པེ་ཅིང་དུ་བོད་ཡིག་ཡིག་ཚགས་ཐོན་ཁུངས་ལྟེ་གནས་ཚུགས་འདུག
སྤེལ་བའི་དུས་ཚོད། : 2017-08-22 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཆོག་མཆན་བཀོད་པ་བརྒྱུད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ཡིག་ཡིག་ཚགས་ཐོན་ཁུངས་ལྟེ་གནས་སྤྱི་ཟླ8པའི་ཚེས21ཉིན་དངོས་སུ་ཚུགས་ཡོད་ཅིང་། ལྟེ་གནས་འདི་འཛུགས་པའི་དམིགས་ཡུལ་གཙོ་བོ་ནི་སྔར་ལས་ལྷག་པར་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་སུ་བཏང་སྟེ་ཚན་རིག་ཞིབ་འཇུག་ལ་ཆ་འཕྲིན་ཐོན་ཁུངས་འདོན་སྤྲོད་བྱ་རྒྱུ་དེ་རེད།


 

 རགས་རྩིས་བྱས་པ་ལྟར་ན། རྒྱལ་ཡོངས་ཀྱི་བོད་ཡིག་གནའ་དཔེ་ཡིག་ཚགས་དེབ་ས་ཡ་2ལྷག་བསྡུ་ཉར་བྱས་ཡོད་པ་དང་། བོད་ཡིག་ཡིག་ཚགས་ནི་བོད་རིག་པ་ཞིབ་འཇུག་བྱ་བའི་འཐབ་ཇུས་ཐོན་ཁུངས་དང་རྨང་གཞི་གཙོ་བོ་ཡིན་པས། བོད་ཀྱི་རིག་གནས་སྔོག་འདོན་དང་འགྲེལ་བཤད། རྒྱུད་འཛིན་བྱེད་པར་དོན་སྙིང་གལ་ཆེན་ལྡན།

  

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཨན་ཆི་དབྱི་ཡིས་བོད་ཡིག་ཡིག་ཚགས་ཐོན་ཁུངས་ལྟེ་གནས་འཛུགས་པའི་ཉིན་མོ་དེར་བཤད་རྒྱུར། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས2015ལོ་ནས་བཟུང་བོད་ཡིག་གནའ་དཔེ་ཡིག་ཚགས་བསྡུ་ཉར་དང་ལེགས་སྒྲིག་སྐོར་གྱི་བྱ་བ་སྤེལ་འགོ་བརྩམས་ཤིང་། དེས་བོད་ཡིག་ཡིག་ཚགས་ཐོན་ཁུངས་ལྟེ་གནས་འཛུགས་པར་རྨང་གཞི་བརྟན་པོ་བཏིངས་ཡོད་དེ། མིག་སྔར་པེ་ཅིན་དང་། བོད་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་བོད་ཁུལ་གྱི་བོད་ཡིག་གནའ་དཔེ་ཡིག་ཚགས་དེབ40000ལྷག་བསྡུ་ཉར་བྱས་ཡོད་ཟེར།



  དེའི་ཁྲོད། ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་གའི་གནའ་དཔེ་དཀར་ཆག་སྐོར་ཞིག་ལ་ཐོག་མར་ལེགས་སྒྲིག་བྱས་ཏེ། དེའི་ནང་གི་ཡིག་ཚགས་སྐོར་ཞིག་ནི་བཀའ་བདམས་པ་དང་། བཀའ་བརྒྱུད་པ། ཞི་གཅོད་པ་སོགས་དུས་སྔ་མའི་དཔེ་ཆ་ཆིག་རྐྱང་གི་ཡིག་ཆ་རེད། དཀར་ཆག་གི་ནང་དོན་ལ་མདོ་སྔགས་ཀྱི་ཆོས་ལུགས་ཡིག་ཆ་དང་། ལོ་རྒྱུས། རྣམ་ཐར། བརྡ་སྤྲོད། རྩོམ་རིག གསོ་རིག སྐར་རྩིས་སོགས་ཁྱབ་ཁོངས་མང་པོ་འདུས་ཤིང་། དེ་དག་ནི《བཀའ་བསྟན་འགྱུར》གྱི་ཡིག་ཆའི་ནང་དོན་ཁྲོད་ཟིན་ཐོ་བཀོད་མེད་པའི་ཡིག་ཚགས་ཡིན།

  ཨན་ཆི་དབྱི་ཡིས་བཤད་རྒྱུར། གཞི་གྲངས་ལྟེ་གནས་བཙུགས་རྗེས། ཐོན་ཁུངས་སྔར་ལས་ལྷག་པར་ཧྲག་བསྡུ་བྱས་ཏེ། བོད་ཡིག་ཡིག་ཆ་བསྡུ་ཉར་ལེགས་སྒྲིག་དང་རྩོམ་སྒྲིག ཞིབ་འཇུག གསར་སྤེལ་བེད་སྤྱོད་བྱ་བ་བཅས་ཧུར་ཐག་གིས་སྤེལ་ཏེ། གཞི་གྲངས་ཆེན་མོའི་སྔོན་ཐོན་ལག་རྩལ་གྱི་ཡིག་གཏག་དང་ཡིག་ཚགས་བཟོས་ནས། གསོག་ཉར་དང་སྲུང་སྐྱོང་། འདྲི་རྟོག བེད་སྤྱོད་མ་ལག་འཐུས་ཚང་དུ་བཙུགས་ནས་རིམ་བཞིན་རང་རྒྱལ་གྱི་གཞི་ཁྱོན་དང་དབང་གྲགས་ཆེས་ཆེ་བའི་བོད་ཡིག་ཡིག་ཚགས་ཐོན་ཁུངས་གཞི་གྲངས་ལྟེ་གནས་ཤིག་འཛུགས་རྒྱུ་ཡིན་ཟེར།

ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།

  རྩོམ་སྒྲིག་པ། པད་མ།