པེ་ཅིང་དུ་སྙན་ངག་མེ་ལོང་སྐོར་གྱི་དཔྱད་གླེང་ཚོགས་འདུ་བསྡུས་པ།
སྤེལ་བའི་དུས་ཚོད། : 2017-06-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 

 སྤྱི་ལོ་༢༠༡༧ལོའི་ཟླ་༦ཚེས་༡༠ཉིན་པེ་ཅིང་གི་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་སྙན་ངག་མེ་ལོང་སྐོར་གྱི་དཔྱད་གླེང་ཚོགས་འདུ་བསྡུས། རེབ་འདིའི་ཚོགས་འདུར་གོ་ཤུལ་གྲགས་པ་འབྱུང་གནས་དང་། སྔོ་དེའུ་སྒོམ་པ་བཀྲ་ཤིས། མཁན་པོ་འཇམ་བློ། བདུད་ལྷ་རྒྱལ། བྱམས་པ། མོག་ཆུང་ཕུར་ཁོ། འཇིགས་མེད་བསམ་གྲུབ། སྐལ་བཟང་དར་རྒྱས། ལྕགས་རྡོར་རྒྱལ། དཀོན་མཆོག་བཀྲ་ཤིས། བཙུན་པོ་དོན་གྲུབ་སོགས་སློབ་གྲྭ་ཆེན་མོ་ཁག་གི་དགེ་རྒན་དང་། ལས་གནས་སོ་སོའི་ཞིབ་འཇུག་པ། སློབ་གཉེར་བ་བཅས་མི་གྲངས་བརྒྱ་ཕྲག་ཁ་ཤས་ཞུགས།

གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་གསུང་བཤད་གནང་བཞིན་པ།

བདུད་ལྷ་རྒྱལ་གྱིས་གསུང་བཤད་གནང་བཞིན་པ། 

ཨོ་རྒྱན་གྱིས་གསུང་བཤད་གནང་བཞིན་པ།

བྱམས་ཕྲུག་བནྡེ་མཁར་གྱིས་ཚོགས་འདུའི་ལས་རིམ་ངོ་སྤྲོད་གནང་བ། 

བཙུན་པོ་དོན་གྲུབ་ཀྱིས་གསུང་བཤད་གནང་བཞིན་པ།

ལྡོང་བུའམ་ལྕགས་རྡོར་རྒྱལ་གྱིས་གསུང་བཤད་གནང་བཞིན་པ།

ཚོགས་ར།

 ཉིན་འདིའི་ཞོགས་པའི་ཆུ་ཚོད་བརྒྱད་པར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་བནྡེ་མཁར་གྱིས་ཚོགས་འདིའི་ལས་རིམ་ཆ་ཚང་ངོ་སྤྲད་ཅིང་། དེའི་རྗེས་སུ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་གླིང་གཙོ་བཀྲ་བྷ་ལགས་ནས་དབུ་འབྱེད་མཛད་སྒོའི་གཏམ་བཤད་གནང་། དེར་མཐུད་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གོ་ཤུལ་གྲགས་པ་འབྱུང་གནས་ནས་བོད་ལ་སྙན་ངག་མེ་ལོང་མ་དར་གོང་གི་རྩོམ་ལུས་ཀྱི་རྣམ་པ་རགས་ཙམ་གླེང་བ་ཞེས་པ་དང་། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སྔོ་དེའུ་སྒོམ་པ་བཀྲ་ཤིས་ནས་བོད་ཀྱི་སྙན་ངག་གི་ལུས་གསར་དུ་བརྟག་པ་ཞེས་པ་དང་། སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་མཁན་པོ་འཇམ་བློ་ནས་སྙན་ངག་མེ་ལོང་རྩ་འགྲེལ་ཕྱོགས་བསྒྲིགས་ཀྱི་ངོ་སྤྲོད་ཅེས་པ་དང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་ནས་སྙན་ངག་མེ་ལོང་དང་བོད་ཀྱི་ཚིག་རྒྱན་སྙན་ངག་ཅེས་པ་དང་། མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་འགྱུར་ཞུས་པ་ཨོ་རྒྱན་ནས་སྙན་ངག་མེ་ལོང་ཇི་ལྟར་བརྩམས་ཚུལ་ལ་དཔྱད་པ་ཞེས་པ་དང་། ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གི་ཞིབ་འཇུག་པ་གཞོན་པ་བྱམས་པ་ནས་སྙན་འགྲེལ་འགའི་པར་གཞིའི་བྱུང་བ་ཞེས་པའི་ཁ་བྱང་གི་ཐོག་ནས། ཁོང་རྣམ་པས་རང་རང་གི་སྙན་ངག་མེ་ལོང་ལ་བཟུང་བའི་ལྟ་ཚུལ་དང་ཞིབ་འཇུག་གི་འབྲས་བུ་སོགས་སྙན་ཞུ་ཕུལ།

