྱོན་ཕབ་པའི་སྡིག་བཤགས་སུ་ལྷ་ཁང་བཞེངས་པ་ལྟ་བུའོ། །བཙན་པོའི་རྒྱལ་སྲིད་ལ་གློ་བ་ཉེ་བའི་ཁྱིམ་རྒྱུད་ཅིག་གི་ངོས་ནས་ལྷ་ལུང་སྤུན་གསུམ་གྱིས་རབ་ཏུ་བྱུང་བའི་ལམ་ཁ་དེ་བདམས་པ་ཞིག་ཡིན་ལ། ཕྱིས་སུ་ཁྱིམ་རྒྱུད་དེའི་མི་སྣས་རྒྱལ་པོ་འུ་དུམ་བཙན་པོ་སྐུ་བཀྲོངས་པ་དེ་ཡང་སྤུ་རྒྱལ་གྱི་ཆོས་སྲིད་གཉིས་ཀ་ཉམས་དམས་ཀྱི་གཡང་ལས་སྐྱོབ་པའི་ཆེད་ཡིན་ན་ཡང་། བཙན་པོའི་གཅིག་གྱུར་གྱི་སྲིད་དབང་ཇེ་བརྟན་དུ་གཏོང་བ་ལ་ནུས་པ་ཕྲན་བུ་ཙམ་ཡང་ཐོན་མ་ཐུབ། ལྷ་ལུང་སྤུན་གསུམ་རབ་ཏུ་བྱུང་བ་དེས་ཕྱོགས་གཞན་ཞིག་ནས་འདི་འདྲ་ཞིག་མཚོན་ཐུབ་པར་སྙམ་སྟེ། བཙན་པོ་རལ་བ་ཅན་གྱི་སྐུ་རིང་ལ་རིམ་གྲས་མཐོན་པོའི་སྤྱི་ཚོགས་ནང་ཆོས་ཀྱི་ཤན་ཆེན་པོ་ཐེབས་པར་བརྟེན།ཚེ་འདི་དང་ཕྱི་མ་གཉིས་ལས་ཕྱི་མ་གཙོ་བ་དང་། སྲིད་དང་རིག་གཞུང་གཉིས་ལས་རིག་གཞུང་གཉེར་བའི་འདུ་ཤེས་ཤུགས་ཆེ་བ་མངོན་པར་གསལ་ལོ།།

ལྷ་ལུང་དཔལ་རྡོར་གྱིས་མི་སྐྱ་ཡིན་དུས་དམག་སྲིད་ཀྱི་ལས་གཉེར་བ་དང་དཔའ་བོའི་ཆོ་ལོ་བླངས་པ་སོགས་ན་བརྟགས་ན། ཁོང་རབ་ཏུ་བྱུང་དུས་མ་མཐའ་ཡང་ཕོ་ལོ་ཉི་ཤུ་ཡོལ་ཟིན་པ་ཚོད་དཔག་བྱེད་ཐུབ། སྤྱི་ལོ811ལོ་ཡས་མས་ཤིག་ལ་སྐུ་འཁྲུངས་པའི་དབང་ཏུ་བཏང་ན། རབ་ཏུ་བྱུང་བའི་དུས་ཚོད་ནི་སྤྱི་ལོ830ལོའི་རྗེས་ཡིན་དགོས།གོང་ཏུ་དྲངས་མ་ཐག་པའི་གསུང་ཚིག་ནང་།བི་མ་ལ་མི་ཏྲ་ལས་རབ་ཏུ་བྱུང་ཞེས་གསུངས་པ་དེ་ནི་ཕལ་ཆེར་ཡིག་ཚང་ཡོངས་གྲགས་ཀྱི་གསུང་སྟངས་ཤིག་ཆགས་ཡོད་ན་ཡང་། དེར་བརྟག་པར་བྱ་བ་འདི་ཡོད་དེ།གཅིག སློབ་དཔོན་བི་མ་ལ་མི་ཏྲའམ་དྲི་མེད་བཤེས་གཉེན་ནི་ཐོག་མར་བོད་དུ་ཕེབས་སྐབས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ཡིན་ལ། དེ་ནས་རྒྱ་ནག་ཏུ་ཕེབས་ནས་དུས་ཡུན་གང་འཚམ་ཞིག་ལ་བཞུགས་འདུག །སྤྱི་ལོ798ལོར་རྒྱལ་པོ་མུ་ནེ་བཙན་པོ་སྐུ་གྲོངས་སྐབས། རྒྱལ་པོའི་དགོངས་རྫོགས་སུ་སློབ་དཔོན་བི་མ་ལ་མི་ཏྲ་ཡང་བསྐྱར་བོད་དུ་གདན་ཞུ་བྱས་ཡོད་ལ། ཐེངས་དེར་བོད་ཡུལ་དུ་དུས་ཡུན་ལོ་ག་ཚོད་ལ་བཞུགས་པ་གསལ་པོ་ཞིག་རྟོགས་ཐུབ་བྲལ་མོད། སྐབས་དེར་གཏན་ཁེལ་གནང་བའི《 སྒྲ་སྦྱོར་བམ་གཉིས》 ནང་། མཐའ་བཞིའི་ཉི་འོག་གི་རྒྱལ་ཁམས་གཞན་ལས་གདན་དྲངས་པའི་མཁན་པོ་དག་གི་མཚན་བཀོད་པའི་གྲས་སུ་སློབ་དཔོན་བི་མ་ལ་མི་ཏྲ་མེད་པ་ལ་གཞིགས་ན། སྤྱི་ལོ812ལོའི་སྔོན་ལ་སློབ་དཔོན་བི་མ་ལ་མི་ཏྲ་བོད་ཡུལ་དང་ཁ་གྱེས་ཟིན་པ་ཤེས་ནུས། དེར་བརྟེན་བཙན་པོ་རལ་བ་ཅན་གྱི་སྐུ་རིང་ལ་ལྷ་ལུང་སྤུན་མཆེད་གསུམ་རབ་ཏུ་བྱུང་སྐབས་སློབ་དཔོན་བི་མ་ལ་མི་ཏྲ་རབ་བྱུང་གི་མཁན་པོར་བཞུགས་ཐུབ་མེད་པ་ཤིན་ཏུ་གསལ་ལོ། །གཉིས། རབ་བྱུང་མཁན་པོའི་མིང་གི་ཤ་ཆས་ཤིག་བླངས་ནས་མཁན་བུའི་མིང་གསར་དུ་འདོགས་པ་ནི་ཆོས་འདུལ་བའི་ལུགས་སྲོལ་ཡིན་པས། གལ་ཏེ་སློབ་དཔོན་བི་མ་ལ་མི་ཏྲ་རབ་བྱུང་གི་མཁན་པོ་ཡིན་ཚེ། ལྷ་ལུང་དཔལ་གྱི་རྡོ་རྗེའི་མཚན་གྱི་ཆ་ཤས་ཤིག་སློབ་དཔོན་བི་མ་ལ་མི་ཏྲའི་མཚན་ཟུར་ལས་བྱུང་བ་ཞིག་ཡིན་དགོས་མོད། ཁོང་རྣམ་གཉིས་ཀྱི་མཚན་ཟུར་ནང་འདྲ་བའི་ཆ་ཅི་ཡང་མེད་པས། ལྷ་ལུང་སྤུན་མཆེད་གསུམ་གྱིས་མཁན་པོ་གཞན་ཞིག་གི་དྲངས་ནས་རབ་བྱུང་གི་སྡོམ་པ་བཞེས་ཡོད་པ་གསལ་པོར་རྟོགས་ཐུབ་བོ། །

