བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ནན་ཁའེ་སློབ་ཆེན་དུ་ཚོགས།
སྤེལ་བའི་དུས་ཚོད། : 2017-09-25 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༄༅།།བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་དང་རྒྱ་བོད་སྐད་བརྡ་རིག་པའི་ཞིབ་འཇུག་བྱེད་ཐབས་ཀྱི་དབྱར་སྦྱོང་འཛིན་གྲྭ་སྐབས་གཉིས་པ་ནན་ཁའེ་སློབ་ཆེན་དུ་ཚོགས་པ།

 

བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པའི་ཡུལ་དངོས།

 བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་དང་རྒྱ་བོད་སྐད་བརྡ་རིག་པའི་ཞིབ་འཇུག་བྱེད་ཐབས་ཀྱི་དབྱར་སྦྱོང་འཛིན་གྲྭ་སྐབས་གཉིས་པ་དེ2017ལོའི་ཟླ8པའི་ཚེས13ཉིན་ནས་ཚེས27ཉིན་བར་ནན་ཁའེ་སློབ་གྲྭ་ཆེན་མོར་ཚོགས། ཐེངས་འདིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་དང་དབྱར་སྦྱོང་འཛིན་གྲྭ་ནི་ནན་ཁའེ་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་གིས་གཙོ་སྒྲུབ་བྱས་ཤིང་། ནན་ཁའེ་སློབ་གྲྭ་ཆེན་མོའི་རྒྱ་བོད་སྐད་བརྡ་ཞིབ་འཇུག་ལྟེ་གནས་དང་མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པ། ཧྲང་ཧེ་དགེ་ཐོན་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་འགན་སྒྲུབ་བྱས་པ་རེད།

 ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོ། ནན་ཁའེ་སློབ་གྲྭ་ཆེན་མོ། ཀྲུང་ཧྲན་སློབ་གྲྭ་ཆེན་མོ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། བོད་ལྗོངས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། ཡུན་ནན་མི་རིགས་སློབ་གྲྭ་ཆེན་མོ། ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་། སི་ཁྲོན་མི་རིགས་སློབ་གླིང་། ཞི་ཁྲང་སློབ་གླིང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་སོགས་སློབ་གསོ་དང་ཞིབ་འཇུག་སྡེ་ཁག་གི་ཆེད་མཁས་པ་དང་ཞིབ་འཇུག་པ་སུམ་ཅུ་ལྷག་སྤྱི་ཟླ8པའི་ཚེས19ནས་ཚེས20བར་བསྡུས་པའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པར་ཞུགས་པ་མ་ཟད་དཔྱད་རྩོམ་སྒྲོག་འདོན་གནང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་སློབ་དཔོན་ཆེན་མོ་སུན་ཧུང་ཁའེ་དང་མི་དམངས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཆུས་ཨའེ་ཐང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་སོགས་དགུང་ལོ་བརྒྱད་ཅུར་བཞེས་པའི་རྒན་རབས་ཞིབ་འཇུག་པ་དག་ཀྱང་ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཕེབས་འབྱོར་གནང་། བགྲོ་གླེང་ཚོགས་འདུའི་སྟེང་ཆེད་མཁས་པ་དག་གིས་བོད་སྐད་ཀྱི་གནའ་དེང་གི་སྒྲ་གདངས་དང་མིང་ཚིག བརྡ་སྤྲོད། ཡི་གེ ཡིག་ཚགས། བོད་སྐད་ཀྱི་སྒྲ་གདངས་འཕེལ་འགྱུར་དང་སྐད་བརྡའི་འཕེལ་འགྱུར། ཡིག་སྐད་དང་ཡུལ་སྐད་ཀྱི་དབྱེ་འབྱེད། བོད་ཀྱི་ཚད་ལྡན་སྐད་སོགས་ཀྱི་ཁྱབ་ཁོངས་མང་པའི་གནད་དོན་ལ་དཔྱད་ཞིབ་མཛད། གཞན་བགྲོ་གླེང་ཚོགས་འདུའི་སྟེང་བོད་ཀྱི་སྐད་ཡིག་ཞིབ་འཇུག་གི་རིག་གཞུང་དུས་དེབ་བསྒྲུབ་དགོས་པའི་བླང་བྱ་དང་གྲོས་གཞི་བཏོན།

བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པའི་ཡུལ་དངོས།

སློབ་དཔོན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ཀྱིས་གཏམ་བཤད་གནང་བཞིན་པ།

 སྤྱི་ཟླ8པའི་ཚེས13ཉིན་ནས་ཚེས27ཏེ་ཁྱོན་བསྡོམས་ཉིན་བཅོ་ལྔའི་རིང་ལ་རྒྱ་བོད་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་སྐབས་གཉིས་པ་ཚོགས་ཤིང་། ཐེངས་འདིའི་དབྱར་སྦྱོང་འཛིན་གྲྭས་སྒྲ་གདངས་དང་སྒྲ་རྒྱུད་ཀྱི་རྟོག་ཞིབ་གཙོ་བོར་དམིགས་ཤིང་། སྐད་བརྡ་རིག་པའི་གཞུང་ལུགས་དང་སྐད་ཡིག་གི་ཡུལ་དངོས་རྟོག་ཞིབ་ཀྱི་ལག་ལེན་ཟུང་དུ་སྦྲེལ་ནས་དེང་རབས་སྐད་བརྡ་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་ཞིང་ལག་ལེན་གྱི་བྱང་ཚད་མཐོ་བའི་རྒྱ་བོད་སྐད་ཆའི་ཕ་སྐད་ཞིབ་འཇུག་འཇོན་མི་གསོ་སྐྱོང་བྱ་རྒྱུ་གནད་དུ་བཟུང་པ་རེད། ཡོ་རོབ་དང་མེ་གླིང་། རྒྱལ་ནང་གི་མིང་དུ་གྲགས་པའི་མཐོ་རིམ་སློབ་གྲྭ་དང་ཞིབ་འཇུག་སྡེ་ཁག་གི་ཆེད་མཁས་པ་དགུ་སྟེ། སྔོན་མའི་ཨ་མེ་རི་ཁའི་རྒྱལ་ཁབ་ཚན་རིག་ཐེབས་རྩ་ཚོགས་པའི(NSF)ཉེན་གནས་སྐད་ཡིག་ཟིན་འགོད་རོགས་སྒྲུབ་ལས་གཞིའི(DEL)འགན་འཛིན་པ་དང་བྱང་ངྷི་ཁི་སཱ་སི་སློབ་གྲྭ་ཆེན་མོའི་བརྡ་འཕྲིན་སློབ་གླིང་གི་གླིང་གཙོ་གཞོན་པ། སྐད་བརྡ་རིག་པའི་སློབ་དཔོན་ཆེན་མོ Shobhana Chelliahདང་ནན་ཁའེ་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་གི་སློབ་དཔོན་ཆེན་མོ་ཙུན་ཞའོ་ཡེས། ཨ་མེ་རི་ཁའི་ཧྲི་སྨི་སིན་ནིས་སློབ་ཚོགས་ཀྱི་སློབ་དཔོན་ཆེན་མོ Mary S. Linn ཧྥ་རན་སིའི་རྒྱལ་ཁབ་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཡ་གླིང་ཤར་ཕྱོགས་སྐད་ཡིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པKatia Chirkova(ཆི་ཁཱ་ཅ།)ཞི་ཁྲང་སློབ་གླིང་གི་སློབ་དཔོན་ཆེན་མོ་ཝང་ཏི་ཧོ། ནན་ཁའེ་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་གི་སློབ་དཔོན་ཆེན་མོ་ཡེ་ཤེས་འོད་གསལ་ཨ་ཚོགས། ཐེན་ཅིན་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཧྲི་ཤིའུ་ཅུན། ཀྲུང་ཧྲན་སློབ་གྲྭ་ཆེན་མོའི་སློབ་དཔོན་གཞོན་པ་ཧྲའོ་མིང་ཡོན་སོགས་ཀྱིས་ཐེངས་འདིའི་དབྱར་སྦྱོང་འཛིན་གྲྭའི་འགན་ཡོངས་སུ་ཁུར་ཞིང་། གཞན་རྒྱལ་ཕྱིའི་སློབ་ཆེན་ཁག་དང་རྒྱལ་ནང་གི་ནན་ཁའེ་སློབ་གྲྭ་ཆེན་མོ་སོགས་མཐོ་རིམ་སློབ་གྲྭའི་འབུམ་རམས་ཞིབ་འཇུག་སློབ་མ་བདུན་སྟེ། ཨོ་སི་ཐྲ་ལེ་ཡའི་ལི་ཊོ་བྷོ་སློབ་གྲྭ་ཆེན་མོའི་བསོད་ནམས་ལྷུན་འགྲུབ་དང་། ཨ་རིའི་འོ་ལི་ཀང་སློབ་གྲྭ་ཆེན་མོའིZoe Triburདང་ཀོན་ཞོན། ཅ་ཀྲོའུ་སློབ་གྲྭ་ཆེན་མོའི་ཡན་ལག་སློབ་གྲྭ་ཧྲིན་ཐ་པཱ་པཱ་ལ་ཡིNathaniel Simsདང་། ནན་ཁའེ་སློབ་གྲྭ་ཆེན་མོའི་བསོད་ནམས་རྒྱལ་དང་གནམ་སྲས་ལྷ་རྒྱལ། ཧྲང་ཧེ་སློབ་གྲྭ་ཆེན་མོའི་ལུའུ་ལིན་བཅས་ཀྱིས་ཐེངས་འདིའི་དབྱར་སྦྱོང་འཛིན་གྲྭའི་རོགས་འདེགས་དགེ་རྒན་གྱི་འགན་ཁུར།