 ཉིན་འདིའི་ཕྱི་དྲོའི་ཆུ་ཚོད་གཉིས་པ་ནས་གསུམ་དང་ཕྱེད་ཀའི་བར། ཚོགས་ཞུགས་པ་ཡོངས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རིག་གནས་ཐོག་ཁང་གི་ཤར་ཁུལ་གྱི་ཚོགས་ཁང་༡༢༠༥རུ་ཞལ་འཛོམས་ཤིང་། ཅོག་ཙེ་སྒོར་མོ་དཀྱིལ་ལ་བཟུང་ནས་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་ཞུས་པ་མོག་ཆུང་ཕུར་ཁོ་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་གཞོན་པ་འཇིགས་མེད་བསམ་འགྲུབ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་སྐལ་བཟང་དར་རྒྱས་གསུམ་གྱི་དབུ་འཛིན་གཏམ་བཤད་དང་སྦྲགས་ཚོགས་ཞུགས་པ་ཡོངས་ནས་སྙན་ངག་མེ་ལོང་གཙོས་པའི་བོད་ཀྱི་རྩོམ་རིག་སོགས་བརྗོད་གཞི་མི་འདྲ་བ་སྣ་མང་ཐད་སོ་སོའི་འདོད་ཚུལ་ལྷུག་པར་བཤད།

 ཕྱི་དྲོའི་ཆུ་ཚོད་བཞི་བར་ཚོགས་ཞུགས་པ་ཡོངས་ཡང་བསྐྱར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རིག་གནས་ཐོག་ཁང་གི་ནུབ་ཀྱི་སྙན་ཞུ་ཁང་དུ་འཛོམས་ཤིང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་ཞིབ་འཇུག་གླིང་གི་འབུམ་རམས་པ་ལྕགས་རྡོར་རྒྱལ་ནས་སྙན་ངག་མེ་ལོང་ནང་གི་དོན་བརྗོད་རིག་པ་ཞེས་པ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རབ་འབྱམས་སློབ་མ་དཀོན་མཆོག་བཀྲ་ཤིས་ནས་སྙན་ངག་མེ་ལོང་གི་ལུས་ལ་དཔྱད་པ་ཞེས་པའི་ཁ་བྱང་གི་ཐོག་ནས་སོ་སོའི་ཞིབ་འཇུག་གི་འབྲས་བུ་སྙན་ཞུ་ཕུལ། དེའི་འཕྲོར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་བཙུན་པོ་དོན་འགྲུབ་ནས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་ཀྱི་རྩོམ་རིག་ཞིབ་འཇུག་སྐོར་གྱི་གནས་ཚུལ་ཞེས་པའི་ཁ་བྱང་གི་ཐོག་ནས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་ཀྱི་རྩོམ་རིག་ཞིབ་འཇུག་གི་གནས་ཚུལ་ཚོགས་ཞུགས་པར་ངོ་སྤྲད།

 ཕྱི་དྲོའི་ཆུ་ཚོད་ལྔ་པར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་བནྡེ་མཁར་གྱིས་ཚོགས་འདུའི་གཙོ་སྐྱོང་བའི་ངོས་ནས་གཏམ་བཤད་ཅིང་། ཞོར་ལ་རང་ཉིད་སྙན་ངག་མེ་ལོང་ལ་སློབ་སྦྱོང་དང་ཞིབ་འཇུག་གི་ལས་ལ་ཞུགས་ཚུལ་གྱི་ལམ་གྱི་རིམ་པ་མདོར་བསྡུས་ནས་བཤད་ཅིང་། ཚོགས་བསྡུ་མཇུག་རྫོགས་པའི་གཏམ་དང་བཅས་ཏེ་སྙན་ངག་མེ་ལོང་སྐོར་གྱི་དཔྱད་གླེང་ཚོགས་འདུ་ཡོངས་སུ་མཇུག་གྲིལ་བར་བྱས།

ཡོང་ཁུངས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ།