ཀ༔ཐོག་སི་ཏུས་མཛད་པའི་གནས་སྐོར་བ་རབ་འབྲིང་མཐའ་གསུམ་གྱི་རྣམ་དབྱེ།
སྤེལ་བའི་དུས་ཚོད། : 2017-04-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀ༔ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོས་མཛད་པའི་གནས་སྐོར་བ་རབ་འབྲིང་མཐའ་གསུམ་གྱི་རྣམ་དབྱེ།

རབ།

ཆགས་མེད་ཞེན་མེད་གཏད་མེད་ངོས་མེད་གནས། །

རང་མཁྲིས་མེད་པས་གདུལ་བྱ་རིས་མེད་ལ། །

ཕན་བྱེད་འགྲོ་དོན་རྒྱལ་ཁམས་ཕྱོགས་མེད་ཕྱེད། །

གནས་སྐོར་རབ་ཀྱི་རྣམ་པར་ཐར་པའོ། །

དམ་པ་ཕྱོགས་མེད་སེལ་མེད་བསྟེན་པ་དང་། །

དམ་ཆོས་རིས་མེད་འགལ་མེད་ཞུ་བ་དང་། །

སྒྲུབ་གནས་ཕྱོགས་མེད་འཛིན་མེད་ཚོགས་བསགས་པ། །

འདི་ཡང་གནས་སྐོར་རབ་ཀྱི་རྣལ་འབྱོར་རོ། །

འབྲིང་།

རྟེན་གསུམ་ཀུན་ལ་དད་པ་ངལ་དུབ་ལ། །

མི་སྐྱོ་དབེན་གནས་དགོན་སྡེ་ཐམས་ཅད་དུ། །

འབྲས་མེད་སུན་མེད་དག་སྣང་ཚོགས་གསོག་བྱེད། །

གནས་སྐོར་འབྲིང་གི་རྣམ་པར་ཐར་པའོ། །

མཐའ།

དང་པོ་ཁས་ལེན་ས་སྟེང་སྐོར་ན་བསམ། །

བར་དུ་གྱེན་རེ་མཐོང་ན་གནས་རེ་བཞག །

ཐ་མ་བྱས་ལོ་སང་ལོའི་ངང་དུ་ཐལ། །

གནས་སྐོར་མདོ་དོན་མེད་པའི་ངང་ཚུལ་གཅིག །

དགེ་འདུན་ཡོན་ཏན་མི་མཐོང་སྐྱོན་རེ་མཐོང་། །

ལྷ་སྐུ་གསུང་རབ་མི་མཇལ་རྒྱང་བལྟས་བྱས། །

མཐོང་ན་སློང་ཞིང་མ་མཐོང་རྐུ་བ་དེ། །

གནས་སྐོར་སྡིག་སྐོར་སོང་བའི་ངང་ཚུལ་གཉིས། །

དཀའ་ཆད་བྱུང་དུས་གནས་ལ་ལོག་ལྟ་བྱས། །

ལྷ་ཁང་ད་ལྟ་མཇལ་བ་ད་ལྟ་བརྗེད། །

གནས་སྐོར་ལམ་དུ་ཁོང་ཁྲོ་དཔལ་རུ་བརྩི། །

གནས་སྐོར་ངལ་བ་འབྲས་མེད་ངང་ཚུལ་དོར། །

རྩོམ་སྒྲིག་པ། ཀླུ་འབུམ།