ང་ཚོས་ལྷ་ལུང་དཔལ་རྡོར་གྱི་རབ་བྱུང་མཁན་པོ་སུ་ཡིན་འཚོལ་ཞིབ་བྱེད་སྐབས།《 སྔོན་གྱི་གཏམ་མེ་ཏོག་ཕྲེང་བའི》 ནང་དཔྱད་གཞི་གལ་ཆེན་ཞིག་ཐོན་པ་འདི་ལྟར།"མི་དྲུག་ཅར་རད་ནའི་མཁན་བུ་ཡིན།"[21]གསུངས་པའི་ནང་གི་མཁན་བུ་དྲུག་ནི་དམར་གཡོ་གཙང་གསུམ་དང་། ཀ་འོད་མཆོག་གྲགས་དང་། ལྷ་ལུང་རབ་འབྱོར་དབྱངས་དང་། རོང་སྟོན་སེང་གེ་གྲགས་བཅས་ཡིན་པ་དེབ་ཐེར་དེའི་གོང་འོག་ཏུ་གསལ་པོར་རྙེད་ཐུབ་ལ། དེའི་གྲས་ཀྱི་ལྷ་ལུང་རབ་འབྱོར་དབྱངས་ཞེས་པ་དེ་ནི་ལྷ་ལུང་དཔལ་རྡོར་གྱི་སྤུན་ཆེ་བ་ཡིན་ལ། ཁོང་སྤུན་མཆེད་གསུམ་མཉམ་དུ་རབ་ཏུ་བྱུང་བ་དེབ་ཐེར་མང་པོ་ཞལ་མཐུན་པས། ལྷ་ལུང་སྤུན་གསུམ་གྱི་རབ་བྱུང་མཁན་པོ་ནི་རྦ་རཏྣས་གནང་ཡོད་པ་དོན་གྱིས་གོ་ཐུབ། བོད་ཀྱི་དེབ་ཐེར་སྔ་ཤོས་ཁག་ནང་བཀོད་པ་ལྟར་ན།རྦ་རཏྣ་ནི་སྐྱ་བོ་ཡིན་དུས་རྦ་ཁྲི་གཟིགས་ཞེས་འབོད་ལ། ཕྱིས་སུ་མཁན་ཆེན་ཞི་བ་འཚོའི་མདུན་དུ་རབ་ཏུ་བྱུང་རྗེས་མཚན་ལ་རྦ་དཔལ་དབྱངས་ཞེས་བཏགས། ཁོང་ནི་བོད་ཀྱི་སད་མི་ཀུན་གྱི་ཐོག་མ་ཡིན་པར་བརྟེན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཐུགས་དགྱེས་ནས་བོད་ཀྱི་རིན་པོ་ཆེ་ཡིན་ཞེས་བཀའ་བསྩལ་པ་ལྟར་རྦ་རཏྣ(རིན་ཆེན་གྱི་དོན)ཞེས་པའི་མཚན་ཡང་ཆགས་པར་གསུངས།[21] སྔོན་གྱི་འདུལ་བའི་ཆོས་འབྱུང་ཁག་ཏུ་སྡོམ་བརྒྱུད་གསུངས་སྐབས། རྦ་རཏྣའི་མཚན་བཀོད་པ་དེས་ཀྱང་དམ་པ་འདི་བས་བསྟན་པ་སྔ་དར་ལ་བོད་གངས་ཅན་གྱི་ལྗོངས་སུ་ཆོས་འདུལ་བའི་བསྟན་པ་སྤེལ་བ་ལ་མཛད་རྗེས་རྨད་དུ་བྱུང་བ་བཞག་མྱོང་བ་མཚོན་ཐུབ། རྦ་རཏྣ་ཐོག་མར་རབ་ཏུ་བྱུང་སྐབས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ཡིན་ལ། དེ་དུས་ཁོང་དགུང་ལོ་ག་ཚོད་ཡིན་པ་གསལ་པོ་བཤད་དཀའ་མོད། ཆོས་འབྱུང་ཁག་ཏུ་རྦ་ཁྲི་བཞེར་གྱི་བུ་རྦ་ཁྲི་གཟིགས(རྦ་རཏྣ)ཞེས་བྱུང་བར་མ་ཟད། ཁོང་གིས་ཐོག་མར་ལོ་ཙཱ་བསླབས་པའི་སྐབས་སུ་རབ་ཏུ་བྱུང་བའི་ཚུལ་ལ་བརྟགས་ན།[23] དགུང་ལོ་ཤིན་ཏུ་གཞོན་པའི་སྐབས་ཤིག་ལ་རབ་ཏུ་བྱུང་བ་གོར་མ་ཆག །ཕྱིས་ཀྱི་བཙན་པོ་མུ་ནེ་བཙན་པོ་དང་ཁྲི་ལྡེ་སྲོང་བཙན། ཁྲི་རལ་བ་ཅན་བཅས་ཀྱི་སྐུ་རིང་ལ་བཞུགས་ཡོད་པས་སྐུ་ཚེ་རིང་པོ་ཐུབ་པའི་མཁན་པོ་ཞིག་ཡིན། སྤྱིར་ན《 སྒྲ་སྦྱོར་བམ་གཉིས》 