ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

སྐབས་དགུ་པའི་ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ།

2025-02-08 15:26:00     责编:卓玛才让
 སྐབས་དགུ་པའི་ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཧར་པིན་དུ་གཟབ་རྒྱས་ངང་འགོ་ཚུགས་པ་དང་། ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་སྐབས་འདིའི་ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།

     གངས་འཁྱགས་ཀྱི་ཕུགས་འདུན་གཅིག་པས་འོད་ཟེར་དཔག་མེད་འཕྲོ། ། ཨ་ཤེ་ཡའི་ཞེ་མཐུན་རྣམ་པས་མཛེས་སྡུག་ལེའུ་བརྩམས། ། དེ་ཡང་། སྐབས་དགུ་པའི་ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་དེ་སྤྱི་ཚེས་7ཉིན་གྱི་དགོང་མོ་ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་སྐབས་འདིའི་ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད། ཚའེ་ཆི་དང་དེ་བཞིན་ཨ་ཤེ་ཡའི་ས་གནས་ཁག་ནས་ཕེབས་པའི་འགོ་ཁྲིད་པ་དང་སྐུ་མགྲོན་སོགས་འགོ་ཚུགས་མཛད་སྒོར་ཞུགས་ཡོད།

     མཚན་མོའི་ཧར་པིན་རྒྱལ་སྤྱིའི་ཚོགས་འགྲེམས་ལུས་རྩལ་ལྟེ་གནས་སུ་གློག་སྒྲོན་རབ་ཏུ་འཚེར། འགོ་ཚུགས་མཛད་སྒོ་འགོ་མ་ཚུགས་གོང་། ཧེ་ལུང་ཅང་ས་གནས་ཁག་ནས་ཡོང་བའི་མང་ཚོགས་ཀྱིས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་བྱས་པས། ས་གནས་ས་ཐོག་གི་རྣམ་པ་སྤྲོ་སེམས་ཀྱིས་རབ་ཏུ་ཕྱུག

     ཆུ་ཚོད་19དང་སྐར་མ་58ཐོག《ཞི་བདེ—ལས་དབང་གཅིག་མཐུན་ཚོགས་པ》ཞེས་པའི་དབྱངས་རྟའི་ཁྲོད། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧོ་དང་ཨ་ཤེ་ཡ་ཨོ་ལིན་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་ཧུའོ་ཀྲེན་ཐིང་སོགས་དང་ལྷན་དུ་ཀྲུའུ་ཞི་སྟེགས་བུའི་ཐོག་ཕེབས་ཏེ་ལྟད་མོ་བ་ཚོར་ཕྱག་གཡུག་གཡུག་གནང་ནས་གུས་ལུགས་མཚོན་པར་གནང་ཡོད་ཅིང་། ཚོགས་ར་ཡོངས་སུ་དུས་ཡུན་རིང་པོར་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད།

    《ང་ཁྱེད་ལ་དགའ་ཀྲུང་གོ》ཞེས་པའི་བརྩེ་བ་ཟབ་པའི་དབྱངས་རྟ་དང་བསྟུན་ནས་གཟབ་སྦྲེང་རུ་ཁག་གི་དམག་མི་བརྒྱད་ཀྱིས་རྔམ་བརྗིད་ལྡན་པའི་གོམ་སྟབས་སྤོས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ཚོགས་ར་དངོས་སུ་སྲུང་སྐྱེལ་བྱས་ཡོད། ཚོགས་ར་ཡོངས་ཀྱི་མི་ཡར་ལངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་དང་། དམར་མདངས་རྒྱས་པའི་སྐར་ལྔའི་དར་དམར་དལ་པོར་བསྒྲེངས་ཡོད།

     བརྙན་ཤེལ་ཆེན་པོའི་ཐོག་གློག་བརྙན་ཐུང་གྲས《མཚར་སྡུག་ལྡན་པའི་ལོ་ཟླ》ཞེས་པ་སྟོན་བཞིན་ཡོད་པ་དང་། དཔྱིད་གསར་གྱི་རྒྱན་གོས་ལེགས་པར་སྤྲས་པའི་བྱིས་པས་ལག་ཏུ་འཁྱགས་སྒྲོན་ཁྱེར་ནས། ཧར་པིན་གྲོང་ཁྱེར་གྱི་མཚོན་རྟགས་རབ་ཏུ་བཀྲ་བར་བྱས་ཡོད། དེ་རྗེས་སྐུ་མགྲོན་ལ་དགའ་བསུ་ཞུ་བའི་འཁྲབ་སྟོན《འཁྱགས་སྒྲོན་གྱིས་ཕུགས་འདུན་སྒྲུབ》ཅེས་པ་འཁྲབ་འགོ་ཚུགས་ཤིང་། ལག་ཕྱིས་མེ་ཏོག་ཞབས་བྲོས་མགྲོན་བདག་རྒྱལ་ཁབ་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་དང་གྲོགས་པོ་ཚོར་དགའ་བསུ་ཞུ་བའི་སྤྲོ་སེམས་འཁོལ་བའི་སེམས་པ་མཚོན་པར་བྱས་ཡོད།

