འཇམ་དར་ལགས་ཀྱིས་པ་བའི་སྦྱོར་སྟངས་འགའ་གླེང་བ།
སྤེལ་བའི་དུས་ཚོད། : 2017-05-01 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

བོད་ཀྱི་ལོ་ཙཱ་བ་འཇམ་དབྱངས་དར་རྒྱས་ལགས།

  “འདི་དག་ནི་ལོ་འགའི་སྔོན་ལ་རྩོམ་སྒྲིག་པ་ལོ་གཞོན་ཞིག་གིས་པ་བའི་སྦྱོར་སྟངས་གསལ་པོ་ཞིག་མི་ཡོང་ཟེར་བ་ལ། ཕྲན་གྱིས་ཡིད་ལ་ཡོང་ཚོད་ཅིག་བྲིས་ནས་ཁོང་ལ་བྱིན་པ་ཡིན། དེ་བས་རྒྱུན་སྤྱོད་ཀྱི་དཔེ་མཚོན་ཙམ་ལས་ཞིབ་ཚགས་ཤིག་ཡིན་མི་སྲིད།”

 “འདི་དག་ནི་པ་པོའི་སྦྱོར་སྟངས་ཀྱི་དཔེ་མཚོན་འགའ་ཡིན། རྩོམ་སྒྲིག་དང་ཞུ་དག་གི་ལས་ཀར་གསར་དུ་ཞུགས་པའི་ཨ་མདོའི་ལོ་གཞོན་ཚོར་དཔེ་མཚོན་ཙམ་དང་ཟུར་ལྟ་ཙམ་དུ་ཕུལ་བ་ཡིན། གལ་ཏེ་ངེད་ཅག་གི་ཕ་ཡུལ་དུ་འདི་བཞིན་མི་སྦྱོར་ཟེར་བའམ། བླ་མ་མཁས་པ་ཆེ་གེ་མོའི་སུམ་རྟགས་ཀྱི་གཞུང་དང་མི་མཐུན་ཟེར་བ་དང་། ངེད་ཅག་གི་མཁས་པ་ཆེ་གེ་མོས་འདི་བཞིན་བྲིས་མེད་ཟེར་བ་དང་། ཧ་ཅང་སྔ་མོའི་དུས་ཀྱི་མཁས་པ་ཆེ་གེ་མོའི་ལག་བྲིས་ཡིག་རྙིང་ཞིག་ཏུ་འདི་བཞིན་བྲིས་མེད་སོགས་ཟེར་ན་ནི་ཐབས་ཤེས་མེད། དེ་ལྟ་མ་ཡིན་པར་ང་ཚོས་ཚད་གཞིར་འཛིན་སའི་སྔོན་གྱི་ཤིང་པར་སྡེ་དགེ་པར་མ། དགའ་ལྡན་པར་རྙིང་། ཞོལ་པར་མ་སོགས་གཞིར་འཛིན་ན་ནི་འདི་བཞིན་སྤྱོད་དང་ནོར་འཕྱུག་འབྱུང་མི་སྲིད་པ་ཙམ་ཡིན།”

 “དེ་སྔ་རྩོམ་སྒྲིག་མཁས་པ་ཞིག་གིས་དེར་རྩོད་པ་རྒྱག་དོན་མེད། ཨ་མདོ་ཚོས་ཡི་གེ་ཀློག་དུས་པ་ཡིག་རྣམས་ཀྱང་བ་ཡིག་གི་སྒྲ་ལྟར་བཀླགས་འགྲོ་གསུངས། དཔེར་ན་བཞི་པ་ལྔ་པ་དགུ་པ་བཅུ་པ་ཞེས་ཡིག་ཐོག་ཏུ་དེ་འདྲར་བྲིས་ཡོད་ཀྱང་ངག་ནས་ཀློག་དུས་བཞི་བ་ལྔ་བ་དགུ་བ་བཅུ་བ་ཞེས་ཀློག་གསུངས། དངོས་གནས་དེ་འདྲ་རེད། རང་ཉིད་ཀྱང་ཕ་ཡུལ་དུ་ཡོད་དུས་འདི་ཚོར་དོ་སྣང་ཡེ་མ་བྱུང་། མདོ་དབུས་ཁམས་གསུམ་གྱི་ལོ་ཙཱ་བ་རྣམས་དང་མཉམ་དུ་ལས་ཀ་བྱེད་དུས་འདིའི་ཐད་ལ་གཞི་ནས་དོ་སྣང་བྱུང་། ལྷག་པར་སྔོན་གྱི་པར་རྙིང་གཞིར་བྱས་ནས་བསྒྲིགས་པའི་ས་སྐྱ་གོང་མ་ཚོའི་གསུང་འབུམ་དང་རྗེ་ཡབ་སྲས་ཀྱི་གསུང་འབུམ་སོགས་ལ་རྩོམ་སྒྲིག་ཞུ་བའི་གོ་རིམ་ཁྲོད་འདིར་དོ་སྣང་བྱས་པ་ཡིན། དེ་དག་ནི་སྡེ་དགེའི་པར་མ་དང་། ཞོལ་པར་མ་དང་། དགའ་ལྡན་པར་རྙིང་དང་། སྐུ་འབུམ་པར་མ་སོགས་གཞིར་བྱས་པའམ་ཡང་ན་དེ་དག་དཔེ་སྡུར་ཞུས་ནས་བསྒྲིགས་པ་རྐྱང་ཡིན་པས་ཚད་གཞིར་བཟུང་མི་ཆོག་པ་མེད་སེམས།”

