སྒྲུང་པའི་ངག་རྒྱུན་ལས་འཁྲུངས་པའི་དམག་འཁྲུག་གི་འཇིག་རྟེན།
སྤེལ་བའི་དུས་ཚོད། : 2017-08-18 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དབྱར་གཞུང་གི་རྩྭ་ཐང་ནི་གསོན་ཤུགས་ལྷག་པར་རྒྱས་ཤིང་།མཉེན་པའི་རྩྭ་ཡི་མྱུ་གུ་འབུས་ནས་ས་གཞི་སྔོ་ལྗང་དུ་གྱུར་བ་ལ། སྣ་ཚོགས་མེ་ཏོག་རྣམ་པར་བཀྲ་བར་བཞད། གཡང་དཀར་ལུག་གི་ཁྱུ་ཚོགས་ཅི་དགར་རྩྭ་ཆུ་གང་བཟང་དུ་རྒྱུ་ཞིང་རྩྭ་ཐང་པང་དུ་བདེ་བར་གནས། ནག་ནོག་ནོར་གྱི་ཚོགས་རྣམས་འཕག་མཆོང་རྒྱག་ཅིང་དབྱར་གཞུང་གི་བདེ་སྐྱིད་དཔལ་ལ་སྤྱོད། དེ་ལས་ཀྱང་མི་རྣམས་ཀྱི་ཡིད་དབང་འཕྲོག་པ་ནི་རྩྭ་ཐང་ནས་གྲགས་པའི་གླིང་སྒྲུང་འཆད་གྱེར་གྱི་དཔའ་བོའི་རྟོགས་བརྗོད་དེ་ཡིན།

ཚེ་རིང་དགྲ་འདུལ་ལགས་ཀྱིས་གླིང་སྒྲུང་འཁྲབ་གྱེར་གནང་བཞིན་པ།

 

གླིང་སྒྲུང་སྒྱུ་རྩལ་གྱི་རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ་སྒྲུང་མཁན་ཚེ་རིང་དགྲ་འདུལ་ལགས་ཀྱིས་མགོ་བོར་རྒོད་སྒྲོ་རྐང་གཅིག་བསྒར་བའི་རྒྱལ་ཞྭ་ཞིག་གྱོན་པ་དང་། གཟུགས་པོའི་རྒྱབ་ཏུ་ཚོན་མདོག་དམར་པོ་དང་། སྔོན་པོ། དཀར་པོ། ལྗང་གུ སེར་པོ་སོགས་ཀྱི་དར་ཁྲུ་བཏགས་ནས་བྱང་རྩྭ་ཐང་གི་ལྟེ་བའི་གྲོང་རྡལ་ནག་ཆུ་གྲོང་རྡལ་གྱི་སྒྲུང་ཁང་ཞིག་ནང་མི་རྣམས་ལ་འཛམ་གླིང་ཐོག་གི་ལོ་རྒྱུས་བྱུང་བ་བརྗོད་པའི་སྙན་རྩོམ་རིང་གྲས་གླིང་སྒྲུང་འཆད་གྱེར་གནང་བཞིན་ཡོད། སྐྱེས་པ་དར་མ་དེ་གླིང་སྒྲུང་འཆད་གྱེར་ལ་དབྱིངས་སུ་ཞུགས་ནས་མགོ་བོ་གཡས་གཡོན་ལ་གཡུགས་པ་དང་། དར་ཁྲུ་དེ་དག་ཁོང་གི་གླིང་སྒྲུང་འཆད་གྱེར་གྱི་ནང་དོན་དང་བསྟུན་ནས་གཡོ་བཞིན་གདའ། སྒྲུང་འཆད་གྱེར་བྱེད་པའི་སྐབས་སུ་ཚེ་རིང་དགྲ་འདུལ་ལགས་ཡུལ་དུས་ཀྱི་བཀག་རྒྱ་ལས་གྲོལ་ཏེ་གནའ་བོའི་གླིང་གི་ས་གཞི་ཆེན་མོ་དེར་འབྱོར་ནས་དམག་འཁྲུག་ནང་ཞུགས་པའི་དཔའ་རྟུལ་ཞིག་དང་འདྲ་བར། མིག་གཉིས་ནས་སྐབས་རེ་ཁྲོ་བ་དང་། སྐབས་རེ་ངར་བ། སྐབས་རེ་རྒྱལ་བ་ལ་སོགས་པའི་རྣམ་འགྱུར་ལས་མི་རྣམས་ལ་བབ་ཆགས་བཟང་པོ་བཞག་ཡོད།

