སྐད་གཉིས་ཟེར་བའི་མགྲོན་པོ་དེ། མཛེས་སེ།
སྤེལ་བའི་དུས་ཚོད། : 2017-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྐད་གཉིས་ཟེར་བའི་མགྲོན་པོ་དེ།

མཛེས་སེ།

 སྤྱི་ལོ༢༠༡༧ཟླ༧ཚེས༧ཉིན།གཟའ་པ་སངས།

 ཕྱི་དྲོའི་ཆུ་ཚོད་ལྔ་ཙམ་ལ་ང་རང་ཟི་ལིང་ནས་ཆབ་ཆ་རུ་འབྱོར།

 དགོང་དྲོའི་ཆུ་ཚོད་བདུན་ལ་སླེབས་རྗེས།ང་རང་གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་པོའི་ཕྱོགས་སུ་ཆས་ཏེ།སློབ་གྲྭ་དེ་གར་སློབ་གཉེར་བྱེད་བཞིན་པའི་རང་གི་བུ་ཆུང་ལེན་དུ་སོང་བ་ཡིན།

 དགོང་དྲོའི་ཆུ་ཚོད་བརྒྱད་ཀྱི་མཚམས་སུ་སློབ་གྲྭ་གྲོལ་བ་དང་།ཆབ་ཆ་གྲོང་རྡལ་དུ་ཁྱིམ་ཡོད་པའི་སློབ་ཕྲུག་རྣམས་སོ་སོའི་ཁྱིམ་དུ་ལོག་གིན་འདུག

 ངས་བུ་ཆུང་ཁྲིད་ཅིང་ཤམ་བྷ་ལའི་ཐང་ཆེན་ཞེས་འབོད་པའི་བཟོ་བཀོད་གསར་བ་དེའི་ལོགས་ནས་འགྲོ་སྐབས།ལྭ་བའི་རྒྱབ་ཏུ་སློབ་གྲྭའི་མིང་ཡིག་དཔར་ཡོད་པའི་སློབ་ཕྲུག་ཕོ་མོ་ལྔ་དྲུག་ཙམ་གྱིས་ཕན་ཚུན་རྒྱ་སྐད་སྨྲ་བཞིན་ངེད་ཕ་བུ་གཉིས་ཀྱི་གམ་ནས་མགྱོགས་པོར་སྔོན་ལ་བསྙེགས་སོང་།

 ངས་བུ་ཆུང་ལ།བྱིས་པ་འདི་དག་ནི་ཁྱོད་དང་འཛིན་གྲྭ་གཅིག་གི་སློབ་གྲོགས་ཨེ་རེད་ཅེས་དྲིས་པ་ན།བུ་ཆུང་གིས།ཁོ་ཚོ་ནི་སློབ་རིམ་ལྔ་བའི་ཡིན་པ་དང་།སང་ལོའི་ད་མཚམས་སློབ་མཐར་ཕྱིན་དགོས་པ་རེད་ཅེས་ལན་བཏབ་སོང་།

 ཡང་ངས་བུ་ཆུང་ལ།ཁྱོད་ཚོའི་སློབ་གྲྭ་ནི་བོད་རིགས་སློབ་མས་བོད་ཀྱི་སྐད་ཡིག་སྦྱོང་ས་ཡིན་པས།སློབ་གྲོགས་ཕན་ཚུན་བར་རྒྱ་སྐད་བཤད་ན་དགེ་རྒན་གྱིས་སྐྱོན་དུ་མི་འཛིན་ནམ་ཞེས་དྲིས།བུ་ཆུང་ན་རེ།བོད་ཡིག་དགེ་རྒན་གྱིས་ང་ཚོར་བོད་སྐད་ཤོད་ཟེར།རྒྱ་ཡིག་དང་རྩིས་རིག་དགེ་རྒན་སོགས་ཀྱིས་ང་ཚོས་སྐད་རིགས་གང་ཞིག་བཤད་ཀྱང་ཁ་ཡ་མི་བྱེད་ཅེས་བརྗོད་བྱུང་།