ནི་བཙན་པོ་རལ་བ་ཅན་གྱི་སྐུ་རིང་ལ་གཏན་ཁེལ་གནང་བ་ཞིག་ཡིན་མིན་ཐད་རྩོད་པ་ཅུང་ཟད་ཡོད་མོད། དཔེ་གཞུང་རང་ན་རྟ་ལོ་ཕྱི་མ་སྟེ་སྤྱི་ལོ814ལོར་བྱུང་ཟིན་པ་སུ་ལའང་དོགས་པ་མེད་པས། དེའི་ངོས་ཀྱི"བོད་ཀྱི་མཁན་པོ་རཏྣ་རཀྴ་ཏ"[24]ཞེས་བོད་ཀྱི་མཁན་པོ་གཞན་གྱི་ཐོག་མར་ཁོང་གི་མཚན་བྲིས་ཡོད་པ་དེས། དུས་རབས་དགུ་པའི་སྟོད་དུ་རྦ་དཔལ་དབྱངས་འཚོ་ཞིང་གཞེས་པ་ཙམ་དུ་མ་ཟད། ཆོས་ཕྱོགས་ཀྱི་མཛད་པ་འཕྲིན་ལས་ཧ་ཅང་རྒྱས་བཞིན་པ་ར་སྤྲོད་གསལ་པོ་བྱས་འདུག་ལ། དེ་བཞིན《 སྟག་ལུང་ཆོས་འབྱུང》 དང《 བུ་སྟོན་ཆོས་འབྱུང》 སོགས་ན་ཡང་། བཙན་པོ་རལ་བ་ཅན་གྱི་སྐུ་རིང་ལ་མཁན་པོ་རྦ་དཔལ་དབྱངས་སམ་རྦ་རཏྣ་ལགས་ཀྱིས་བཀའ་བསྟན་གྱི་དཀར་ཆག་བསྒྲིགས་པ་དང་སྐད་གསར་བཅད་ཀྱི་ཕྱག་ལས་གནང་བའི་སྐོར་གསུངས་འདུག་པས།[25] བཙན་པོ་རལ་བ་ཅན་གྱི་སྐུ་རིང་ལའང་དམ་པ་འདི་བས་ཆོས་དང་རིག་གཞུང་གི་འཕྲིན་ལས་མུ་མཐུད་དུ་སྐྱོང་བཞིན་པ་ཤེས་ཐུབ། དེ་དུས་ད་གཟོད་ལྷ་ལུང་སྤུན་གསུམ་གྱིས་ཁོང་གི་སྐུ་མདུན་དུ་རབ་བྱུང་གི་སྡོམ་པ་བླངས་པའི་དབང་གིས་སྤུན་ཆེ་བའི་མིང་ལ་རབ་འབྱོར་དབྱངས་དང་། སྤུན་འབྲིང་བའི་མིང་ལ་དཔལ་གྱི་རྡོ་རྗེ་དང་། སྤུན་ཆུང་བའི་མིང་ལ་དཔལ་གྱི་དབྱངས་ཞེས་གསོལ། གོང་གི་མཁན་བུ་སྤུན་གསུམ་གྱི་མཚན་ཟུར་རེ་རེ་ན་མཁན་པོ་རྦ་དཔལ་དབྱངས་ཀྱི་མཚན་གྱི་ཆ་ཤས་རེ་ཡོད་པའང་རྙེད་ཐུབ་བོ། །

ཡབ་དང་ཁོང་སྤུན་གསུམ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་རྗེས། དེང་ཐོག་གྲིབ་ཀྱི་དཀར་མོ་རོང་ཞེས་པའི་ཡུལ་དུ་སྒོམ་སྒྲུབ་གནང་ནས་བཞུགས། ཕྱིས་སུ་ལྷ་ལུང་དཔལ་རྡོར་ཁོང་གཅིག་པུ་བྲག་ཡེར་བ་རུ་ཕེབས་ཡོད། ཁོང་ས་དཔྱད་ལ་ཧ་ཅང་མཁས་པར་བརྟེན་ཡེར་བ་ནི་སྒོམ་སྒྲུབ་ཀྱི་གནས་གལ་ཆེན་ཞིག་ཏུ་མཐོང་བས་ཡིན། དེ་མིན་སྔོན་གྱི་ཡིག་ཚང་ཁག་ནང"ཡེར་བ་མ་ཞིག་བར་དུ་ལྷ་སའི་འདུན་མ་ཞིག་དོགས་མེད།"[26]ཅེས་གསུངས་པ་ལྟར་བྲག་ཡེར་བ་ནི་སྤུ་རྒྱལ་གྱི་སྲིད་དོན་དང་འབྲེལ་བ་ཆེ་བའི་གནས་གཞི་ཞིག་ཡིན། ཕྱིས་སུ་ཁོང་གིས་ཡབ་དང་སྤུན་མཆེད་རྣམས་ཀྱང་ཡེར་བ་རུ་གདན་ཞུ་གནང་བ་མ་ཟད། འཁོར་འབངས་ཀྱི་སྣེ་ཁྲིད་ནས་མཆོད་རྟེན་དང་སྒོམ་ཁང་སོགས་བཞེངས་པ་དང་། བྲག་ཡེར་བའི་སྒོམ་པ་རྣམས་ཀྱི་འཚོ་ཐབས་སུ་དམིགས་ནས་བྱང་གི་ཚྭ་དྲངས་ནས་ཚོང་ལས་གཉེར་བ་སོགས་ཟང་ཟིང་གི་ཕྱོགས་ལ་ཐུགས་གཞོལ་བར་གྱུར། བྱེད་སྟངས་དེ་ནི་སྤུན་ཆེ་བ་ལྷ་ལུང་དཔལ་འབྱོར་དབྱངས་ཀྱི་ཐུགས་ལ་མ་བབས་པར་ཐབས་མཁས་ཀྱིས་བཀག་པའི་ཚུལ་ནི།《 མཁས་པའི་དགའ་སྟོན》 ལས།"དེ་ལྟར་གྲུབ་ཐོབ་བརྒྱ་རྩ་བརྒྱད་ལ་བཙུན་པ་དཔལ་གྱི་རྡོ་རྗེ་དང་འབངས་རྣམས་ཀྱིས་ཞབས་ཏོག་བྱེད། དེའི་ཚེ་འབངས་རྣམས་ཚང་མང་རིང་མོ་ལ་བད་གཡམ་གཏོང་ཙམ་ན་ལྷ་ལུང་རབ་འབྱོར་དབྱངས་བང་ས་ཕུག་ན་བཞུགས་པས་སོར་རྡོ་འཕངས་པ་བང་ལ་ཕོག་པ་དང་། ལྷ་ལུང་དཔལ་རྡོར་གྱི་ཐུགས་དགོངས་ལ་རབ་འབྱོར་དབྱངས་འདི་ངེད་སྤུན་གསུམ་གྱི་ཆེ་ཤོས་ཡིན། ངའི་དགེ་བའི་ལས་འདི་ཙམ་ལ་ཟ་མ་ཅིག་ཀྱང་མི་བྱེད་པར་སོར་རྡོ་འཕེན་པ་སྙམ་པ་དང་། རབ་འབྱོར་དབྱངས་ཀྱིས་མཁྱེན་ནས་སྐད་ཅིག་དེ་ལ་མདུན་དུ་ཡེར་བྱུང་སྟེ་ཕྱག་ཡུག་མཛད་ཅིང་འོ་སྐལ་སྒོམ་པར་ཆད་དམ་མཁར་ལས་བྱེད་པར་ཆད་གསུངས་པས་ལན་མ་ཐེབས།"[27]ཞེས་གསུངས་པ་ལྟར་ན། ལྷ་ལུང་དཔལ་རྡོར་ལ་ནོར་སྒྲུབ་དང་རྟེན་བཞེངས་ལས་སྒོམ་སྒྲུབ་བྱེད་པ་གཙོར་འཛིན་དགོས་པའི་སྐུལ་མ་གནང་མོད།ཁོང་གིས་ནོར་སྒྲུབ་དང་རྟེན་བཞེངས་ཀྱི་ལམ་ཁ་དེ་མ་བཏང་བར་རྒྱུན་བསྐྱངས་འདུག །དེས་བྲག་ཡེར་བའི་ཆོས་ཀྱི་བྱ་བ་དར་ཞིང་རྒྱས་པ་ལ་ནུས་པ་མི་དམན་པ་ཞིག་ཐོན་ཡོད། ཕྱིས་སུ་སྤུན་ཆེ་བ་ལྷ་ལུང་རབ་འབྱོར་དབྱངས་བྲག་ཡེར་བ་རུ་མ་བཞུགས་པར་ལྷོ་ཕྱོགས་དཔལ་གྱི་རི་ལ་སྒོམ་དུ་ཕེབས་སྐབས། ལྷ་ལུང་དཔལ་རྡོར་རོགས་སུ་ཁྲིད་རྩིས་བྱས་མོད། ཁོང་དང་འཁོར་གཡོག་རྣམས་འགྲོ་འདོད་མ་བྱུང་བར་སྔར་བཞིན་བྲག་ཡེར་བ་རུ་སྒོམ་སྒྲུབ་མཁན་པོ་རྣམས་ལ་ཞབས་ཏོག་བགྱིས་ནས་བཞུགས་པ་རེད། སྐབས་དེར་བྲག་ཡེར་བའི་མཚན་སྙན་ཧ་ཅང་རྒྱས་ནས་ཕྱོགས་ཕྱོགས་ཀྱི་སྒོམ་པ་མང་པོ་འཛོམས་བཞིན་པའི་སྐབས་ཤིག་ལ་ཁེལ་ཡོད་དེ།《 བྲག་ཡེར་བའི་དཀར་ཆག་བླ་མ་ཟངས་རི་མ》 ལས།"ཆོས་དོན་དུ་གཉེར་བ་རྣམས་དེར་ཚོགས་ཏེ་མཆོད་གནས་ཚོ་གསུམ་གྱི་རབ་ལ་སོ་སོར་སྐྱེལ། འབྲིང་ལ་འབྱོན་པར་ཞུ། ཐ་མ་རྣམས་ཕུག་རོན་སྣ་ནས་དུང་བུས་ཏེ་ཁྱམས་ཁྲ་མོར་འཚོག །འབངས་རླངས་མི་ཆེ་ཆུང་། སོག་མཐའ་བཞི། འ་ཞ་ཤ་ར། གཡེ་རྨ་སུམ་པ་རྣམས་ཀྱིས་སྒོམ་ཆེན་རྣམས་ལ་གཡོག་བྱེད།"[28]ཅེས་གསུངས་པ་ལ་གཞིགས་ན། བྲག་ཡེར་བའི་ཆོས་སློབ་གཉེར་གྱི་བྱ་བ་གཞི་རྐང་ཚུགས་ཟིན་པའི་རྟགས་སུ་ཆོས་དོན་གཉེར་བྱེད་མཁན་རྣམས་ཤེས་ཡོན་གྱི་ཚད་གཞི་ལྟར་རབ་དང་འབྲིང་། ཐ་མ་གསུམ་གྱི་དབྱེ་བ་ཕྱེ་ཡོད་པ་མ་ཟད། བསླབ་རིམ་གྱི་མཐོ་དམན་ལྟར་ཞབས་ཏོག་བྱེད་སྟངས་ཀྱང་མི་འདྲ་བ་རེ་གཏན་ལ་ཕབ་ཡོད་པ་ཤེས་ཐུབ། དེ་དུས་སྒོམ་པ་དང་ཆོས་དོན་གཉེར་བ་རྣམས་ལ་ཞབས་ཏོག་དང་མཐུན་རྐྱེན་སྦྱོར་མཁན་ཤིན་ཏུ་མང་ལ། དེ་ནི་དབུས་ཕྱོགས་ཀྱི་མི་ཁོ་ན་ཙམ་མ་ཡིན་པར་སྤུ་རྒྱལ་བཙན་པོའི་རྒྱལ་ཁམས་ཀྱི་མཐའ་བཞིའི་འ་ཞ་སོགས་ཡུལ་གྲུ་ཁག་གི་མི་ཡང་གྲས་སུ་ཞུགས་ཡོད།《 བྲག་ཡེར་བའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ》 ལས། "བར་དུ་ཚོང་འདུས་ཧོར་གྱི་ཡུལ། །མཐར་མར་མཁས་བཙུན་བྱོན་པའི་ས། །"[29]ཞེས་འབྱུང་བའི་རྒྱུ་མཚན་ཡང་འདི་ཡིན་པར་ངེས། བྲག་ཡེར་བའི་ཡོ་ལང་གི་རྣམ་པ་འདི་ནི་ལྷ་ལུང་དཔལ་རྡོར་ལ་བརྟེན་ནས་བྱུང་བ་ཞིག་དང་། ཁོང་ནི་ཆོས་དོན་གཉེར་བ་རྣམས་དང་མཐུན་རྐྱེན་སྦྱོར་མཁན་ཐམས་ཅད་ཀྱི་འགོ་བ་ལྟ་བུར་ཆགས་ཡོད་པས། སྐབས་དེར་ཆོས་སྲིད་གཉིས་ཀའི་མི་སྣ་དག་གིས་གོང་བཀུར་དང་ཡིད་ཆེས་བླ་ན་མེད་པ་འཐོབ་བཞིན་པ་སྨོས་ཅི་དགོས།

གསུམ་པ། རྒྱལ་པོ་འུ་དུམ་བཙན་པོ་དང་ལྷ་ལུང་དཔལ་རྡོར་བར་འགལ་བ་བྱུང་བའི་སྐོར།