 “ཨ་མདོའི་ཀློག་མཁན་ཚོས་རང་གི་བདེ་ཕྱོགས་ལྟར་པ་རྣམས་བ་རུ་བཀླགས་ཀྱང་ཆོག་མོད། རྩོམ་མཁན་རྣམས་ཀྱིས་ནི་འདིའི་ཐད་ལ་དོ་སྣང་ཅུང་གནང་ན་ལེགས་ཤིང་། ལྷག་པར་རྩོམ་སྒྲིག་པ་ཚོས་འདི་དག་དོན་དག་ཆུང་ཆུང་དུ་བརྩིས་ནས་དོ་སྣང་མི་བྱེད་པ་ཤིན་ཏུ་མི་འོས་ཏེ། པ་ཡིག་སྦྱོར་དགོས་པ་མང་པོ་ཞིག་བ་རུ་བྲིས་པ་མདོ་སྨད་ཀྱི་ཀློག་མཁན་ཚོར་དེ་མིག་ལ་མི་རན་པ་མེད་ཀྱང་སྲིད་མོད། དབུས་གཙང་གི་ཀློག་མཁན་ཚོས་དེ་རིགས་བཀླགས་ཚེ་མིག་ལ་ཧ་ཅང་གཟན་པོ་འབྱུང་། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ཚང་གིས་རིག་གཞུང་དཔྱད་གླེང་དང་སློབ་ཁྲིད་ཀྱི་སྐབས་སུ་ཨ་མདོ་ནས་བཏོན་པའི་དེབ་ཁག་ཅིག་སྟེ་ལམ་རིམ་ཆེན་མོ་སོགས་ཀྱི་པ་བའི་སྤྱོད་སྟངས་ལ་དགག་པ་ཡང་ཡང་རྒྱག་པ་དེས་མཚོན། བོད་སྤྱིར་བསམ་ན་ནི་འདི་འདྲའི་ཐད་ལ་ཕྱོགས་འཐེན་གྱི་བློ་འཛིན་དོན་ཅི་ཡང་མེད། རྩོམ་སྒྲིག་གི་མ་མཐའི་ཤེས་བྱ་འདི་ཙམ་ཡང་བློ་ཁོག་ལ་མ་ཆུད་པར་རྩོམ་སྒྲིག་ལས་ཀ་ཇི་ལྟར་བྱེད།”

 “ཡང་ཁང་པ་རྐང་པ་སོགས་མིང་རྐྱང་གི་སྐབས་སུ་རྗེས་འཇུག་ངའི་རྗེས་སུ་པ་སྦྱོར་བར་གཞིགས་ནས་དེང་ཨ་མདོའི་རྩོམ་མཁན་ལ་ལས་བཏང་པ། གླེང་པ་ཞེས་པ་ལྟ་བུའི་ལས་ཚིག་གི་སྐབས་སུའང་ང་འ་ར་ལ་མཐའ་མེད་ཀྱི་རྗེས་སུ་པ་ཡིག་སྦྱོར་བ་དེ་ཤིན་ཏུ་མི་འོས་པ་ཞིག་རེད།”