     ཆུ་ཚོད་20དང་སྐར་མ་08ཀྱི་ཐོག ལུས་རྩལ་པ་ཚོགས་རར་འཛུལ་བའི་མཛད་སྒོ་འགོ་ཚུགས་ཡོད།《གངས་འཁྱགས་ཀྱི་ཨ་ཤེ་ཡ》ཞེས་པའི་སྤྲོ་སྣང་ལྡན་པའི་རོལ་དབྱངས་ཁྲོད། རྒྱལ་ཁབ་དང་ས་ཁུལ་34ནས་ཡོང་བའི་ལུས་རྩལ་འཐུས་མི་ཚོགས་པ་གཅིག་རྗེས་གཉིས་མཐུད་ངང་ཚོགས་རར་འཛུལ་ཡོང་བ་དང་། ལྟད་མོ་བ་ཡོངས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད།《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་ངར་ཤུགས་སློང་བའི་འགྱུར་ཁུག་གྲགས་པ་དང་བསྟུན་མགྲོན་བདག་རྒྱལ་ཁབ་ཀྲུང་གོའི་འཐུས་མི་ཚོགས་པ་མཇུག་མཐར་འགྲན་རར་འཛུལ་བས། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་ཡར་བཞེངས་ཤིང་ཕྱག་གཡུག་གཡུག་གནང་ནས་གུས་ལུགས་མཚོན་པར་གནང་བ་དང་། ཚོགས་ར་ཡོངས་སུ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་ཐལ་མོའི་རྡེབ་སྒྲ་གཅིག་རྗེས་གཉིས་མཐུད་དུ་གྲགས་ཡོད། ཀྲུང་གོའི་འཐུས་མི་ཚོགས་པར་ཁྱོན་མི་257ཡོད་པ་དང་། དེའི་ཁྲོད་འགྲན་བསྡུར་ནང་ཞུགས་མཁན་ལུས་རྩལ་པ་170ཡོད། ཁོང་ཚོས་སྐབས་འདིའི་ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཆེ་གྲས་6དང་རྣམ་གྲངས་ཆུང་གྲས་64ཡི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད།

      ཧར་པིན་ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི། ཧེ་ལུང་ཅང་ཞིང་ཆེན་གྱི་འགོ་འཛིན་ལེའང་ཧུའེ་ལིང་གིས་ཤིས་ཚིག་སྒྲོན་སྐབས་སྒྲིག་འཛུགས་ཨུ་ལྷན་དང་ཧེ་ལུང་ཅང་ཞིང་ཆེན་གྱི་མི་དམངས་ཁྲི་3000ལྷག་ཙམ་གྱི་ཚབ་ཞུས་ཏེ་ཨ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་ཁག་ནས་ཡོང་བའི་ལུས་རྩལ་པ་ཚོར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཁོང་ཚོས་འགྲན་རའི་ཐོག་རང་ཉིད་ལས་ཐོད་བརྒལ་དང་། འཇོན་ཐང་ངོམས་ཐུབ་པ། ཕུགས་འདུན་འགྲུབ་པ། མཛའ་གྲོགས་ཐོབ་པ་བཅས་ཡོང་བའི་སྨོན་འདུན་ཞུས་ཡོད།