རྩྭ་ཐང་ཐོག་གླིང་སྒྲུང་འཁྲབ་གྱེར་བྱེད་བཞིན་པ།

 

ཚེ་རིང་དགྲ་འདུལ་ལགས་ནི་སྒྲུང་པའི་ཕ་སར་གྲགས་པའི་བོད་བྱང་ཐང་ནག་ཆུ་ས་ཁུལ་དུ་འཁྲུངས་ཤིང་། ཆུང་དུས་ནས་གླིང་སྒྲུང་གི་ངོ་མཚར་འཇིག་རྟེན་དུ་འཚར་ལོངས་བྱུང་ཡོད། ལྷག་པར་ཁོང་གི་ཕ་དང་། ཨ་མྱེས་ཡང་གཏམ་དང་ཤགས་ལ་མཁས་ཤིང་། གླིང་སྒྲུང་ཤོད་རྒྱུར་དགའ་བའི་སྒྲུང་མཁན་ཡིན་པས། ཁོ་རང་སྒྲུང་རྒྱུད་ཅིག་ཏུ་ངོས་འཛིན་བྱེད་པ་དང་། དེའི་ཐོག རང་ལོ་བཅུ་གསུམ་གྱི་སྒང་ལ་སྒྲུང་བབ་ནས་བབ་སྒྲུང་པ་ཞིག་ཏུ་གྱུར་ཡོད། མི་ལོ་བཞི་བཅུ་ལྷག་ཙམ་གླིང་སྒྲུང་འཆད་གྱེར་བྱེད་པའི་ནང་ཚེ་རིང་དགྲ་འདུལ་ལགས་ཀྱིས་གླིང་སྒྲུང་གི་གྲུབ་ཆར་ཉམས་ཞིབ་གཏིང་ཟབ་དང་། མི་སྣའི་ཁྱད་ཆོས་ཁོང་དུ་ཆུད་པ། ཡུལ་གོམས་གཤིས་ལུགས་མི་འདྲ་བར་རྒྱུས་མངའ་བཅས་བྱས་ནས་གླིང་སྒྲུང་འཆད་གྱེར་གྱི་ཆུ་ཚད་རྒྱུན་མཐུད་གོང་མཐོར་བཏང་བ་མ་ཟད། མང་ཚོགས་ཀྱིས་གོ་བདེ་ལ་ཉན་སྤྲོ་བའི་ཕལ་སྐད་ཀྱི་གླིང་སྒྲུང་ཤོད་སྟངས་ཤིག་འཚོལ་ཞིབ་བྱས་ཡོད།

