ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

ཞི་ཅིན་ཕིང་གིས་ཨ་མན་གྱི་སུའུ་ཏན་དང་གྲོས་མོལ་གནང་བ།

2026-11-03 21:58:00     责编:卓玛才让
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་2ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨ་མན་གྱི་སུའུ་ཏན་ཧའེ་སའེ་མུའུ་དང་གྲོས་མོལ་གནང་བ་རེད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་2ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་མཛད་སྒོ་འཚོགས་ནས། ཨ་མན་སུའུ་ཏན་རྒྱལ་ཁབ་ཀྱི་སུའུ་ཏན་ཧའེ་སའེ་མུའུ·པིན·ཐ་ལི་ཁེས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་པ་རེད།

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་ཡོད།

ཧའེ་སའེ་མུའུ་དང་མཉམ་དུ་ཀྲུང་གོར་འཚམས་འདྲིར་ཕེབས་མཁན་གྲས་སུ་རྒྱལ་སྲུང་ལས་དོན་གྱི་དབུ་བཞུགས་བློན་ཆེན་གཞོན་པ་དང་། རྒྱལ་པོའི་ཕོ་བྲང་གི་བློན་ཆེན། སུའུ་ཏན་གཞུང་དོན་ཐིང་གི་བློན་ཆེན་སོགས་ཡོད་པ་རེད། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་དབྱི་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་པ་རེད།

དམག་མིའི་རོལ་ཆ་ཚོགས་པས་ཨ་མན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་གཏོང་བྱས་ཡོད།

ཧའེ་སའེ་མུའུ་ཡིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟིགས་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་ཐོག་ཕྱིར་ལོག་ནས་གཟབ་སྦྲེང་རུ་ཁག་གི་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་པ་རེད།