 ངས་བུ་ཆུང་ལ།འོ་ན་ཁྱོད་དང་སློབ་གྲོགས་གཞན་ཚང་མས་སློབ་གྲྭའི་ནང་དུ་རྒྱ་སྐད་བཤད་ཀྱིན་ཡོད་དམ་ཞེས་དྲིས་པར།ཁོས་ངའི་གདོང་ལ་ལྟ་ཙམ་བྱས་ཤིང་།ཅུང་ཙམ་དོགས་པའི་ཉམས་ཀྱིས་བཤད་རྒྱུར།རོང་བ་དང་འབྲོག་པའི་བྱིས་པ་རྣམས་ཀྱིས་བོད་སྐད་དང་།ཆབ་ཆའི་བྱིས་པ་ཚོས་རྒྱ་སྐད་བཤད་ཀྱིན་ཡོད་པ་རེད་ཅེས་ལན་དུ་སྨྲས།

 ང་རང་ཡར་སྔོན་ཆབ་ཆ་རུ་ལོ་མང་བོར་བསྡད་མྱོང་བས།གྲོང་རྡལ་འདིའི་མི་རིགས་སློབ་གསོའི་གནས་སྟངས་ལ་ཆ་རྒྱུས་ཉུང་ངུ་ཡོད་དེ།སྔོན་ཆད་གྲོང་རྡལ་འདི་ལ་ཕལ་བའི་སློབ་ཆུང་གསུམ་དང་བྱིས་སྐྱོང་ཁང་དུ་མ་ཡོད་མོད།བོད་ཡིག་ཁྲིད་པའི་མི་རིགས་སློབ་ཆུང་གཅིག་ལས་མེད་ལ་བྱིས་སྐྱོང་ཁང་ནི་ཉིན་སྐར་ཙམ།ད་ལྟ་མི་རིགས་བཅའ་སྡོད་སློབ་ཆུང་གསུམ་བཙུགས་ཡོད་པ་ནི་གཞི་རིམ་རོང་འབྲོག་ས་ཁུལ་གྱི་སློབ་ཆུང་བཅུ་ཕྲག་ལྷག་ཙམ་མེད་པར་བཟོས་པའི་དྲིན་གྱིས་རེད།ཡིན་ནའང་བྱིས་སྐྱོང་ཁང་ནི་སྔར་བཞིན་མིང་དོན་མཚུངས་པའི་སྐད་གཉིས་སློབ་གསོའི་ལམ་ལུགས་ཅན་ཞིག་མེད་ཅེས་ཐོས།

 གྲོང་རྡལ་འདིའི་བོད་རིགས་བྱིས་པ་ཚོས་བྱིས་སྐྱོང་ཁང་དུ་རྒྱའི་སྐད་དང་ཡི་གེ་སྦྱངས་རྗེས།རྒྱུ་འབྲས་ལ་བཀུར་བརྩི་དང་རང་གི་རིག་གནས་ལ་དུངས་པ་ཡོད་པའི་ཕ་མ་བཟང་བོ་སྐོར་ཞིག་གིས་བུ་ཕྲུག་དེ་མི་རིགས་སློབ་ཆུང་དུ་འཇུག་གིན་ཡོད་མོད།བྱིས་པ་ཚོས་ཕ་སྐད་བཤད་པའི་གནས་སྟངས་ནི་གོང་དུ་བརྗོད་པ་དེ་ལྟ་བུའི་སྐྱོ་བོ་ཞིག་ཆགས་འདུག