ལྷ་ལུང་དཔལ་རྡོར་དང་རྒྱལ་པོ་འུ་དུམ་བཙན་པོ་གཉིས་ཀྱི་འགལ་ཟླ་ནི་ཆོས་སྲིད་ཀྱི་མི་སྣ་གལ་ཆེན་ཁག་ཅིག་གིས་ཆེད་དུ་བཟོས་པ་ཞིག་ཡིན་ཞེས་བཤད་ཆོག་ལ། བཙུན་མོ་ཆེན་མ་སྣ་ནམ་བཟའ་དང་སྣུབས་སངས་རྒྱས་ཡེ་ཤེས་ཀྱང་འགལ་བ་བཟོ་མཁན་གྲས་ཀྱི་དཔེ་མཚོན་ཞིག་ཏུ་བགྲངས་ཆོག་པར་སྙམ། དཔེར་ན།《 ཆོས་འབྱུང་མཁས་པའི་དགའ་སྟོན》 ནང་བཀོད་པ་ལྟར་ན། བཙུན་མོ་ཆེན་མ་སྣ་ནམ་བཟས་འུ་དུམ་བཙན་པོ་ལ་ངན་སྐུལ་བྱས་ནས་སྣུབས་སངས་རྒྱས་ཡེ་ཤེས་དང་ལྷ་ལུང་དཔལ་རྡོར་གཉིས་ལ་གནོད་འཚེ་གཏོང་རྩིས་བྱས་པ་དང་། དེ་ནས་སྣུབས་སངས་རྒྱས་ཡེ་ཤེས་ཀྱིས་ལྷ་ལུང་དཔལ་རྡོར་ལ་རྒྱལ་པོ་དཀྲོངས་པར་སྐུལ་མ་བཏང་བ་ཞིག་ཡིན།[30] སྣུབས་སངས་རྒྱས་ཡེ་ཤེས་ནི་ཆོས་སྲིད་གཉིས་ཀའི་སྟེང་ན་སྙན་གྲགས་ཧ་ཅང་ཆེན་པོ་ཡོད་པའི་མི་སྣ་ཞིག་ཡིན་པར་མ་ཟད། ཁོའི་ཁྱིམ་རྒྱུད་ཀྱང་སྐབས་དེའི་དབང་ཐང་འབར་བཞིན་པའི་གྲས་སུ་གཏོགས། སྣུབས་ཁྱིམ་རྒྱུད་ཀྱི་དབང་ཐང་དེ་ནི་བཙན་པོའི་གདུང་རྒྱུད་དར་ཞིང་རྒྱས་པའི་འགྲོས་དང་བསྟུན་ནས་ཐོབ་པ་ཞིག་ཡིན་ཏེ། སྤུ་རྒྱལ་བཙན་པོའི་རྒྱལ་རབས་དབུ་བརྙེས་སྐབས། སྣུབས་ནི་ཡབ་འབངས་རུས་དྲུག་གི་གྲས་སུ་གཏོགས་ཤིང་། རྒྱལ་པོ་གཉའ་ཁྲི་བཙན་པོ་སྤུ་རྒྱལ་གྱི་རྗེ་བོར་བཀུར་མཁན་གྱི་ཁྱིམ་རྒྱུད་གཙོ་བོ་ཞིག་ཏུ་གྱུར། དེ་ནས་བཟུང་། སྣུབས་ཁྱིམ་རྒྱུད་ཀྱི་མི་སྣ་སྤུ་རྒྱལ་བཙན་པོའི་ཆབ་སྲིད་ཀྱི་གར་སྟེགས་སུ་བུད་ཅིང་གློ་བ་ཉེ་བའི་བློན་ཆེན་ཡང་མང་དུ་བྱུང་། དཔེར་ན། འབྲོ་གཉེན་ལྡེའུའི་བློན་ཆེན་སྣུབས་ཁྲི་ཐོག་རྗེ་གཟུང་བཙན་དང་། སྲོང་བཙན་སྒམ་པོའི་བློན་པོ་སྣུབས་སྙ་རོ་དར་གཙུག་སོགས་ཀྱིས་མཚོན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཡབ་སྲས་ཀྱི་སྐུ་རིང་ལ་སླེབས་སྐབས་ཀྱང་། ཞང་བློན་ཆེན་པོ་དགུའི་གྲས་སུ"སྣུབས་དཔལ་བོ་ཆེ་དངུལ་གྱི་འབོ་ཆེན་དགུ་འཕང་ཡོད་པས་ཆེ།"[31]ཞེས་གསུངས་པ་ལ་བལྟས་ན། བཙན་པོ་ཕྱི་མ་དག་གི་སྐུ་རིང་ལ་སྣུབས་ཁྱིམ་རྒྱུད་ཀྱི་ཆབ་སྲིད་དབང་ཐང་ནི་ཞང་གསུམ་བློན་བཞི་ལས་མི་དམན་པ་ཤིན་ཏུ་གསལ།དེ་ལྟར་སྣུབས་ཁྱིམ་རྒྱུད་ཀྱི་དབང་གྲགས་ཡར་ལྡན་དུ་ཆས་ཤིང་། སྣུབས་ནམ་མཁའི་སྙིང་པོ་དང་སྣུབས་སངས་རྒྱས་ཡེ་ཤེས་གཉིས་ཀྱི་སྐུ་རིང་ལ་སླེབས་དུས། ལྷ་ལུང་ཁྱིམ་རྒྱུད་དང་འདྲ་བར་ཆོས་ཕྱོགས་ཀྱི་དབང་ཐང་དང་སྙན་གྲགས་ཧ་ཅང་རྒྱས་ནས་སྔགས་པ་གོས་དཀར་ཅན་ཁོ་ན་ཡང་ལྔ་བརྒྱ་ཙམ་ཡོད་པས། རྒྱལ་པོ་འུ་དུམ་བཙན་པོའི་སྐུ་རིང་ལ་ནང་ཆོས་སྣུབས་སྐབས་ཁོང་གནོད་འཚེ་གཏོང་ཡུལ་དུ་མི་འགྱུར་བ་ག་ལ་སྲིད། དེ་ཡང《 གུ་བཀྲའི་ཆོས་འབྱུང》 