ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་དང་མཇལ་མོལ་གནང་བ།

2026-09-03 16:46:00     责编:卓玛才让
ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་2ཉིན་གྱི་སྔ་དྲོ། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྣམ་གཉིས་ཀྱིས་ཁེ་རོའི་ཉི་མའི་ཕོ་བྲང་དུ་མཇལ་མོལ་གནང་ཡོད།

ཁེ་རོའི་ནམ་མཁའ་སྔོ་ཞིང་དྭངས། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་རླངས་འཁོར་ལ་བཞུགས་ཏེ་ཉི་མའི་ཕོ་བྲང་དུ་ཕེབས་འབྱོར་ཟིན་སྐབས། རྟ་དམག་རུ་ཁག་དང་གུས་ལུགས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་དང་། དམག་དཔུང་རོལ་ཆ་རུ་ཁག་གིས་མགྲོན་བསུའི་རོལ་དབྱངས་དཀྲོལ་ཞིང་། གུས་ལུགས་མེ་སྒྱོགས་ཐེངས་21བརྒྱབ་ཡོད། སའེ་ཞི་དང་སྐུ་ཟླ་དབྱི་ཐི་སའར་གྱིས་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་ཡོད།

སའེ་ཞི་ཡིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ལྷན་དུ་གཟིགས་སྟེགས་ཐོག་ཕེབས་པ་དང་། དམག་དཔུང་རོལ་ཆ་རུ་ཁག་གིས་ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་གཏོང་བྱས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕ་རོལ་ཕྱོགས་ཀྱི་ཕེབས་རོགས་མི་སྣ་དང་ཕྱག་བཏང་གནང་ནས་འཚམས་འདྲི་ཞུས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་ཉི་མའི་ཕོ་བྲང་གི་ཚོམས་ཆེན་དུ་ཕེབས་ཏེ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གྱི་མདུན་དུ་ལྷན་བཞུགས་སྐུ་པར་བསྐྱོན་གནང་ཡོད།

དགའ་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཇལ་མོལ་གནང་ཡོད།

ཞི་ཅིན་ཕིང་གིས། 1956ལོར། ཨེ་ཅིབ་ཀྱིས་ཨ་རབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁྲོད་སྔོན་ལ་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་བཙུགས་ཡོད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཚོས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྣེ་ཁྲིད་དེ་མི་རིགས་རང་བཙན་དོན་གཉེར་དང་བཙན་རྒྱལ་རིང་ལུགས་དང་མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ལམ་བུའི་ཐོག་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱས་ཏེ། རྡོ་རྗེའི་བྲག་ལྟར་བརྟན་པའི་མཛའ་བཤེས་ཟབ་མོ་བཙུགས་ཡོད། ལོ་ངོ་70ཡི་ཆར་རླུང་མཉམ་དུ་བརྒྱུད་རྗེས། ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི“འདྲ་མཉམ་དང་ཕན་ཚུན་ཡིད་ཆེས་དང་། མཛའ་མཐུན་དང་ཕན་ཚུན་དཔྱད་གཞིར་འཛིན་པ། ཕྱར་བ་གྲུ་འདེགས། མཉམ་ལས་མཉམ་རྒྱལ”བཅས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་བཏོད་པ་དང་དེར་བདེན་དཔང་གནང་ཡོད། ཉེ་བའི་ལོ་ཤས་རིང་། ང་ཚོའི་ཐུན་མོང་གི་སྣེ་ཁྲིད་འོག ཀྲུང་གོ་དང་ཨེ་ཅིབ་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་བྱུང་ཡོད། ཕྱོགས་གཉིས་པོའི་དབར་གོང་འཕེལ་དར་རྒྱས་མངོན་འགྱུར་དང་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་སྲུང་སྐྱོང་བཅས་བྱེད་པའི་བྱ་གཞག་ཁྲོད་འདུ་ཤེས་གཅིག་མཐུན་དང་འཐབ་ཇུས་མཐུན་པོ་བྱུང་ཡོད། འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་མདུན་དུ། རྒྱལ་ཁབ་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཨེ་ཅིབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨེ་ཅིབ་ཕྱོགས་གཉིས་པོས་གཅིག་ནས་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་མཐོ་རིམ་འགྲོ་འོང་གི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་སྤེལ་རེས་མཉམ་ལས་དམ་ཟབ་བྱེད་པ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་དགོས། གཉིས་ནས་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གློག་ཤུགས། ཞིང་ལས། འཕྲིན་གཏོང་ལག་རྩལ་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། ལྗང་མདོག་ནུས་རྒྱུ་དང་གློག་སྒུལ་རླངས་འཁོར། མཁའ་འགྲུལ་མཁའ་སྐྱོད། གྲངས་འཛིན་དཔལ་འབྱོར། དེང་རབས་ཞིང་ལས་ལག་རྩལ་སོགས་ཀྱི་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གསར་པ་གཏོད་དགོས། གསུམ་ནས་མི་ཆོས་རིག་གནས་ཀྱི་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ། རིག་གནས་དང་སློབ་གསོ། ཚན་རྩལ། འཕྲོད་བསྟེན། ལུས་རྩལ་སོགས་ཀྱི་སྤེལ་རེས་མཉམ་ལས་ཕྱོགས་ཡོངས་ནས་རྒྱ་ཆེར་གཏོང་བ་དང་། མི་སྣ་འགྲོ་འོང་བྱེད་རྒྱ་ཆེ་རུ་གཏོང་བ། དམངས་སེམས་འབྲེལ་མཐུད་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། བཞི་ནས་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁོངས་ལས་བརྒལ་བའི་ཉེས་གསོག་ལ་ཐུན་མོང་ཐོག་རྡུང་རྡེག་གཏོང་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་གཉིས་པོས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འབད་བརྩོན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་བདེ་འཇགས་སྲུང་སྐྱོང་བྱེད་དགོས། ལྔ་ནས་རྒྱལ་སྤྱིའི་ཕྱོགས་མང་རོགས་ལས་ལ་ཤུགས་སྣོན་བརྒྱབ་ནས། མཉམ་འབྲེལ་རྒྱལ་ཚོགས་དང་འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་ལས་སྟེགས་ཐོག་མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུ་སྔར་བས་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་བ། ཕྱོགས་རྐྱང་པའི་རིང་ལུགས་དང་ཧམ་ཤེད་སྤྱོད་ངན་ལ་ཐུན་མོང་ཐོག་ངོ་རྒོལ་བཅས་བྱས་ཏེ། དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