 “འདི་དག་གི་ཐད་དུ་གཞུང་ལུགས་ཀྱི་རྒྱབ་བརྟེན་ལ་རྟགས་མཚུངས་འདྲེན་པ་དང་། སྒྲ་མཚུངས་འདྲེན་པ། བརྗོད་བདེ་འདྲེན་པ་སོགས་ཀྱི་རྣམ་གཞག་ཡོད་ཀྱང་། བརྗོད་བདེ་འདྲེན་པ་ཞེས་པ་དེ་ཧ་ཅང་མག་མོག་ཅིག་ཏུ་སོང་ཡོད། ལེགས་བཤད་ལྗོན་དབང་དུ་ཆ་ལ་པ་ཉིད་སྦྱོར་བ་ལེགས། ཞེས་ལེགས་སྒྲ་ཞིག་དང་། མིང་མཐའི་པ་བའང་ཕལ་ཆེར་འདྲ། ཞེས་ཕལ་ཆེར་ཞེས་པའི་ཡི་གེ་བྱུང་ནས་གཏན་ཁེལ་གསལ་པོ་བྱུང་མེད། ད་ལྟའི་དུས་འདིར་སྐད་ཆའི་ཆོས་ཉིད་ལ་གཞིགས་ནས་གསར་དུ་བརྩམས་ཤིང་ཀུན་གྱིས་ཁས་ལེན་པའི་འདིའི་ཐད་ཀྱི་བརྡ་སྤྲོད་ཀྱི་རྣམ་གཞག་ཀྱང་མེད། དེ་བས་ང་ལྟ་བུའི་རྩོམ་སྒྲིག་པ་ཚོས་སྔོན་གྱི་མཁས་པའི་ཕྱག་ལེན་ལ་མི་བརྟེན་ག་མེད་བྱུང་། སྔོན་གྱི་མཁས་པའི་ཕྱག་ལེན་ལའང་འདྲ་མིན་སྣ་ཚོགས་ཡོད། དེ་བས་སི་ཏུ་པཎ་ཆེན་དང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་སོགས་ཀྱིས་ཞུ་དག་བཏང་བའི་སྡེ་དགེ་བཀའ་བསྟན་ལྟ་བུ་མང་མས་ཚད་ལྡན་དུ་འཛིན་པའི་ཤིང་པར་ལ་བརྟེན་རྒྱུ་ལས་འོས་མེད། ཤིང་པར་རྙིང་པ་དེ་ཚོར་མ་གཞི་ནས་སྐད་དང་ཡི་གེ་༼ཚད་ལྡན་ཅན་༽དུ་གཏོང་བའི་ནུས་པའང་ཡོད་པར་སེམས།”

 “གང་ལྟར། ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །མིང་མཐའི་པ་བའང་ཕལ་ཆེར་འདྲ། །ཞེས་པའི་གསུང་འདི་ནི་ལག་ལེན་དུ་འདེབས་བདེ་བའི་མཁས་པའི་ལེགས་བཤད་རིན་ཐང་ཅན་ཞིག་ཡིན་པ་སྨོས་ཅི་དགོས། བཞི་པ། ལྔ་པ། དགུ་པ། ཁང་པ། སྡོང་པོ། ལྟ་བུ་ཨ་མདོ་ཚོའི་ངག་ལ་ཆེར་མི་བདེ་ཡང་། ཚིགས་བཅད་འདིས་འདི་རིགས་ཕལ་ཆེ་བའི་སྦྱོར་སྟངས་ཐག་བཅད་ཡོད།”

 “འདི་དག་ནི་ལོ་འགའི་སྔོན་ལ་རྩོམ་སྒྲིག་པ་ལོ་གཞོན་ཞིག་གིས་པ་བའི་སྦྱོར་སྟངས་གསལ་པོ་ཞིག་མི་ཡོང་ཟེར་བ་ལ། ཕྲན་གྱིས་ཡིད་ལ་ཡོང་ཚོད་ཅིག་བྲིས་ནས་ཁོང་ལ་བྱིན་པ་ཡིན། དེ་བས་རྒྱུན་སྤྱོད་ཀྱི་དཔེ་མཚོན་ཙམ་ལས་ཞིབ་ཚགས་ཤིག་ཡིན་མི་སྲིད།”

གོང་གི་ནང་དོན་ཡོངས་ནི་རྒན་འཇམ་དབྱངས་དར་རྒྱས་ལགས་ཀྱིས་གསུངས་པ་ཡིན་ཞིང་།

སྐད་འཕྲིན་དུ་བརྒྱུད་བསྐུར་བྱེད་བཞིན་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་བསྒྲིགས།