སྐད་ཡིག་འཇིག་པའི་རྒྱུ་རྐྱེན་ཁག་ལྔ།
སྤེལ་བའི་དུས་ཚོད། : 2018-01-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  

 མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། དུས་རབས་ཉི་ཤུ་བའི་དུས་མགོར་འཛམ་གླིང་ཡོངས་སུ་སྐད་ཡིག་མི་འདྲ་བ༦༠༠༠ལྷག་ཡོད་མོད། དུས་རབས་ཉེར་གཅིག་པའི་དུས་མགོར་སླེབས་སྐབས་སྐད་ཡིག ༢༠༠༠ ཙམ་འཇིག་ཟིན་པ་མ་ཟད། སྐད་ཡིག༤༠༠༠ཙམ་མི་རིང་བར་འཇིག་པའི་ཉེན་ཁ་དང་འཕྲད་ཡོད། རྒྱལ་སྤྱིའི་སྐད་བརྡ་རིག་པའི་མཁས་དབང་དང་སྐད་ཡིག་ཆེད་མཁས་པ། སྐད་ཡིག་ཞིབ་འཇུག་པ་གང་མང་གིས་འཇིག་ཟིན་པའི་སྐད་ཡིག་དེ་དག་དང་འཇིག་བཞིན་པའི་སྐད་ཡིག་ཁག་གི་འཇིག་རྐྱེན་ལ་དབྱེ་ཞིབ་བྱས་རྗེས་སྐད་ཡིག་ཅིག་འཇིག་པར་རྒྱུ་རྐྱེན་གཙོ་བོ་ཁག་ལྔ་ཡོད་པའི་སྡོམ་ཚིག་བཀོད་ཡོད་ལ་རྒྱུ་རྐྱེན་དེ་དག་ནི་གཤམ་གསལ་ལྟར།

དང་པོ། མི་རིགས་མི་འདྲ་བ་འདྲེས་སྡོད་བྱས་ན་སྐད་ཡིག་འཇིག་པའི་ཉེན་ཁ་ཆེ།

   འདིར་རིགས་གཉིས་ཡོད་དེ། དང་པོ་ནི་མི་རིགས་ཤིག་མི་རིགས་གཞན་གྱི་སར་ཕར་སོང་ནས་མི་རིགས་གཞན་དེའི་ནང་ཐིམ་ན་ཕར་སོང་མཁན་གྱི་མི་རིགས་དེའི་སྐད་ཡིག་འཇིག་པའི་ཉེན་ཁ་ཡོད་པ་དང་། གཉིས་པ་ནི་མི་རིགས་གཞན་ཚུར་ཡོང་ཞིང་དེར་གཞིས་ཆགས་ཏེ་ཚུར་ཡོང་སའི་མི་རིགས་ཀྱི་གོམས་གཤིས་དང་འདུ་ཤེས་འཛིན་སྟངས། དེ་བཞིན་སྐད་ཡིག་སོགས་ལ་མི་རིགས་དེའི་ཤན་ཞུགས་ན་ཚུར་ཡོང་སའི་མི་རིགས་དེའི་སྐད་ཡིག་འཇིག་པའི་ཉེན་ཁ་ཡོད།

གཉིས་པ། ཚོང་ལས་དཔལ་འབྱོར་ཁྲོད་བེད་སྤྱོད་མེད་པའི་སྐད་ཡིག་དེ་ཉམས་སླ།
    སྤྱི་ཚོགས་ཤིག་གི་སྲོག་ཤིང་ལྟ་བུར་གྱུར་བ་གཙོ་བོ་དཔལ་འབྱོར་དང་ཚོང་ལས་ཡིན་པས་དེའི་ཕྱོགས་སུ་མཁོ་སྤྱོད་ཆེ་བའི་སྐད་ཡིག་ལ་གསོན་ཤུགས་ཆེན་པོ་ལྡན་ཞིང་། དེ་ལས་ལྡོག་སྟེ་ཚོང་ལས་དཔལ་འབྱོར་ཁྲོད་བེད་སྤྱོད་མེད་ན་སྐད་ཡིག་དེ་ཉམས་སླའོ།།