ས་གཞིའི་འབུ་ལ་འབུ་རོགས་དགོས། ནམ་མཁའི་བྱ་ལ་བྱ་རོགས་དགོས། བར་མ་མི་ལ་ཚེ་རོགས་དགོས་ཞེས་ཚེ་རིང་དགྲ་འདུལ་ལགས་ཀྱིས་སྒྲུང་གི་ནང་དོན་མཚོན་རྒྱུར་དོན་སྙིང་ཆེན་པོ་ལྡན་པའི་གླུ་དག་སྙིང་པོ་བསྡུས་ནས་ཧོར་གུར་དཀར་རྒྱལ་པོར་མནའ་མ་ལེན་རྒྱུའི་སྐོར་གྲོས་བྱས་པ་དེ་སྒྲུང་གཏམ་གྱི་རྣམ་པའི་ཐོག་ནས་ཤོད་སྐབས་དེ་ནི་གོ་བདེ་བ་དང་། བརྒྱུད་རིམ་འཁྲུག་ཆ་དོད་པ། སྒྲུང་གི་འཕེལ་རིམ་གསལ་བ་སོགས་ལས་གསར་འགོད་པའི་སྒྲུང་ཉན་འདོད་ཀྱི་དང་བ་ཕྱེ་ཡོད། སྒྲུང་པ་ཁོང་གིས་གླིང་སྒྲུང་གི་སྒྲུང་སྣ་གང་དེའི་འཁྲུག་པའི་རྩ་བ་དང་། འཁྲུག་པའི་བརྒྱུད་རིམ། མཐའ་མའི་རྒྱལ་ཕམ་སོགས་བློ་ཡི་ངོས་སུ་གསལ་པོར་བཀོད་ནས་ད་གཟོད་རྒྱས་བསྡུས་འབྲིང་གསུམ་གང་ཞིག་གི་ཐོག་ནས་འཆད་གྱེར་བྱེད་པའི་རྩལ་ཞིག་ཁོང་དུ་ཡོད་པ་དང་། འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་ཚུད་པའི་བོད་ཀྱི་རྩ་ཆེའི་རིག་གནས་དེ་བོད་ཀྱི་ཡུལ་གྲུ་ཁག་ཙམ་མ་ཟད་འཛམ་གླིང་ས་ཕྱོགས་ཁག་ཏུ་སྤེལ་བའི་སྤོབས་པ་ཞིག་ལས་སྒྲུང་གཏམ་གྱི་རྣམ་པའི་ཐོག་ནས་བཤད་ཡོད།
དེ་ཡང་ཐོག་མར་ཚེ་རིང་དགྲ་འདུལ་ལགས་འབྲོག་སར་རྒན་རྒོན་ཚོ་དང་མཉམ་དུ་སྡོད་པའི་ཚེ་རང་ཉིད་ཀྱི་ཤེས་པའི་གླིང་སྒྲུང་བཤད་ནས་ཁོང་ཚོར་དགའ་སྣང་ཞིག་ཡོང་བའི་འདུན་པ་བཅངས་པ་དང་། ཉིན་ཞིག་ཁོང་གིས་གཏམ་རྒྱུད་ཀྱི་རྣམ་པའི་ཐོག་ནས་གླིང་སྒྲུང་གི་ནང་དོན་ཤོད་པའི་སྐབས་དེར་འདུས་སྐྱེ་བོ་ཡོངས་ཀྱི་བློ་ཡིད་ཡོངས་སུ་བཀུག་ནས་ཚང་མས་མུ་མཐུད་གླིང་སྒྲུང་ཉན་འདོད་ཀྱི་རེ་བ་ལྟར་མཚན་གང་གླིང་སྒྲུང་གི་འཇིག་རྟེན་ལས་མི་རྣམས་ལ་ངོ་མཚར་གྱི་སྟོན་མོ་ཞིག་བཤམས་པ་དང་། ཁོང་ལ་གླིང་སྒྲུང་གི་ནང་དོན་སྔར་བས་གཏིང་ཟབ་པ་རྟོགས་པ་བྱ་རྒྱུའི་ཐད་བསམ་གཞིགས་ཤིག་བྱུང་ཡོད།

འདི་ག་ལས་ཁུངས་ཀྱིས་གསར་འགོད་པས་ཚེ་རིང་དགྲ་འདུལ་ལགས་ལ་བཅར་འདྲི་བྱེད་བཞིན་པ།

 

