ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

ཞི་ཅིན་ཕིང་གིས་ཨེ་ཅིབ་ལ་རྒྱལ་དོན་འཚམས་འདྲི་གནང་བ།

2026-09-02 14:52:00     责编:卓玛才让
 ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་1ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཁེ་རོར་ཕེབས་འབྱོར་ཟིན་ནས། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞིས་གདན་ཞུ་གནང་བ་ལྟར་ཨེ་ཅིབ་ལ་རྒྱལ་དོན་འཚམས་འདྲི་གནང་ཡོད་པ་རེད།

ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཁེ་རོའི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་ཟིན་སྐབས། ཙུང་ཐུང་སའེ་ཞི་སྟངས་དཔྱལ་ནས་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་ཡོད། གུས་ལུགས་དམག་གིས་ས་གདན་དམར་པོའི་གཞོགས་གཉིས་སུ་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་དང་། ཨེ་ཅིབ་ཀྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ནས། ཞི་ཅིན་ཕིང་སྟངས་དཔྱལ་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཡོད། 

ཞི་ཅིན་ཕིང་གིས་ཡིག་ཐོག་གསུང་བཤད་གནང་བ་དང་། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཨེ་ཅིབ་སྲིད་གཞུང་དང་ཨེ་ཅིབ་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་ཡོད། 

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ནི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་པ་དང་། སྲོལ་རྒྱུན་མཛའ་བཤེས་ལོ་ངོ་སྟོང་གི་རིང་རྒྱུན་མཐུད་ཅིང་ཉམས་མེད་འཕེལ་བཞིན་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་70སོང་རིང་། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕྱར་བ་གྲུ་འདེགས་དང་མཉམ་ལས་མཉམ་རྒྱལ་ཡོང་བ་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ང་རང་ནས་ཙུང་ཐུང་སའེ་ཞི་དང་ལྷན་དུ་ཀྲུང་གོ་དང་ཨེ་ཅིབ་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཆོང་བརྒལ་རྣམ་པའི་གོང་འཕེལ་ཡོང་རྒྱུར་སྣེ་ཁྲིད་བྱས་ཡོད། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་པ་དང་གཉིས་ཕན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ཅིང་། ཕྱོགས་མང་རོགས་ལས་ཟབ་ཅིང་ཤུགས་དང་ལྡན་པས། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དབར་མཛའ་མཐུན་མཉམ་གནས་དང་མཐུན་སྒྲིལ་རོགས་ལས་བྱེད་པའི་དཔེ་མཚོན་དུ་གྱུར་ཡོད། ད་ཐེངས་འཚམས་འདྲི་ཞུ་རིང་། ང་རང་ནས་ཙུང་ཐུང་སའེ་ཞི་དང་ལྷན་དུ་ཀྲུང་གོ་དང་ཨེ་ཅིབ་ཀྱི་འབྲེལ་བ་དང་རྒྱལ་ཁབ་གཉིས་པོའི་ཆ་ཕྱོགས་ཧྲིལ་པོའི་མཉམ་ལས། དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་བཅས་ཀྱི་ཐད་བསམ་འཆར་བརྗེ་རེས་གང་ལེགས་བྱ་རྒྱུ་དང་། ཀྲུང་གོ་དང་ཨེ་ཅིབ་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་གོང་འཕེལ་འཆར་གཞི་མཉམ་དུ་འདིང་རྒྱུ་ཡིན་ཞིང་། ཀྲུང་གོ་དང་ཨེ་ཅིབ་ཀྱི་མཛའ་གྲོགས་ཀྱི་ལོ་རྒྱུས་ལེའུ་གསར་པ་རྩོམ་རྒྱུ་ཡིན་ཞེས་བསྟན་གནང་ཡོད། 

ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ནང་བཞུགས་ནས་ཕེབས་འབྱོར་ཟིན་ཡོད། 

ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལིའོ་ལི་ཆང་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ཨེ་ཅིབ་ལ་རྒྱལ་དོན་འཚམས་འདྲི་གནང་བ།