ལས།"རྒྱལ་པོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བཤིག་པའི་དུས་སློབ་དཔོན་འདིས་རྒྱལ་པོ་སྡིག་ཅན་སྐྲག་པར་མཛད་དེ། རྒྱལ་པོས་ཁྱོད་ལ་ནུས་པ་ཅི་ཡོད་ཟེར་བས་ངས་སྔགས་ཙམ་བཟླས་པའི་ནུས་པ་འདི་ལ་གཟིགས་ཤིག་ཅེས་སྡིགས་མཛུབ་གནམ་དུ་ཕྱར་བས་སྡིགས་མཛུབ་ཀྱི་སྟེང་ན་ལྕགས་ཀྱི་སྡིག་པ་ནག་པོ་གཡག་པོ་ཙམ་དགུ་བརྩེགས་སུ་འདུག་པ་མཐོང་བས་རྒྱལ་པོ་སྐྲག་སྟེ་དཀོན་མཆོག་སྔགས་པའི་སྐུ་ལ་མི་བསྡོའོ་ཆོས་མཛོད་ཅིག་ཟེར།"[32]ཞེས་གསུངས་པ་ལྟར་ན། རྒྱལ་པོ་འུ་དུམ་བཙན་པོ་སོགས་སྣུབས་སངས་རྒྱས་ཡེ་ཤེས་ཀྱི་སྔགས་ཀྱི་ནུས་རྩལ་ལ་ངོ་མཚར་ནས་གནོད་འཚེ་གཏོང་མ་ཐུབ་པ་ཡིན་ངེས་ཀྱང་། སྐབས་དེར་རྟེན་ཁྱིམ་པ་ཡིན་པའི་སྔགས་པ་མང་དག་ཅིག་ལ་གནོད་པ་ཆེན་པོ་ཐེབས་མེད་པས། སྔོན་བྱོན་མཁས་པ་དག་གིས་ཐེག་པ་ཆེན་པོ་གསང་སྔགས་ནི་དེང་སང་གི་བར་དུ་ནུབ་མ་མྱོང་བར་གསུངས་པས། སྣུབས་སངས་རྒྱས་ཡེ་ཤེས་ལ་གནོད་འཚེ་མ་ཐེབས་པའི་རྒྱུ་མཚན་གཅིག་ནི་ཁོང་གི་རྟེན་ཁྱིམ་པ་ཡིན་པ་ལའང་འབྲེལ་བ་ཞིག་ཡོད་པར་སྙམ་ལ། དེ་ལས་ཀྱང་དོ་སྣང་བྱ་རིན་ཡོད་པ་ཞིག་ནི་ཁོང་གི་ཁྱིམ་རྒྱུད་ནི་ཡར་དེད་ན་ཡབ་འབངས་རུས་དྲུག་ལ་ཐུག་འདུག་པས་བཙན་པོའི་གདུང་རྒྱུད་ཀྱི་མཆེད་ཁུངས་དང་རུས་གཅིག་པ་ལྟ་བུར་གྱུར་ཡོད། དེའི་དབང་གིས་ཁྱིམ་རྒྱུད་ཀྱི་དབང་གྲགས་ཆེ་བར་མ་ཟད། སྣུབས་སངས་རྒྱས་ཡེ་ཤེས་རང་ཉིད་ཀྱི་མ་ཡུམ་མཆིམས་བཟའ་བཀྲ་ཤིས་མཚོ་བྱ་བ་ཡིན། མོ་ནི་མཆིམས་ཁྱིམ་རྒྱུད་ནས་སྣུབས་ཚང་ལ་བག་མར་ཡོང་བ་ཡིན་ངེས་ལ། མཆིམས་ནི་ཞང་གསུམ་བློན་བཞིའི་གྲས་ཀྱི་གཅིག་ཡིན་པར་མ་ཟད། བཙན་པོ་རལ་པ་ཅན་གྱི་སྲིད་མཇུག་ཏུ་སླེབས་སྐབས་ཆབ་སྲིད་ཀྱི་ཀླུང་རྟ་སྔར་ལས་དར་བའི་དུས་སྐབས་ཤིག་ལ་ཐོན་ཡོད་དེ། སྤྱི་ལོ822ལོར་བཙུགས་པའི་ལྷ་སའི་རྡོ་རིང་ངོས་སུའང་བཀའ་ལ་གཏོགས་པའི་མཆིམས་བློན་གསུམ་གྱི་མིང་རུས་རྙེད་པས་ཀྱང་ར་སྤྲོད་གསལ་པོ་བྱས་འདུག །རྒྱལ་བོ་འུ་དུམ་བཙན་པོའི་སྐུ་རིང་ལ་སྔར་བཞིན་དབང་ཤུགས་ཆེ་བའི་ཁྱིམ་རྒྱུད་གཞན་དང་བསྡོངས་ནས་ཡུམ་བརྟན་བཙན་པོར་བཀུར་བའི་ཕྱོགས་ལ་ཤུགས་བརྒྱབ་ཡོད། སྣུབས་སངས་རྒྱས་ཡེ་ཤེས་ཀྱི་ཞང་པོ་མཆིམས་ནི་སྐབས་དེའི་ཁྱིམ་རྒྱུད་དབང་གྲགས་ཅན་ཞིག་དང་ཁྱད་དུ་དབས་ཁྱིམ་རྒྱུད་ལ་འབྲེལ་བ་དམ་པོ་ཞིག་ཡོད་པར་བརྟེན། ཁོང་ལ་གནོད་འཚེ་གཏོང་འདོད་ཡོད་ཀྱང་གཏོང་སླ་བ་ཞིག་གཏན་ནས་མ་ཡིན་ནོ། །

སྣུབས་སངས་རྒྱས་ཡེ་ཤེས་ཀྱིས་རང་ཉིད་གནོད་འཚེ་ལས་ཐར་བ་ནི་གནས་སྐབས་ཙམ་ལས་གཏན་ཏུ་བཙན་པོའི་བཀའ་ལས་ཐར་བ་ཞིག་མ་ཡིན་ལ། ཐ་ན་རྨ་རིན་ཆེན་མཆོག་ལྟར་ལྐོག་ཏུ་གཤེད་མ་བཏང་ནས་གསོད་པའི་ཉེན་ཁའང་ཡོད་པར་བརྟེན། ཁོང་གིས་གསང་བའི་སྒོ་ནས་ལྷ་ལུང་དཔལ་རྡོར་ལ་འབྲེལ་བ་བཙུགས་ནས་རྒྱལ་པོ་འུ་དུམ་བཙན་པོ་སྐུ་བཀྲོངས་ན་ཕན་པ་ཆེ་ཚུལ་གྱི་རེ་སྐུལ་བགྱིས་པ་དང་། དེ་དུས་ལྷ་ལུང་དཔལ་རྡོར་ཡང་ཕྱི་ནང་གི་ཉེན་ཁར་ཚུད་ཡོད་པས་མཐའ་མའི་ཐབས་ལམ་སྟེ་རྒྱལ་པོ་སྐུ་དགྲོང་བའི་ལས་སུ་མི་ཞུགས་ཀ་མེད་དུ་གྱུར་ཡོད། ཐེ་ཝེན་གྱི་རྩོམ་པ་པོ་གྲགས་ཅན་པོ་ཡཱང་ན་རེ།"སྲིད་སྐྱོང་ལམ་ལུགས་མེད་པའི་མངའ་བདག་ནི་དུག་སྦྲུལ་ལས་ཀྱང་ཆེས་འཇིགས་སུ་རུང་བ་ཞིག་སྟེ།ཁོས་སྔར་གྱི་ཁས་ལེན་མནའ་ཚིག་ཡོད་ཚད་མཆིལ་མ་བཞིན་དུ་འདོར་སྲིད། དེ་ལྟ་བུའི་མངའ་བདག་གི་གཏམ་ལ་ཡིད་ཆེས་པའི་སྐྱེ་བོ་ནི་རང་གི་མགོ་བོ་གཏའ་མར་བཞག་ནས་ཤོ་རྩེ་བ་དང་འདྲ།རྒྱལ་ན་སྲོག་མགོ་ཐོན་ཐུབ་ལ་ཕམ་ན་མགོ་བོ་ཤོར་འགྲོ......