     ཧར་པིན་ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི། ཀྲུང་གོ་ཨོ་ལིན་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཀའོ་ཀྲི་ཏན་གྱིས་ཤིས་ཚིག་སྒྲོན་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ངོ་མཚར་ཆེ་བའི་ཨ་ཤེ་ཡའི་དགུན་དུས་ལུས་རྩལ་རྒྱས་འཛོམས་ཤིག་གཉེར་འགོ་ཚུགས་ཉེར་ཡོད། ང་ཚོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྣམ་པ་སྣ་མང་མཉམ་སྤྱོད་གང་ལེགས་བྱེད་པ་དང་། གཅིག་སེམས་གཅིག་མཐུན་གྱིས་ཨ་ཤེ་ཡའི་ལུས་རྩལ་གྱི་འོད་སྟོང་གསར་པའི་མཛེས་ལྡན་རི་མོ་འབྲི་བ། ནུས་ཤུགས་གཅིག་སྒྲིལ་གྱིས་ཨ་ཤེ་ཡའི་ལས་དབང་གཅིག་མཐུན་ཚོགས་པའི་མཛེས་སྡུག་ལྡན་པའི་རོལ་དབྱངས་དཀྲོལ་དགོས་ཞེས་གསུངས་པ་རེད།

     ཨ་ཤེ་ཡའི་ཨོ་ལིན་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་ཧུའོ་ཀྲེན་ཐིང་གིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོས་ཨ་ཤེ་ཡའི་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་ཁྲོད་ཐོན་པའི་ནུས་པ་གལ་ཆེན་ཁས་ལེན་གནང་བ་དང་། ཀྲུང་གོ་སྲིད་གཞུང་དང་། ཀྲུང་གོའི་ཨོ་ལིན་ཕིག་ཨུ་ལྷན། ཧེ་ལུང་ཅང་ཞིང་ཆེན་སྲིད་གཞུང་། ཧར་པིན་གྲོང་ཁྱེར་སྲིད་གཞུང་། ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་བཅས་ཀྱིས་གྲ་སྒྲིག་ཚགས་ཚུད་པོ་དང་མཐུན་སྒྲིལ་མཉམ་ལས་བྱས་པ་དང་། དེ་བཞིན་ལུས་རྩལ་པ་དང་། ལྟད་མོ་བ། ལས་དོན་མི་སྣ་བཅས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཧར་པིན་ནི་སྒྱུ་འཕྲུལ་གྱི་གངས་འཁྱགས་གྲོང་ཁྱེར་ཞིག་ཡིན་པར་བསྔགས་བརྗོད་གནང་ཡོད།

     ཆུ་ཚོད་20དང་སྐར་མ་51ཐོག འགོ་ཚུགས་མཛད་སྒོ་དེ་མི་སེམས་འགུལ་བའི་དུས་སུ་སླེབས་ཡོད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧར་པིན་གྱི་སྐབས་དགུ་པའི་ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།

     དེ་མ་ཐག ཚོགས་ཆེན་ཡོངས་སུ་དགའ་སྤྲོའི་རྣམ་པས་ཕྱུག་ཅིང་། ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲ་རྒྱུན་ཆད་མེད་པར་གྲགས་པ་དང་། ཚོན་ཁྲ་ཅན་གྱི་ཤོག་སྦག་སྣ་ཚོགས་ཀྱིས་མཚན་མོའི་མཁའ་དབྱིངས་ལ་མཛེས་རྒྱན་སྤྲས་ཡོད།

     རང་རྒྱལ་གྱི་ཕུལ་བྱུང་ལུས་རྩལ་པའི་འཐུས་མི་6གིས་ཨ་ཤེ་ཡའི་ཨོ་ལིན་ཕིག་ལས་འཛིན་ལྷན་ཚོགས་ཀྱི་དར་ཆ་བཟུང་ནས་ཚོགས་རར་འཛུལ་ཡོད། ཨ་ཤེ་ཡའི་ཨོ་ལིན་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གླུའི་སྒྲ་དང་བསྟུན་ནས། ཨ་ཤེ་ཡའི་ཨོ་ལིན་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་དར་དལ་གྱིས་སྒྲེང་པ་དང་། སྐར་ལྔའི་དར་དམར་དང་མཉམ་དུ་མཐོན་པོར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།

     ལུས་རྩལ་པ་ཉིང་ཀྲུང་ཡན་དང་ཚའེ་ཞུའེ་ཐུང་དང་། ཤན་འབྱེད་པ་ཀྲང་ཁྲུན་ཧུའེ་དང་ཁྲེན་ཝུན་ཧུང་ཁག་སོ་སོས་འགྲན་བསྡུར་ནང་ཞུགས་པའི་ལུས་རྩལ་པ་དང་ཤན་འབྱེད་པ་ཡོངས་ཀྱི་ཚབ་ཞུས་ཏེ་དམ་བཅའ་བཞག་ཡོད།