སའེ་ཞི་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་མཚམས་སུ་ཨེ་ཅིབ་ལ་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་རྒྱུ་ཡིན། ཨེ་ཅིབ་དང་ཀྲུང་གོའི་བར་ཕྱི་འབྲེལ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་རྒྱུན་འཁྱོངས་ཐུབ་ནས། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས། རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་གོང་འཕེལ་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ཐད་དམ་པ་དོན་དུ་གཉེར་བཞིན་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཉོ་ཚོང་མ་འཇོག་དང་། བཟོ་སྐྲུན་ལས་རིགས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དངུལ་རྩ། ཚན་རྩལ། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་། དམག་དོན་བདེ་འཇགས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། མི་སྣ་འགྲོ་འོང་ཟབ་ཏུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུ་དང་ས་ཁུལ་དར་རྒྱས་གོང་འཕེལ་ཡོང་བར་རམ་འདེགས་བྱེད་འདོད་ཡོད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པའི་ངོས་ནས། ཀྲུང་གོས་རྒྱལ་སྤྱིའི་བྱ་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱི་ཡོད། ཨེ་ཅིབ་ཀྱིས་ཀྲུང་གོ་ལྷན་དུ་ཕྱོགས་མང་སྟེགས་བུའི་ཐོག་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་ཡོད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དབུས་ཤར་ས་ཁུལ་གྱི་དུས་བབ་ཐད་འབྲེལ་གཏུག་གཏིང་ཟབ་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོས་ས་ཁུལ་རྒྱལ་ཁབ་ཀྱིས་ཁྱིམ་མཚེས་མཛའ་གྲོགས་འབྲེལ་བ་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་རུང་བ་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། དབུས་ཤར་ས་ཁུལ་གྱི་བདེ་འཇགས་སྒྲོམ་གཞི་གསར་པ་འཛུགས་དགོས་ཞེས་བསྟན་གནང་ཡོད། དེའི་ཐད་ཞི་ཅིན་ཕིང་གིས་གྲོས་འགོ་ཁག་བཞི་བཏོན་གནང་བ་སྟེ། གཅིག་ནི་ས་ཁུལ་གྱི་ཐུན་མོང་བདེ་འཇགས་ཀྱི་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་བྱེད་དགོས། དབུས་ཤར་ས་ཁུལ་མི་དམངས་ཀྱིས་རང་ཉིད་ནས་རང་ཁྱིམ་རང་བདག་བྱ་རྒྱུ་རྒྱུན་འཁྱོངས་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་ཇུས་ལ་ངོ་རྒོལ། ས་ཁུལ་རྒྱལ་ཁབ་ཀྱིས་ཞི་བདེ་དང་བདེ་འཇགས་ཐད་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར། ས་ཁོངས་ནང་ཁུལ་གྱི་བདེ་འཇགས་སྒྲོམ་གཞི་བསྐྱར་འཛུགས་བྱ་རྒྱུ་འཚོལ་ཞིབ། མདུན་ལམ་དང་ལས་དབང་རང་ཉིད་ཀྱི་ལག་ཏུ་འཛིན་དགོས། གཉིས་ནི་ས་ཁུལ་ཐུན་མོང་གི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། དབུས་ཤར་ས་ཁུལ་དུ་གླེང་མང་བའི་གནད་དོན་མང་བ་དང་ནང་གནས་ཀྱི་འབྲེལ་བའི་རང་བཞིན་ཆེ་བས། ཕྱོགས་བསྡུས་ཐག་གཅོད་ཇུས་གཞི་འཚོལ་དགོས། ཕ་ལེ་སི་ཐན་གྱི་གནད་དོན་ནི་སྔར་བཞིན་དབུས་ཤར་གནད་དོན་གྱི་ལྟེ་བ་ཡིན་པས། ག་དུས་ཡིན་རུང་སྣང་ཆུང་བྱེད་མི་ཉན་པ་དང་མཐར་འབུད་མི་རུང་། གསུམ་ནི་ས་ཁུལ་གྱི་ཐུན་མོང་བདེ་འཇགས་གོང་འཕེལ་གྱི་རྨང་གཞི་བརྟན་དུ་གཏོང་དགོས། དབུས་ཤར་ས་ཁུལ་ཡུན་རིང་བདེ་འཁོད་ཡོང་བ་བྱ་རྒྱུ་དེ་རྩ་བའི་ཆ་ནས་གོང་འཕེལ་ལ་རག་ལས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་གྱི་རྒྱལ་ཁབ་ཁག་དང་མཉམ་དུ་རྒྱལ་སྤྱིའི་གྲུ་ལམ་གྱི་བདེ་འཇགས་ལ་སྲུང་སྐྱོང་དང་། གོང་འཕེལ་མཉམ་ལས་ལ་སྐུལ་འདེད། ས་ཁུལ་དང་རྒྱལ་ཁབ་ཀྱི་ཁེ་ཕན་མཉམ་འདྲེས་ལ་སྐུལ་འདེད་བཅས་བཏང་ནས། ཕན་ཚུན་ཡིད་ཆེས་བྱེད་ཤུགས་རིམ་བཞིན་ཆེ་རུ་གཏོང་བ་དང་གདོང་ཐུག་ཐོན་པའི་རྒྱུ་དང་རྐྱེན་མེད་པ་བཟོ་འདོད་ཡོད། བཞི་ནི་ས་ཁུལ་ཐུན་མོང་བདེ་འཇགས་ཀྱི་རྒྱལ་སྤྱིའི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དང་རྒྱལ་སྤྱིའི་བཅའ་ཁྲིམས་ནི་དབུས་ཤར་ས་ཁུལ་གྱི་བྱ་དོན་ཐག་གཅོད་བྱེད་པའི་གཞི་འཛིན་ས་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་དང་། ལྷག་པར་དུ་ས་ཁོངས་ཕྱིའི་རྒྱལ་ཁབ་ཆེན་པོས་ཚད་གཞི་ཉིས་བརྩེགས་དོར་བ་དང་། ས་ཁུལ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་བརྩི་འཇོག་བྱས་ཏེ། ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས། ས་ཁུལ་བྱ་དོན་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་རྒྱབ་སྐྱོར་བྱ་དགོས་པ་བཅས་ཡིན།