[33]ཞེས་པ་ལྟར།སྣུབས་སངས་རྒྱས་ཡེ་ཤེས་དང་ལྷ་ལུང་དཔལ་རྡོར་གཉིས་ཀྱང་རྒྱལ་པོ་འུ་དུམ་བཙན་པོ་ནི་དེ་ལྟ་བུའི་དུག་སྦྲུལ་ཞིག་ཏུ་བལྟས་ཡོད་པ་གོར་མ་ཆག་ལ་དོན་ལ་དེ་ལྟར་ཡིན་ཡང་སྲིད།ལྷ་ལུང་དཔལ་རྡོར་ཡང་སྣུབས་སངས་རྒྱས་ཡེ་ཤེས་དང་འདྲ་བར་ཁྱིམ་རྒྱུད་དང་མི་སྒེར་གང་གི་ཆ་ནས་དབང་གྲགས་མི་དམན་པ་ཡོད་པར་མ་ཟད། དམག་དོན་གྱི་ཉམས་མྱོང་ཡང་ཕུན་སུམ་ཚོགས་པ་ཡོད། འུ་དུམ་བཙན་པོ་སྲིད་ཁྲིར་བཞུགས་ནས་ལོ་བདུན་བརྒྱད་ཙམ་གྱི་རིང་ལ་ལྷ་ལུང་དཔལ་རྡོར་དོ་སྣང་བྱ་ཡུལ་གལ་ཆེན་ཞིག་ཏུ་བརྩིས་ནས་ཞི་དྲག་གི་ཐབས་ལམ་སྤྱད་དེ་འདུལ་བའི་གྲ་སྒྲིག་བགྱིས་ཡོད་ཀྱང་འབྲས་བུ་ཅི་ཡང་ཐོན་མེད། དེ་ཡང་དང་པོར་ཞི་བའི་ཐབས་སྤྱད་ཚུལ་འདི་ལྟར། 《 བྲག་ཡེར་བའི་དཀར་ཆག་ཕྱི་མ》 ལས། "དེའི་ཚེ་བསམ་ཡས་དང་ལྷ་ས་ཀུན་དུ་ཝ་ཚང་བཅས། ལྷ་ལུང་དཔལ་གྱི་རྡོ་རྗེ་ལ་ཁྱོད་མར་ལ་ཤོག་ལ་རྔོན་པ་དང་ཉ་པའི་དཔོན་གྱིས་ཟེར་ཞིང་འཕྲིན་བསྐུར་བྱུང་བ་ལ……"[34]ཞེས་གསུངས་པ་ལ་བརྟགས་ན། ང་ཚོས་གནད་དོན་གསུམ་གསེད་འགྲེལ་ཐུབ་པ་ནི། གཅིག །ལྷ་ལུང་དཔལ་རྡོར་དང་དེ་མཚུངས་ཀྱི་དབང་ཐང་ཆེ་བའི་མི་སྣ་རྣམས་རང་ཕྱོགས་སུ་འགུག་པའི་ཆེད་དུ་དཔོན་གནས་མིང་སྟོང་ཙམ་རེ་སྟེར་བཞིན་པ་ཤེས་ཐུབ། འོན་ཀྱང་ལྷ་ལུང་དཔལ་རྡོར་ལ་མཚོན་ན་དཔོན་གནས་དེ་ནི་མིང་སྟོང་ཙམ་དུ་མ་ཟད། ཁོས་གཉེར་ཐུབ་མེད་པའི་ལས་གནས་ཤིག་སྟེ། རྟེན་དགེ་སློང་ཡིན་པ་ཞིག་གིས་རྔོན་ལས་ཉ་ལས་ཀྱི་འགོ་པ་བགྱིས་ན་རྒྱུད་ཀྱི་བསླབ་པ་ལྟུང་བ་ལས་འོས་མེད། དེ་ནི་འུ་དུམ་བཙན་པོ་སོགས་ཀྱིས་རང་ཕྱོགས་ཀྱི་མི་ངོ་མ་ཞིག་ཏུ་བསྒྱུར་ཐུབ་མིན་ལ་ཚོད་བགམ་བྱས་པ་ཞིག་ཡིན་པར་མ་ཟད། ལྷ་ལུང་དཔའ་རྡོར་གྱི་དཔའ་མཛངས་ལ་གོང་བཀུར་བྱས་པའི་རྟགས་མཚན་ཞིག་ཀྱང་ཡིན་པར་སྙམ། གཉིས། ལྷ་ལུང་དཔལ་རྡོར་ནི་དང་ཐོག་ས་མཚམས་སྲུང་མཁན་གྱི་དཔའ་རྒོད་ཅིག་ཡིན་ལ། ཕྱིས་སུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཞིག་ཡིན་ཡང་། གནའ་དེང་གི་ངེས་པ་དོན་གྱི་དཔའ་རྒོད་རྣམས་སྲོག་ལ་བབས་ཀྱང་རང་ཚུགས་མི་འཆོར་བ་དང་ཁས་ལེན་དམ་ཚིག་ལས་མི་འགལ་བ་ནི་འགྱུར་མེད་ཀྱི་གཤིས་ཀ་དང་ཐུན་མོང་གི་ཁྱད་ཆོས་འབའ་ཞིག་ཡིན་ཙ་ན། ལྷ་ལུང་དཔལ་རྡོར་གྱིས་ཀྱང་རང་གི་སྲོག་མགོ་ཐོན་པའི་ཆེད་དུ་རྒྱུད་ཀྱི་བསླབ་པ་དམ་ཚིག་རྣམས་ནམ་ཡང་གཏོང་མི་སྲིད་པ་སྨོས་མ་དགོས། དེའི་དབང་གིས་ཁོས་དཔོན་གནས་དེ་ཁས་ལེན་བྱས་མེད་པ་ཤིན་ཏུ་གསལ། གསུམ། རྒྱལ་པོ་འུ་དུམ་བཙན་པོ་སོགས་ལ་མཚོན་ན། ལྷ་ལུང་དཔལ་རྡོར་རང་ཕྱོགས་སུ་འགུག་རྒྱུ་ནི་ཐབས་ཀྱི་ཡང་རྩེ་ཡིན་མོད། འོན་ཀྱང་ལྷ་ལུང་དཔལ་རྡོར་གྱིས་དཔོན་གནས་དེ་དང་ལེན་མ་བྱས་ན། བཙན