གསུམ་པ། ཆབ་སྲིད་ཀྱི་ཁེ་དབང་མེད་པའི་སྐད་ཡིག་ཀྱང་འཇིག་ཉེན་ཆེ།
   སྲིད་གཞུང་གི་ཚོགས་འདུ་དང་འདེམས་བསྐོའི་ཡིག་ཆ། རྒྱལ་ཁབ་ཀྱི་གཞུང་ཡིག བཅའ་ཁྲིམས་དང་གཞུང་འབྲེལ་གྱི་ལས་དོན་ཁག་གི་ཡིག་ཆར་ངེས་པར་སྤྱོད་དགོས་པའི་ཁྲིམས་ཀྱི་རྒྱབ་རྩ་བརྟན་པོ་མེད་པ་དང་། རྩ་འཛུགས་ཀྱི་བདག་པོ་རྒྱག་མཁན་མེད་པ་སྟེ་ཆབ་སྲིད་ཁེ་དབང་གི་རྒྱབ་རྩ་མེད་པའི་སྐད་ཡིག་དེ་ཡང་སྐད་ཡིག་ཉམས་པའི་རྒྱུ་གཙོ་བོ་ཞིག་ཡིན།

བཞི་བ། མི་རིགས་ཤིག་རང་གི་སྐད་ཡིག་ལ་དུངས་པ་མེད་ན་སྐད་ཡིག་དེ་འཇིག་སླ།
    མི་རིགས་རང་གི་སྲོལ་རྒྱུན་རིག་གནས་གད་སྙིགས་སུ་བརྩིས་ནས་དེར་དགག་པ་རྒྱག་མཁན་བྱུང་བ་སྟེ་དགག་རྒྱག་འདུ་འཛོམས་བྱུང་ཞིང་དགག་རྒྱག་རྩོམ་ཡིག་སྤེལ་བ་སོགས་དང་། མི་རིགས་དེའི་སྐད་བཤད་མཁན་རྒན་རབས་དང་དར་མ་ཙམ་ལས་གཞོན་སྐྱེས་དང་བྱིས་པ་མེད་པའམ་ཡང་ན་བསྲེས་སྐད་ལས་མི་ཤོད་པ། རྩོམ་པ་པོ་དང་ཞིབ་འཇུག་པས་སྐད་ཡིག་དེ་ཤེས་ནའང་མང་ཚོགས་དང་སློབ་མས་སྐད་ཡིག་དེ་མི་ཤེས་པ། མི་རིགས་རང་ཉིད་ཀྱིས་རང་གི་སྐད་ཡིག་དེ་རྗེས་ལུས་ཡིན་པར་འདོད་པ། དེ་ལ་དགའ་མཁན་དང་གཙིགས་ཆེན་བྱེད་མཁན་མེད་པའི་སྐད་ཡིག་དེའང་ཤིན་ཏུ་འཇིག་སླ།

ལྔ་བ། མི་རིགས་ཤིག་གི་ཆོས་ལུགས་དང་རིག་གནས་ཉམས་རྒུད་དུ་གྱུར་ན་སྐད་ཡིག་ཀྱང་འཇིག་སྲིད།
  མི་རིགས་ཤིག་གི་ཆོས་ལུགས་དང་། རིག་གནས་སྒྱུ་རྩལ་སོགས་ཉམས་རྒུད་དུ་གྱུར་ན། དེ་དག་གི་མཚོན་བྱེད་དམ་རྒྱུན་ཐག་ལྟ་བུར་གྱུར་བའི་སྐད་ཡིག་དེ་ཡང་འཇིག་སླའོ།།


རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
རྩོམ་སྒྲིག་པ། བདེ་ལྷ་མོ།