སའེ་ཞི་ཡིས། ཀྲུང་གོ་ཕྱོགས་ཀྱིས་དབུས་ཤར་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་དོན་དངོས་དང་གཞུང་དྲང་གི་ལངས་ཕྱོགས་འཛིན་པར་ཨེ་ཅིབ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་ཞུ་བཞིན་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ས་ཁུལ་གྱི་དུས་བབ་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཆབ་སྲིད་ཀྱི་ཐབས་ལམ་བརྒྱུད་འགལ་ཟླ་དང་གདོང་ཐུག་སེལ་ནས། ས་ཁུལ་བདེ་འཇགས་དང་གོང་འཕེལ་ཡོང་བར་འབད་བརྩོན་བྱ་རྒྱུ་ཡིན། ཨེ་ཅིབ་ཀྱིས་མུ་མཐུད་ཀྲུང་གོ་དང་ལྷན་དུ་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། དབུས་ཤར་ས་ཁུལ་གྱི་དུས་བབ་ཞི་ལྷོད་དུ་གཏོང་བ་དང་། དབུས་ཤར་ས་ཁུལ་གྱི་བརྟན་ལྷིང་ལ་སྲུང་སྐྱོང་། ས་ཁུལ་གྱི་བདེ་འཇགས་སྒྲོམ་གཞི་འཚོལ་ཞིབ་བཅས་བྱེད་འདོད་ཡོད་ཅེས་གསུངས་ཡོད།

མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། མི་ཐབས་རིག་ནུས། དཔལ་འབྱོར་ཉོ་ཚོང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་བདེན་དཔང་གནང་ཡོད། ཕྱོགས་གཉིས་པོས《ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་རབ་ཨེ་ཅིབ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་ཡོད། འཚམས་འདྲི་གནང་རིང་། ཕྱོགས་གཉིས་པོས་ད་དུང་གྲངས་འཛིན་དཔལ་འབྱོར་དང་། ཚན་རྩལ། སློབ་གསོ། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་20ལྷག་ཙམ་ལ་མིང་རྟགས་བཀོད་ཡོད།

ཉིན་དེའི་ཉིན་དགུང་། སའེ་ཞི་དང་དབྱི་ཐི་སའར་གྱིས་ཉི་མའི་ཕོ་བྲང་དུ་ཞི་ཅིན་ཕིང་དང་ཕེང་ལི་ཡོན་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས་ཡོད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་དང་མཇལ་མོལ་གནང་བ།