་པོའི་བཀའ་ལ་རྒྱབ་འགལ་བྱས་པའི་ཉེས་མིང་བསྒྲགས་ནས་བཀྱོན་ཕབ་ཆོག་ཆོག་ཡིན། ཕྱོགས་གང་དུ་འཁོར་ན་ཡང་འུ་དུམ་བཙན་པོ་སོགས་ལ་དགེ་མཚན་ཆེ་ཞིང་ལྷ་ལུང་དཔལ་རྡོར་ལ་དགེ་མཚན་ཅི་ཡང་མེད་དེ། སྲོག་མགོ་ཐོན་ཆེད་དམ་ཚིག་སྤངས་པའམ་ཉེས་མིང་བཏགས་ནས་བཀྱོན་ཕབ་པར་སྒུག་པ་ལས་འཁོར་ས་གཞན་གང་ཡང་མེད་དོ། །འདི་ནི་ལྷ་ལུང་དཔལ་རྡོར་ལ་བཙན་པོ་འུ་དུམ་དགྲོང་བའི་ལམ་ཁ་དེ་འདེམ་དུ་བཅུག་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར། ཞིབ་འཇུག་པ་ཁ་ཤས་ཀྱི་སྣང་ངོར། རྔོན་ལས་ཉ་ལས་གཉེར་ནས་རྒྱུད་ཀྱི་བསླབ་པ་བཏང་བ་དང་རྒྱལ་པོ་བཀྲོངས་ནས་བསླབ་པ་གང་ཡིན་ཡང་བསླབ་བ་བཏང་བ་འདྲ་མཚུངས་ཡིན་པར་འདོད་ཡོད། དེ་ནི་བོད་ཀྱི་རིག་གནས་ཀྱི་གཞི་རྐང་ལ་རྒྱུས་མངའ་མེད་པའི་ལྟ་ཚུལ་ལས་མ་འདས། བོད་པའི་སྲོལ་རྒྱུན་རིག་གནས་ཀྱི་ངོས་ནས་ཕར་བལྟས་པ་ཡིན་ན། རྔོན་ལས་ཉ་ལས་གཉེར་ནས་བསླབ་པ་བཏང་བ་དང་། རྒྱལ་པོ་འུ་དུམ་བཙན་པོ་བཀྲོངས་ནས་བསླབ་པ་བཏང་བ་གཉིས་ལ་རྒྱུ་དང་ངོ་བོ། འབྲས་བུ་བཅས་ཀྱི་ཕྱོགས་ན་གནམ་ས་ལྟ་བུའི་ཁྱད་པར་ཡོད། དཔེར་ན། སྔ་མ་ནི་རང་གཅིག་པུའི་སྲོག་མགོ་ཐོན་ཆེད་དང་དཔོན་གནས་མིང་སྟོང་ཙམ་གྱི་ཆེད་དུ་བསླབ་པ་བཏང་བ་ཞིག་ཡིན་པས། སྒེར་སེམས་ཁོ་ནས་བསླངས་པ་ཞིག་ཏུ་ངོས་འཛིན་པ་དང་། ཕྱི་མ་ནི་སྤྱིའི་བདེ་སྡུག་གི་ཆེད་དུ་ལུས་སྲོག་གི་ཉེན་ཁར་མ་འཛེམ་པར་རང་རྒྱུད་ཀྱི་བསླབ་པ་བཏང་བ་ཞིག་ཡིན་པས། གཞན་དོན་དོན་གཉེར་གྱི་བློས་ཀུན་ནས་བསླངས་པ་ཞིག་ཏུ་ངོས་འཛིན་པ་ཡིན། ནང་པའི་ཆོས་ལུགས་སུ། བསྟན་པ་དང་འགྲོ་བའི་དོན་ཆེད་དུ་བསླབ་པ་ཕུལ་ནས་ཞི་དྲག་གི་ལས་སྣ་ཚོགས་གནང་བ་དང་། ཕྱིས་སུ་མཁན་པོའི་དྲུང་ནས་སྡོམ་པ་བསྐྱར་དུ་ལེན་ཆོག་པའི་སྲོལ་ཡོད། ལྷ་ལུང་དཔལ་རྡོར་གྱིས་ཀྱང་ཚེ་སྨད་དུ་འོད་སྲུང་ཡབ་སྲས་ཀྱི་བླ་མར་ཕེབས་ནས་སྨན་ལྷའི་མཆོད་ཆོག་གནང་བ་སོགས་ཆོས་ལྡན་གྱི་བྱ་བ་མཛད་པ་ལ་བརྟགས་ན། རྒྱལ་པོ་འུ་དུམ་བཙན་པོ་སྐུ་མ་བཀྲོངས་སྔོན་ལ་ཁོང་གིས་བསླབ་པ་ཕུལ་བའི་ལམ་ཁ་དེ་བདམས་ཡོད་པ་ཤིན་ཏུ་གསལ་ལ། དེ་ནི་ནང་ཆོས་ཀྱི་ལྟ་དགོངས་དང་གཞི་ནས་མཐུན་པ་ཞིག་ཡིན། མིའི་སྤྱི་ཚོགས་ནི་མ་གཞི་ནས་རིག་གནས་གཤིས་ལུགས་སྣ་ཚོགས་ཀྱིས་གྲུབ་པ་ཞིག་ཡིན་པས། དོན་བྱ་གཅིག་ལའང་ངོས་འཛིན་དང་ལྟ་སྟངས་ཐ་དད་དུ་གྱུར་འགྲོ་སྟེ། གནའ་དེང་གི་ཆབ་སྲིད་ངོས་ནས་རྒྱལ་ཁབ་གཞན་ལ་དམག་བརྒྱབ་ནས་མི་བསད་པ་དང་། རྐུན་འཕྲོག་གི་ཆེད་དུ་མི་བསད་པ་གཉིས་ལ་ཐོབ་ཐང་དང་མཚན་སྙན་མི་འདྲ་བ་ལྟ་བུའོ། །

རྒྱལ་པོ་འུ་དུམ་བཙན་པོ་སོགས་ཀྱིས་ལྷ་ལུང་དཔལ་རྡོར་ལ་ཉ་ལས་རྔོན་ལས་ཀྱི་འགོ་པའི་གོ་གནས་བྱིན་ནས་རང་ཕྱོགས་ལ་འགུག་པའི་བྱ་བ་ལེགས་འགྲུབ་མ་བྱུང་བར་བརྟེན། མཐའ་མཇུག་བཀྱོན་ཕབ་ཚུལ་སྐོར་ལ་གསང་གྲོས་བྱས་ཡོད་དེ།《 ལྡེའུ་ཆོས་འབྱུང》 ལས།"ཡེར་པ་ལྷ་རི་སྙིང་བོ་ན་བཞུགས་པའི་