ཧའེ་སའེ་མུའུ་ནི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བ་ཞིག་རེད།

དགའ་བསུའི་མཛད་སྒོ་མཇུག་འགྲིལ་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སུའུ་ཏན་ཧའེ་སའེ་མུའུ་དང་གྲོས་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་མན་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རྩ་བ་གཏིང་ཟབ་ཅིང་། རྨང་གཞི་བརྟན་པ། མདུན་ལམ་རྒྱ་ཆེན་པོ་བཅས་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཡིད་ཆེས་ལྡན་པའི་སྒོ་ནས་ཕན་ཚུན་འབྲེལ་འདྲིས་བྱེད་པ་དང་། ལྷག་བསམ་ལྡན་པའི་སྒོ་ནས་ཕན་ཚུན་ལྟ་སྟངས་འཛིན་པ། གུས་སེམས་ལྡན་པའི་སྒོ་ནས་ཕན་ཚུན་བརྩི་བཀུར་ཞུ་བ། ལ་རྒྱ་དང་དྲང་བདེན་ལྡན་པའི་སྒོ་ནས་མཉམ་དུ་མདུན་སྐྱོད་བཅས་བྱས་ཏེ། ལོ་ངོ་སྟོང་ལྷག་རྒྱུན་མཐུད་པའི་ཀྲུང་གོ་དང་ཨ་མན་བར་གྱི་མཛའ་གྲོགས་འབྲེལ་བ་དུས་ཡུན་ཇི་ཙམ་རིང་ན་དེ་ཙམ་གྱིས་སྲ་བརྟན་དུ་འགྲོ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཉིན་བཞིན་བརྟན་དུ་ཕྱིན་པ་དང་། གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། སྲོལ་རྒྱུན་མཛའ་གྲོགས་མི་སེམས་སུ་གཏིང་ཟབ་ཟུག་པ་བཅས་བྱུང་ཡོད། ཀྲུང་གོ་དང་ཨ་མན་གྱི་འབྲེལ་བ་རྒྱ་ཆེར་གཏོང་བ་དང་གཏིང་ཟབ་ཏུ་གཏོང་རྒྱུ་ནི་ཕྱོགས་གཉིས་པོའི་ཐུན་མོང་གི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་པ་དང་། དེ་དུས་རབས་ཀྱི་རླབས་རྒྱུན་དང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་དང་མཐུན་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཨ་མན་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ཨ་མན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་ཏེ་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ད་ཐེངས་ཀྱི་འཚམས་འདྲི་ནི་ཀྲུང་གོ་དང་ཨ་མན་དབར་ཕྱི་འབྲེལ་བཙུགས་ནས་ལོ་48སོང་རིང་། ཨ་མན་རྒྱལ་ཁབ་ཀྱི་གཙོ་བདག་གིས་ཀྲུང་གོར་འཚམས་འདྲི་གནང་ཐེངས་དང་པོ་ཡིན་པས། ད་ཐེངས་ཀྱི་གྲོས་མོལ་དེ་ཀྲུང་གོ་དང་ཨ་མན་དབར་གྱི་འབྲེལ་བའི་ལོ་རྒྱུས་ཐོག་གི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ནས། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་པའི་ཡིད་ཆེས་ཡོད། ཀྲུང་གོ་དང་ཨ་མན་གྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོ་དང་ཨ་མན་གྱི་འབྲེལ་བའི་འཐབ་ཇུས་ཀྱི་གཞི་མདོག་སྔར་བས་ཁ་གསལ་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་མན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། བདེ་འཇགས་དང་བརྟན་ལྷིང་བཅས་ལ་སྲུང་སྐྱོང་བྱེད་པ་དང་། རང་ངོས་ཀྱི་རྒྱལ་ཚུལ་དང་འཚམ་པའི་འཕེལ་རྒྱས་འགྲོ་ལམ་རང་ཚུགས་ངང་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཨ་མན་ཕྱོགས་དང་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་འདོད་ཡོད། ཕྱོགས་གཉིས་པོས་དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ཀྲུང་གོས་སྤུས་མཐོའི་ འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་དེས། ཨ་མན་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་གོ་སྐབས་དེ་བས་མང་བ་བསྐྲུན་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་མན་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། བརྟན་ལྷིང་དང་བློས་འགེལ་ཆོག་པའི་ནུས་རྒྱུའི་མཉམ་ལས་ཀྱི་རོགས་ཟླ་དང་། མི་མངོན་པའི་སྟོབས་ཤུགས་ལྡན་པའི་མ་འཇོག་མཉམ་ལས་ཀྱི་རོགས་ཟླ། མཐུན་སྦྱོར་གསར་གཏོད་ཀྱི་ལག་རྩལ་མཐོ་བའི་མཉམ་ལས་རོགས་ཟླ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་ནུས་རྒྱུའི་མཉམ་ལས་སྔར་བས་འཐུས་ཚང་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། ཐོན་ལས་དང་། མ་འཇོག མི་ཐབས་རིག་ནུས། ཚན་རྩལ་དང་མི་ཆོས་རིག་གནས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཕྱོགས་སོ་སོའི་དར་རྒྱས་གོང་འཕེལ་དང་དེང་རབས་ཅན་མངོན་འགྱུར་ཡོང་བར་བྱེད་པའི་ལམ་བུའི་ཐོག་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད་འདོད་ཡོད། ཕྱོགས་གཉིས་པོས་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཁྱོངས་དང་། དམངས་སེམས་འབྲེལ་མཐུད་ཀྱི་འབྲེལ་ཐག་དམ་དུ་གཏོང་བ། སློབ་གསོ་དང་། ཡུལ་སྐོར། འཕྲོད་བསྟེན། གསར་འགྱུར། ལུས་རྩལ་སོགས་ཀྱི་མཉམ་ལས་དམ་ཟབ་བཅས་བྱས་ཏེ། ཀྲུང་གོ་དང་ཨ་མན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། མིག་སྔར་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་སུ་འགྲོ་བ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད། དབུས་ཤར་མཚོ་ཁུག་ས་ཁུལ་དེ་ཉིད་རྒྱལ་ཁབ་ཆེན་པོའི་འགྲན་རྩོད་དང་ས་ཁམས་གདོང་གཏུག་གི་འགྲན་ར་ལྟ་བུར་འགྱུར་མི་རུང་། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་ཕྱོགས་ཁག་གིས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་དམག་མཚམས་འཇོག་་པ་དང་ཞི་བདེར་སྐུལ་འདེད་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ས་ཁུལ་གྱི་བདེ་འཇགས་ཐད་ཀྱི་དཀའ་ངལ་སེལ་ཆེད་བློ་གྲོས་དང་ཇུས་གཞི་སྐྱེས་སུ་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ང་ཚོས་མུ་མཐུད་ནས་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་རྩོད་གཞི་ཐག་གཅོད་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་དང་། ས་ཁུལ་རྒྱལ་ཁབ་ཀྱིས་ཁྱིམ་མཚེས་མཛའ་མཐུན་དང་འཕེལ་རྒྱས། བདེ་འཇགས། མཉམ་ལས་བཅས་ཀྱི་ཐུན་མོང་གི་ཁྱིམ་གཞིས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་ཨ་མན་ཚུད་པའི་ཨ་རབ་རྒྱལ་ཁབ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་དང་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། ཐུན་མོང་ཐོག་ས་ཁུལ་གྱི་ཞི་བདེ་ལྷིང་འཇགས་གང་མགྱོགས་སླར་གསོ་ཡོང་བ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་འབད་བརྩོན་བྱེད་འདོད་ཡོད་ཅེས་བསྟན་ཡོད།