ལྷག་པར་དུ་སྲོལ་རྒྱུན་གྱི་གླིང་སྒྲུང་ཤོད་སྟངས་དེ་དེང་སྐབས་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་དང་མི་མཐུན་པས་གླིང་སྒྲུང་ཤོད་སྟངས་ཐད་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱ་རྒྱུ་དེ་དགོས་གལ་ཆེ་བར་སྣང་། ཚེ་རིང་དགྲ་འདུལ་ལགས་ཀྱིས་སྲོལ་རྒྱུན་གྱི་གླིང་སྒྲུང་འཆད་གྱེར་བྱེད་སྟངས་ཐོག་ནས་སྟག་གཟིག་ནོར་རྫོང་སྒྲ་འཇུག་བྱས་པར་སྟག་གཟིག་ནོར་རྫོང་ཆགས་པ་ནས་སྟག་གཟིག་རྒྱལ་པོར་མནའ་མ་ལེན་པའི་བར་གྱི་དུམ་བུ་དེ་ཆུ་ཚོད་ལྔ་བཅུ་ཙམ་སྒྲ་འཇུག་བྱས་ཡོད་པ་དང་། དེ་ནི་སྒྲུང་དེའི་སྔོན་འགྲོ་ཙམ་ཞིག་ཡིན་ཞིང་། སྒྲུང་ཧྲིལ་པོར་ཆུ་ཚོད་ཇི་ཙམ་དགོས་པ་ནི་གསལ་པོ་ཞིག་ཡིན། གལ་ཏེ་གཏམ་རྒྱུད་ཀྱི་རྣམ་པའི་ཐོག་ནས་བཤད་ཚེ་སྟག་གཟིག་ནོར་རྫོང་ཆ་ཚང་ཆུ་ཚོད་གསུམ་ཙམ་ནང་བཤད་ཐུབ་ཀྱི་ཡོད་པ་རེད། དེ་ནི་ཚེ་རིང་དགྲ་འདུལ་ལགས་ཀྱིས་སྲོལ་རྒྱུན་གྱི་འཆད་གྱེར་བྱེད་སྟངས་དང་། གཏམ་རྒྱུད་ཀྱི་རྣམ་པ་གཉིས་བསྡུར་བ་བྱས་པའི་ཐད་ཀའི་མངོན་ཚུལ་ཞིག་རེད།

ཚེ་རིང་དགྲ་འདུལ་ལགས་ཀྱིས་གཏམ་རྒྱུད་རྣམ་པའི་གླིང་སྒྲུང་ཤོད་སྟངས་དེ་ནི་ཚིག་རྒྱན་དང་། དཔེར་བརྗོད་མང་པོ་ཞིག་བསྡུས་ཡོད་པས་གླིང་སྒྲུང་གི་བརྗོད་དོན་གཙོ་བོ་མཚོན་པའི་དོན་གྱི་མདོ་ཁ་གསལ་བས་འཛམ་གླིང་མིའི་རིགས་ཀྱི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་གི་ངོ་མཚར་དེ་བས་རྒྱ་ཆེ་བའི་ས་ཁོངས་སུ་དར་ཁྱབ་ཡོང་རྒྱུ་དང་། རྒྱལ་ཁབ་དང་མི་རིགས་མི་འདྲ་བའི་མི་རྣམས་ནས་མཚོ་བོད་ས་མཐོ་ནས་དར་ཞིང་རྒྱུན་འཛིན་བྱས་པའི་ལོ་རྒྱུས་སྙན་རྩོམ་རིང་མོའི་ཁྱད་འཕགས་ལོངས་སྤྱོད་ཐུབ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་ཡིན་ལ། སྒྲུང་པའི་ཕ་སར་གྲགས་པའི་བོད་ལྗོངས་ནག་ཆུའི་སྒྲུང་པ་ཚོར་རང་ཉིད་ཀྱི་ཧང་སངས་དགོས་པའི་དྲན་ཤེས་དང་། བྱང་ཆུབ་པའི་འཆད་གྱེར་སྒྱུ་རྩལ་རྒྱལ་སྤྱིའི་གར་སྟེགས་སུ་ངོམས་པའི་གོ་སྐབས་ཤིག་གཏོད་ཐུབ་རྒྱུ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
གསར་འགོད་པ། བསྟན་འཛིན།