     དེ་རྗེས། བརྙན་ཤེལ་ཆེན་པོའི་ཐོག《དཔའ་ངར་ཆེར་སྐྱེད་ཀྱི་དགུན་ཁ་འདི》ཞེས་པའི་བརྙན་ཐུང་སྟོན་པས་ཚོགས་ར་ཡོངས་ཀྱི་ཡིད་དབང་ཅིག་ཅར་དུ་བཀུག་པ་སྟེ། གངས་འཁྱགས་ལ་དགའ་པོ་བྱེད་པའི་ཧར་པིན་བས“ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཐེངས་གཉེར་བའི”གྲོང་ཁྱེར་གྱི་སྤྲོ་སེམས་མངོན།

     དེ་ནས་རིག་རྩལ་འཁྲབ་སྟོན་འགོ་ཚུགས་པ་དང་། འཁྲབ་སྟོན་དེ་སྟོད་ཆ་དང་བར་ཆ། སྨད་ཆ་བཅས་ལ་དབྱེ་ཡོད་པ་རེད། སྟོད་ཆ་དེ《ཚ་སོབ་སོབ་ཀྱི་གངས་འཁྱགས》ཞེས་པ་དེ་སྐང་གསང་མཐོ་བའི་ངལ་རྩོའི་གླུ་དབྱངས་ཁྲོད་འགོ་ཚུགས་པ་དང་། འཁྱགས་པ་རྐོ་མཁན་སྐྱེས་པས་ལག་ཏུ་འཁྱགས་གཟོང་འཁྱེར་ནས། འཁྱགས་པའི་ཐོག་གར་སྟབས་བསྒྱུར་ཅིང་། དེ་ནས་འཁྱགས་ཕུད་བརྐོས་ཟིན་རྗེས་དར་གོས་དམར་པོ་ཞིག་ལང་ལིང་ངང་ཐོན་ནས། སྐབས་འདིའི་ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་རྟགས“མཆོངས་བརྒལ”ཞེས་པ་དེ་མི་རྣམས་ཀྱི་མིག་ལམ་དུ་འཆར་ཡོད། པ་ལི་ཞབས་བྲོ་བས་འཁྱགས་པའི་ཐོག་ལང་ལིང་གར་སྟབས་བསྒྱུར་བ་དེ་ལས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་ལྗོངས་ཤིག་འཆར་བར་བྱས་ཡོད། བར་ཆ《སྤྲོ་སེམས་འཁོལ་བའི་དུས་འགྲོས》ཞེས་པའི་ནང་། ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པའི་གཟུགས་དབྱིབས་བརྙན་ཤེལ་ཐོག་གསལ་ཞིང་། གངས་འཁྱགས་ཐོག་ཡང་རྩལ་མངོན་པར་བྱས་པ་དང་། སྤྲོ་སེམས་འཁོལ་བའི་མི་ཚོགས་དང་ལྷན་དུ་རྩེད་མོ་རྩེད་པ་དང་ཞབས་བྲོ་འཁྲབ་པ། སྙིང་ཉེ་བའི“གངས་མི་ཆེན་པོ”ཚོགས་རའི་དབུས་སུ་ཐོན་ནས་མཉམ་དུ་འཁྱགས་གྲོང་གི་རོལ་རྩེད་དུས་ཆེན་ལ་རོལ་ཡོད། སྨད་ཆ《རི་ལྟར་མཐོ་ཞིང་ཆུ་ལྟར་རིང》ཞེས་པའི་ནང་། གར་མཁན་ཚོས་ལུས་ལ་ཨ་ཤེ་ཡའི་ཁྱད་ཆོས་ལྡན་པའི་གྱོན་ཆས་བཀླུབས་པ་དང་། སྤྲོ་སེམས་འཁོལ་བའི་ཞབས་བྲོའི་སྟངས་སྟབས་ཐོག་ནས་རང་གཞན་ཀུན་མཛེས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་མངོན་ཞིང་། ཐུན་མིན་གྱི“ཉི་གཡབ་ཀྱི་རོལ་དབྱངས་འདུ་འཛོམས”གར་སྟེགས་ནས་གཟིགས་སྟེགས་བར་སྣུར་སྲིང་བྱས་ཏེ། འཁྲུག་ཆ་དོད་པའི་དབྱངས་རྟས་ལས་དབང་གཅིག་མཐུན་དང་ཨ་ཤེ་ཡ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སེམས་སྒྲ་བརྒྱུད་བསྒྲགས་བྱས་ཡོད།