 དེ་རིང་སྟེ་སྤྱི་ལོ༢༠༡༧ཟླ༧ཚེས༨ཉིན།གཟའ་སྤེན་པ།ཆབ་ཆ་རུ་ཉིན་ཧྲིལ་བོར་ཆར་བ་འབྲིང་ཙམ་བབས་སོང་།ང་རང་ཁྱིམ་གྱི་སྒེའུ་ཁུང་འགྲམ་དུ་བསྡད་ཅིང་ཁ་པར་ལས་འཕྲིན་ཕྲན་ལ་ལྟ་སྐབས།ཁྲི་ཀ་རྫོང་དུ་ཨ་མའི་ནོར་བུ་སྐད་གཉིས་བྱིས་སྐྱོང་གླིང་ཞེས་པའི་གཞུང་གིས་བཙུགས་ཤིང་དམངས་ཀྱིས་གཉེར་བའི་སྐད་གཉིས་བྱིས་སྐྱོང་ཁང་ཐོག་མ་དེ་རྫོང་མཁར་ནས་གསར་དུ་བརྙེས་ཚུལ་དྲ་ལམ་དུ་ཁྱབ་ཡོད་པ་མགོ་ནས་མཇུག་བར་ཐེངས་གཅིག་བཀླགས་པས།ངས་རང་སེམས་གསོ་བྱེད་ཀྱི་གཏམ་བཟང་དུ་མཐོང་།བྱིས་སྐྱོང་ཁང་འདིས་ཁྲི་ཀ་རྫོང་མཁར་གྱི་བོད་རིགས་མང་ཚོགས་ཀྱི་བུ་བུ་མོས་སྔོན་འགྲོའི་སློབ་གསོ་མྱོང་སྐབས་སུ།ཕ་སྐད་གཙང་མ་དང་གོམས་སྲོལ་ཡག་པོ་ལོབ་ཏུ་འཇུག་རྒྱུ་དེ་དམིགས་ཡུལ་གཙོ་བོར་འཛིན་ནོ་ཞེས་བསྒྲགས་འདུག་པ་ནི་དངོས་གནས་གསེར་དང་དངུལ་གྱིས་ཁུག་པར་དཀའ་བའི་ཀུན་སློང་བཟང་བོ་རེད་ཅེས་ང་ཡིས་སྐད་ཆེན་པོས་བརྗོད་སྤོབས།རྒྱུ་མཚན་ནི་ཁྲི་ཀ་རྫོང་མཁར་གྱི་མི་རིགས་སློབ་གསོའི་གནས་སྟངས་དེ་ཆབ་ཆ་གྲོང་རྡལ་ལས་ཀྱང་ཤིན་ཏུ་སྡུག་ཅིང་ཉམ་ང་བ་ཞིག་ཡིན་པས་སོོ།།

 བོད་ཀྱི་ས་ཆ་སོ་སོའི་སློབ་གསོའི་གནས་སྟངས་ལ་གཞིགས་ཚེ།ད་ལྟ་བོད་རིགས་རང་སྐྱོང་ས་ཁུལ་གྱི་རོང་བའི་གྲོང་ཚོ་དང་འབྲོག་པའི་རུ་སྡེའི་སློབ་ཆུང་དང་བྱིས་སྐྱོང་ཁང་ཕལ་ཆེ་བར་རྣམ་པ་དང་ངོ་བོ་འདྲ་མིན་སྣ་ཚོགས་ཀྱི་སྐད་གཉིས་སློབ་གསོ་ཟེར་བ་སྒྲུབ་ཀྱིན་ཡོད།འོན་ཏེ་བོད་ཡུལ་གྱི་གྲོང་ཁྱེར་རམ་གྲོང་རྡལ་མང་ཤས་དང་།མི་རིགས་མང་བོ་འདྲེས་ནས་སྡོད་པའི་ས་ཆ་ཡོངས་སུ་ཐ་ན་སྐད་གཉིས་སློབ་གསོའི་དྲི་མའང་བསྣམ་རྒྱུ་མེད་པར་ལུས་བསྡད་ཡོད་ཕྱིར།དེ་རྣམས་ཀྱི་སྔོན་འགྲོའི་སློབ་གསོ་དང་སློབ་ཆུང་གི་སློབ་གསོ་སྐད་གཉིས་ཀྱི་ལམ་དུ་འཇུག་ཐུབ་ཚེ།འདིའང་ང་ཚོས་རྒྱུན་དུ་རྣ་ཡིས་ཉན་ཞིང་ཁ་ནས་གླེང་བཞིན་པའི་ཀྲུང་གོའི་འདུན་མ་ཟེར་བ་དེའི་ལེའུ་ཞིག་ཅི་ལ་མིན།

༢༠༡༧ལོའི་ཟླ༧ཚེས༨ཉིན་ཕྱི་དྲོར་ཆབ་ཆ་ནས་བྲིས།