ཧའེ་སའེ་མུའུ་ཡིས། རླབས་ཆེ་ཞིང་མཛའ་མཐུན་གྱི་ཀྲུང་གོར་འཚམས་འདྲིར་ཡོང་ཐུབ་པར་ང་རང་ཧ་ཅང་དགའ་པོ་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཀྲུང་གོ་འདི་ཉིད་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་གྱུར་ནས། འཛམ་གླིང་གི་དར་རྒྱས་བརྟན་ལྷིང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཨ་མན་དང་ཀྲུང་གོའི་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་ལྡན་པ་དང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་ཀྱི་ཡོད། ཨ་མན་གྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལག་ལེན་བསྟར་ནས། ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད།ད་ཐེངས་ཀྱི་འཚམས་འདྲི་དེ་འགོ་འཛུགས་ས་གསར་པར་བྱས་ནས། མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་སྔོག་འདོན་བྱེད་པ་དང་། འབྱུང་འགྱུར་ལ་ཁ་ཕྱོགས་པའི་རོགས་ཟླའི་འབྲེལ་བ་བཙུགས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།ཀྲུང་གོ་ནི་ལོ་མང་རིང་ཨ་མན་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་དེ་ཡིན་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ཨ་མན་ལ་མ་འཇོག་བྱེད་ཚད་རྒྱུན་ཆད་མེད་པར་འཕར་ནས། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་འབྲེལ་བ་དེ་བས་ཁྱོན་ཡོངས་དང་སྣ་མང་དུ་འགྱུར་ཡོད། ཨ་མན་གྱིས་ཀྲུང་གོ་དང་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱས་ཏེ། ཉོ་ཚོང་དང་། མ་འཇོག བཟོ་ལས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མི་ཐབས་རིག་ནུས། ཚན་རྩལ་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་བརྩེ་བ་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་ཆེད་མེད་དུ་མི་རུང་བའི་འགོ་ཁྲིད་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། ཨ་མན་གྱིས་ཀྲུང་གོས་དབུས་ཤར་གནད་དོན་ཐད་འཛིན་པའི་དྲང་གཞག་གི་ལངས་ཕྱོགས་ལ་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་དང་མཐུན་སྦྱོར་དམ་ཟབ་བྱས་ནས། རྒྱལ་སྤྱིའི་བཅའ་ཁྲིམས་ལ་སྲུང་སྐྱོང་བྱེད་པ་དང་། ཞི་བའི་བྱ་ཐབས་བརྒྱུད་འགན་ཟླ་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ས་ཁུལ་དང་འཛམ་གླིང་གི་བདེ་འཇགས་བརྟན་ལྷིང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད་པ་རེད།

གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐོན་སྐྱེད་དང་མཁོ་སྤྲོད་སྦྲེལ་ཐག་དང་། ལྗང་མདོག་འཕེལ་རྒྱས། གྲངས་འཛིན་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་པར་ཐུན་མོང་ཐོག་བདེན་དཔང་གནང་ཡོད།

འཚམས་འདྲི་གནང་རིང་། ཕྱོགས་གཉིས་པོས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་མན་སུའུ་ཏན་རྒྱལ་ཁབ་ཀྱི་ཀྲུང་གོ་དང་ཨ་མན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་》སྤེལ་ཡོད། 

ཉིན་དེ་གའི་ཉིན་དགུང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཧའེ་སའེ་མུར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་ཡོད་པ་རེད།

ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས་ཡོད་པ་རེད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ཨ་མན་གྱི་སུའུ་ཏན་དང་གྲོས་མོལ་གནང་བ།