སློབ་དཔོན་ཆེན་མོ་བཙན་ལྷ་ངག་ཚུལ་ཁྲིམས་ཀྱིས་གཏམ་བཤད་གནང་བཞིན་པ།

 སློབ་གྲྭ་རང་ངོས་ནས་ངོ་སྤྲོད་དང་ཆེད་མཁས་པས་དཔྱད་འདེམས་བརྒྱུད་པེ་ཅིང་སློབ་གྲྭ་ཆེན་མོ་དང་རྒྱལ་སའི་དགེ་ཐོན་སློབ་གྲྭ་ཆེན་མོ། ཀྲུང་ཧྲན་སློབ་གྲྭ་ཆེན་མོ། ཡུན་ནན་དགེ་ཐོན་སློབ་གྲྭ་ཆེན་མོ་བཅས་དང་། གཞན་བོད་ལྗོངས་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། ཡུན་ནན་མི་རིགས་སློབ་གྲྭ་ཆེན་མོ། ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་། སི་ཁྲོན་མི་རིགས་སློབ་གླིང་སོགས་མི་རིགས་མཐོ་རིམ་སློབ་གྲྭའི་སྐད་བརྡ་རིག་པའི་ཞིབ་འཇུག་གི་ལས་ལ་གཞོལ་བཞིན་པའི་ཞིབ་འཇུག་སློབ་མ་དང་མི་རིགས་སྐད་ཡིག་ཆེད་ལས་ཀྱི་ལས་ཐོག་མི་སྣ38ཐེངས་འདིའི་དབྱར་སྦྱོང་འཛིན་གྲྭར་ཞུགས། དེ་དག་ལས་སློབ་མ་ཕལ་མོ་ཆེ་ནི་བོད་ཁུལ་གྱི་རོང་འབྲོག་ས་ཁུལ་ནས་ལམ་ཐག་རིང་བོ་བརྒྱུད་དེ་ནན་ཁའེ་སློབ་ཆེན་དུ་སློབ་སྦྱོང་དུ་ཡོང་བ་རེད། གཞན་ནན་ཁའེ་སློབ་གྲྭ་ཆེན་མོའི་འབྲེལ་ཡོད་ཆེད་ལས་ཀྱི་དགེ་སློབ20ལྷག་ཀྱང་ཐེངས་འདིའི་དབྱར་སྦྱོང་འཛིན་གྲྭའི་སློབ་སྦྱོང་གི་གྲས་སུ་ཞུགས།

 

སློབ་དཔོན་ཆེན་མོ་ཡེ་ཤེས་འོད་གསལ་ཨ་ཚོགས་ཀྱིས་ཚོགས་འདུར་གཙོ་སྐྱོང་གནང་བཞིན་པ།

 ཐེངས་འདིའི་དབྱར་སྦྱོང་འཛིན་གྲྭར་སྐད་བརྡ་རིག་པའི་རྨང་གཞི་དང་སྐད་ཆའི་ཡུལ་དངོས་རྟོག་ཞིབ། རྒྱ་བོད་སྐད་བརྡའི་ཞིབ་འཇུག་བཅས་ཀྱི་སློབ་ཁྲིད་ནང་དོན་ཆེན་པོ་གསུམ་བཀོད་སྒྲིག་བྱས་ཡོད་པ་དང་། དེར་སྐད་བརྡ་རིག་པའི་འཇུག་སྒོ་དང་རྒྱལ་སྤྱིའི་སྒྲ་རྟགས། སྒྲ་གདངས་རིག་པའི་རྨང་གཞི། ཚོད་ལྟའི་སྒྲ་གདངས་རིག་པ། སྒྲ་རྒྱུད་རིག་པའི་རྨང་གཞི། ཡུལ་དངོས་རྟོག་ཞིབ་ཀྱི་སྦྱོང་བརྡར། རིག་གནས་དང་ཞིབ་བརྗོད་ཀྱི་ཟིན་བཀོད། སྐད་བརྡ་རིག་པའི་མཉེན་ཆས་བཀོལ་སྤྱོད། རྒྱ་བོད་སྐད་ཁོངས་ཀྱི་སྐད་ཆའི་ཆེད་དོན་ཞིབ་འཇུག་སོགས་ཀྱི་སློབ་ཁྲིད་འདུས། དབྱར་སྦྱོང་འཛིན་གྲྭའི་གཙོ་གནད་སློབ་ཁྲིད་དེ་ཡུལ་དངོས་རྟོག་ཞིབ་ཀྱི་སློབ་སྦྱོང་ནི་ཞིབ་འཇུག་པ Katia Chirkovaདང་སློབ་དཔོན་ཆེན་མོ་ཝང་ཏི་ཧོ་གཉིས་ཀྱིས་ཐུགས་འགན་བཞེས་ཤིང་། སློབ་མ་དག་དང་མཉམ་དུ་ཨེར་སུའུ་སྐད་ཀྱི་སྒྲ་གདངས་ཟིན་འགོད་དང་དབྱེ་ཞིབ་སོགས་ཀྱི་སློབ་སྦྱོང་ཐབས་ལམ་བརྒྱུད་དེ་སློབ་མའི་ལག་ལེན་གྱི་བྱང་ཚད་མཐོར་འདེགས་སུ་བཏང་། དབྱར་སྦྱོང་འཛིན་གྲྭའི་བར་གསེང་དུ་རིག་གཞུང་གླེང་སྟེགས་དང་སློབ་འབྲས་སྙན་ཞུ་སོགས་ཀྱི་རིག་གཞུང་བྱ་འགུལ་སྤེལ་བ་མ་ཟད། དབྱར་སྦྱོང་འཛིན་གྲྭའི་སློབ་མ་རྣམས་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུར་ཟུར་ཞུགས་བྱས་ཏེ་མཁས་པ་དག་གི་ཐུགས་དཀྱེལ་དང་རྣམ་དཔྱོད་ལ་ཉེ་བར་བཅར། བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པར་ཞུགས་པའི་སློབ་དཔོན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་སོགས་ཆེད་མཁས་པ་གསུམ་དང་མིང་དུ་གྲགས་པའི་རྒྱ་བོད་སྐད་བརྡ་རིག་པ་བ། ཐེན་ཅིན་སློབ་གྲྭ་ཆེན་མོའི་སྐད་ཡིག་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་གདན་ཞུའི་སློབ་དཔོན་ཆེན་མོ་ཧྲི་ཞང་ཏུང་སོགས་ཀྱིས་རིག་གཞུང་འཆད་ཁྲིད་གནང་སྟེ་སློབ་མ་རྣམས་ལ་རིག་གཞུང་གི་གསོལ་སྟོན་གྱ་ནོམ་པ་བཤམས།

 དབྱར་སྦྱོང་འཛིན་གྲྭའི་སློབ་ཁྲིད་ཀྱི་ཡུལ་དངོས།

 དབྱར་སྦྱོང་འཛིན་གྲྭའི་སློབ་ཁྲིད་ཀྱི་ཡུལ་དངོས།

 ནན་ཁའེ་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་གི་གླིང་གཙོ་དང་སློབ་དཔོན་ཆེན་མོ་ཧྲིན་ལི་ཡན། ཨ་མེ་རི་ཁའི་ཧྲི་སྨི་སིན་ནིས་སློབ་ཚོགས་ཀྱི་རིག་གནས་དང་སྐད་ཡིག་བསྐྱར་དར་ཁང་གི་འགན་འཛིན་པ་དང་སློབ་དཔོན་ཆེན་མོ Mary S.Linn ། ཐེན་ཅིན་སྐད་བརྡ་རིག་པའི་མཐུན་ཚོགས་ཀྱི་ཚོགས་གཙོའམ་ནན་ཁའེ་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་གི་གླིང་གཙོ་དང་སློབ་དཔོན་ཆེན་མོ་ཙུན་ཞའོ་ཡེས། ནན་ཁའེ་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་གི་གླིང་གཙོ་གཞོན་པ་ཧྥན་ཏ་ཅན་བཅས་བགྲོ་གླེང་ཚོགས་འདུ་དང་དབྱར་སྦྱོང་འཛིན་གྲྭའི་འགོ་ཚུགས་མཛད་སྒོ་དང་མཇུག་སྒྲིལ་བའི་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ། མིང་དུ་གྲགས་པའི་བོད་སྐད་ཆེད་མཁས་པ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་དང་སློབ་དཔོན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་གཉིས་ཀྱིས་ཚོགས་ཞུགས་ཆེད་མཁས་པའི་ཚབ་མཛད་དེ་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུའི་འགོ་ཚུགས་མཛད་སྒོ་དང་མཇུག་སྒྲིལ་བའི་མཛད་སྒོའི་སྟེང་ཤིས་ཚིག་ཕུལ། ནན་ཁའེ་སློབ་གྲྭ་ཆེན་མོའི་རྒྱ་བོད་སྐད་བརྡ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན། སློབ་དཔོན་ཆེན་མོ་ཡེ་ཤེས་འོད་གསལ་ཨ་ཚོགས་དང་མཚོ་སྔོན་ཞིང་ཆེན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ། ཞིབ་འཇུག་པ་པདྨ་ལྷུན་འགྲུབ། ནན་ཁའེ་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་གི་སྐད་བརྡ་རིག་པའི་ཁྲིད་དཔྱོད་ཁང་གི་ཀྲུའུ་རེན། སློབ་དཔོན་གཞོན་པ་སུན་དབྱི་བཅས་ཀྱིས་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་དང་དབྱར་སྦྱོང་འཛིན་གྲྭའི་ལས་ཀར་གཙོ་སྐྱོང་གནང་།

 དབྱར་སྐྱོང་འཛིན་གྲྭའི་མཛུབ་སྟོན་དགེ་རྒན་ཁ་ཤས་ཀྱི་མཉམ་པར།

 དབྱར་སྦྱོང་འཛིན་གྲྭའི་དགེ་སློབ་ལྷན་རྒྱས།

 2016ལོའི་ཟླ6པར་ནན་ཁའེ་སློབ་གྲྭ་ཆེན་མོ་དང་ཨ་མེ་རི་ཁའི་ཧྲི་སྨི་སིན་ནིས་སློབ་ཚོགས་ཀྱི་དམངས་སྲོལ་དང་ཤུལ་བཞག་རིག་གནས་ལྟེ་གནས(Smithsonian Center for Folklife and Cultural Heritage)གཉིས་ཀྱིས་དུས་ཡུན་ལོ་ལྔའི་སློབ་གསོ་དང་རིག་གཞུང་མཉམ་འབྲེལ་གྱི་དང་ལེན་བརྗོད་ཐོའི་ཟིན་འགོད(Memorandum of Understanding for Educational and Academic Collaboration)ཀྱི་གྲོས་གཞིར་མིང་རྟགས་བཀོད་པ་དང་། 2016ལོར་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་དང་དབྱར་སྦྱོང་འཛིན་གྲྭ་སྐབས་དང་པོ་རྒྱལ་ཁའི་ངང་ཚོགས། འདི་ནི་རྒྱལ་ནང་དུ་ཆེས་ཐོག་མར་ཚོགས་པའི་རྒྱལ་ཡོངས་རང་བཞིན་གྱི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་དང་རྒྱ་བོད་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་ཞིག་ཡིན་པའི་ཆ་ནས་རིག་གཞུང་པའི་སྡེ་དང་དམངས་ཁྲོད་ཀྱི་དགའ་བསུ་དང་གདེང་འཇོག་ཚད་མཐོན་པོ་ཐོབ་ཡོད་པ་སྟེ། ཀྲུང་གོ་བོད་ལྗོངས་དྲ་བ་སོགས་སྨྱན་བྱད་གསར་ལམ་གྱིས་དེའི་འབྲེལ་གྱི་གནས་ཚུལ་བརྒྱུད་སྒྲོག་བྱས་པ་མ་ཟད། སྐད་བརྡ་རིག་པའི་བསྡུ་ལེན་དུས་དེབSSCསྟེJournal of Chinese Linguistics(ཀྲུང་གོའི་སྐད་བརྡ་རིག་པའི་དུས་དེབ།)སྟེང་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུའི་གྲུབ་འབྲས་ལ་དབྱིན་ཡིག་གིས་དཔྱད་བརྗོད་སྤེལ། གཞན་སྐབས་གཉིས་ཀྱི་དབྱར་སྦྱོང་འཛིན་གྲྭའི་སློབ་མས་དབྱར་སྦྱོང་འཛིན་གྲྭའི་སློབ་སྦྱོང་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་། སླད་མར་དབྱར་སྦྱོང་འཛིན་གྲྭ་མུ་མཐུད་དུ་གཉེར་སྐྱོང་དང་སློབ་མ་ཁ་སྣོན། སློབ་སྦྱོང་གི་དུས་ཡུན་ཇེ་རིང་དུ་གཏོང་བའི་ཐད་ནས་བསམ་འཆར་དང་རེ་བ་མང་པོ་བཏོན། །(ཕང་ཅུན་དང་སུང་ཞའོ་ཧུང་གཉིས་ཀྱིས་བྲིས། ཚེ་དཔལ་གྱིས་རྒྱ་ཡིག་ནས་བསྒྱུར། )

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།