     ཆུ་ཚོད་21དང་སྐར་མ་24ཐོག་དཔལ་འབར་གཙོ་བོ་སྤོར་བའི་མཛད་སྒོ་འགོ་ཚུགས་ཤིང་། བརྙན་ཤེལ་ཆེན་པོ་བརྒྱུད་ས་གནས་ས་ཐོག་ཏུ་ཧར་པིན་གྱི་གངས་འཁྱགས་ཞིང་ཁམས་ཡན་ལག་ཚོགས་ར་དང་མཉམ་འགུལ་བྱས་ནས། དབྱང་དབྱང་དང་། ཧན་ཞའོ་ཕེང་། ཝང་ཀྲེན། ཀྲང་ཧུང་སོགས་དཔལ་འབར་འཁྱེར་མཁན་ལུས་རྩལ་པ་བཞི་ཡིས་དཔལ་འབར་བརྒྱུད་སྤྲོད་བྱས་པས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད། ལག་ཏུ་འཁྱགས་སྒྲོན་འཁྱེར་བའི་བྱིས་པ་ཚོས་དཔལ་འབར་འཁྱེར་མཁན་དང་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་དེ་དཔལ་འབར་འབར་སྟེགས་གཙོ་བོར་ལྷན་དུ་མེ་སྒྲོན་པས། “གངས་ཁྲོད་ལི་ཤིའི་མེ་ཏོག”ལྷུག་པོར་གྲོལ་བ་དང་། ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་མེ་ལྷབ་ལྷུབ་ཏུ་འབར། 

འཁྲབ་སྟོན་པ་ཡོངས་ཀྱིས་ཐུན་མོང་ཐོག་བརྗོད་དོན་གཙོ་བོའི་གླུ་གཞས《ཨ་ཤེ་ཡར་འོད་སྣང་འཚེར》ཞེས་པ་བླངས་ནས། ལུས་རྩལ་ཁང་ཧྲིལ་པོ་དགའ་སྤྲོའི་རྣམ་པས་ཁེངས་ཡོད།

     འགོ་ཚུགས་མཛད་སྒོར་ཞུགས་པའི་རྒྱལ་སྤྱིའི་སྐུ་མགྲོན་གྲས་སུ་པུ་རུ་ནེའི་རྒྱལ་པོ་ཧ་སང་ནའར་དང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཕུའུ་དང་སྐུ་ཟླ་ཀྲ་ཕ་ལུའོ་ཝ། ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲའར་ཏ་ལི། ཐེ་ལན་གྱི་ཙུང་ལི་ཕེ་ཐུང་ཐན། ལྷོ་ཁོ་རེ་ཡའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཡུས་ཡོན་ཀྲི་དང་སྐུ་ཟླ་ཧྲེན་ཅིང་ཧུའེ་བཅས་ཡོད་པ་རེད།

     ཝང་དབྱི་དང་། ཧོ་ལི་ཧྥེང་། ཝང་ཞའོ་ཧུང་། ཧྲེན་དབྱི་ཆིན་བཅས་འགོ་ཚུགས་མཛད་སྒོར་ཞུགས་ཡོད།

     ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་འགོ་ཚུགས་མཛད་སྒོར་ཞུགས་ཡོད།

     ཨ་ཤེ་ཡའི་ཨོ་ལིན་ཕིག་ལས་འཛིན་ལྷན་ཚོགས་ཀྱི་དཔོན་རིགས་སོགས་འགོ་ཚུགས་མཛད་སྒོར་ཞུགས་ཡོད།

འཛམ་གླིང་སྐར་ཁུངས།

▶ཕུའུ་ཅིང་གིས་འཛམ་གླིང་དམག་ཆེན་གསུམ་པ་འབྱུང་མིན་ཐད་ལན་འདི་བཏབ།

ཨུ་རུ་སུ་དང་ཨ་རི་དང་ནུབ་ཕྱོགས་བར་གྱི་འབྲེལ་བ་འཛུགས་ཐུབ་མིན་འདྲི་སྐབས། ཕུའུ་ཅིང་གིས། དེའི་འདོད་བློ་ཡོད་ན་ཅི་ཡང་འབྱུང་སྲིད།

中央广播电视总台 央广网 版权所有

སྐབས་དགུ་པའི་ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ།