ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

ཞི་ཅིན་ཕིང་གིས་མཁོ་འཚོང་མཉམ་ལས་བྱ་གཞག་གོང་འཕེལ་ཐད་བསྟན་དོན།

2024-11-29 14:38:00     责编:卓玛才让
      ཀྲུང་ཧྭ་རྒྱལ་ཡོངས་མཁོ་འཚོང་མཉམ་ལས་སྤྱི་ཁྱབ་ཁང་བཙུགས་ནས་ལོ་70འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ་དང་འབྲེལ། རྒྱལ་ཡོངས་མཁོ་འཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་རྣམས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་དང་། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་ཡོད།

     ཞི་ཅིན་ཕིང་གིས། ལོ་70ཡི་རིང་། མཁོ་འཚོང་མཉམ་ལས་ཁང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་ལྟེ་བའི་ལས་འགན་ལ་དམིགས་ནས། རང་འགུལ་ངང་ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་ཅིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་དང་གྲོང་གསེབ་ཀྱི་དཔལ་འབྱོར་དར་རྒྱས་གཏོང་བ། དབུལ་སྒྲོལ་འགག་གཏོར་ལ་རོགས་སྐྱོར་བྱེད་པ། ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་ཅེས་བསྟན་གནང་ཡོད།

     ཞི་ཅིན་ཕིང་གིས། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མཁོ་འཚོང་མཉམ་ལས་ཁང་གི་ལས་དོན་ལ་འགོ་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་ནས། སྟོབས་ཤུགས་འདི་ཉིད་བེད་སྤྱོད་གང་ལེགས་བྱེད་དགོས། མཁོ་འཚོང་མཉམ་ལས་ཁང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ནན་ཏན་བྱས་ཐོག ཞིང་ལས་དང་གྲོང་གསེབ་ཏུ་གཞི་ཚུགས་པ་དང་། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་ཏེ། ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་ཏུ་དང་ལམ་སྲོལ་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་པའི་ཐོན་སྐྱེད་དང་འཚོ་བར་ཞབས་འདེགས་ཞུ་བ་དང་དེང་རབས་ཞིང་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་སྟེགས་བུ་མུ་མཐུད་གཏོད་དེ། ཏང་དང་སྲིད་གཞུང་གིས་ཞིང་པ་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་འབྲེལ་ཟམ་ཡག་པོ་ཞིག་བྱེད་པ་དང་། མཁོ་འཚོང་མཉམ་ལས་བྱ་གཞག་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བརྩམས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་དང་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་མགྱོགས་སུ་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།

     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། མཁོ་འཚོང་མཉམ་ལས་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། དམིགས་བསལ་གྱི་བཟང་ཆ་འདོན་སྤེལ་བྱེད་པ། བསྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། ཚོང་གཉེར་དོ་དམ་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ་བཅས་བྱས་ནས། ཞིང་པར་ཞབས་ཞུ་སྒྲུབ་པའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། ཞིང་ལས་རྒྱུ་ཆ་མཁོ་སྤྲོད་དང་ཞིང་ལས་ཐོན་རྫས་འཁོར་རྒྱུག ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ། སླར་སྐྱེས་ཐོན་ཁུངས་ཚུར་བསྡུ་བེད་སྤྱོད་སོགས་གཙོ་གནད་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་བ། ཞིང་པའི་ཐོན་སྐྱེད་དང་འཚོ་བར་ཞབས་ཞུ་སྔར་བས་ཡག་པ་སྒྲུབ་པ་བཅས་ཀྱི་ཐོག་ནས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་མགྱོགས་སུ་གཏོང་ཆེད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས་ཞེས་བསྟན་གནང་ཡོད།

     ཀྲུང་ཧྭ་རྒྱལ་ཡོངས་མཁོ་འཚོང་མཉམ་ལས་སྤྱི་ཁྱབ་ཁང་བཙུགས་ནས་ལོ་70འཁོར་བའི་དྲན་གསོའི་ཚོགས་འདུ་ཚེས་28ཉིན་པེ་ཅིང་དུ་འཚོགས་ཡོད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཆང་གི་མཆན་འགོད་མཛུབ་སྟོན་བརྒྱུད་བསྒྲགས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་ཡོད། ཁོང་གིས། ལོ་70ཡི་གཟི་བརྗིད་སྲོལ་རྒྱུན་ལྡན་པའི་མཁོ་འཚོང་མཉམ་ལས་ཁང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག རྒྱལ་ཡོངས་མཁོ་འཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཁྲོད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཞིང་པར་ཞབས་ཞུ་སྒྲུབ་པའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་ཏེ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། རང་ངོས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་ནས། མཁོ་འཚོང་མཉམ་ལས་བྱ་གཞག་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་ལེའུ་གསར་པ་རྩོམ་དགོས་ཞེས་གསུངས་ཡོད།

     ཚོགས་འདུའི་ཐོག མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། ཀྲུང་ཧྭ་རྒྱལ་ཡོངས་མཁོ་འཚོང་མཉམ་ལས་སྤྱི་ཁྱབ་ཁང་གིས་མཉམ་འབྲེལ་ཐོག་རྒྱལ་ཡོངས་མཁོ་འཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་ངལ་རྩོལ་དཔེ་བཟང་། སྔོན་ཐོན་ལས་དོན་པ་བཅས་ལ་གཟེངས་བསྟོད་གནང་བ་དང་། བྱ་དགའ་ཐོབ་མཁན་གྱི་འཐུས་མིས་གཏམ་བཤད་སྤེལ་ཡོད།

     ཀྲུང་ཧྭ་རྒྱལ་ཡོངས་མཁོ་འཚོང་མཉམ་ལས་སྤྱི་ཁྱབ་ཁང་ནི་1954ལོར་བཙུགས་ཤིང་། ལོ་ངོ་70ཡི་རིང་འཕེལ་རྒྱས་ཕྱིན་པ་བརྒྱུད། མཁོ་འཚོང་མཉམ་ལས་ཁང་དེ་བརྒྱུད་རིམ་ཧྲིལ་པོ་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ཕྱོགས་སུ་མགྱོགས་མྱུར་སྣུར་སྲིང་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དུ་ཞབས་ཞུ་སྒྲུབ་པར་ཕྱོགས་ཡོངས་ནས་སྣུར་སྲིང་ཐུབ་ཡོད་པ་དང་། ཕྱོགས་བསྡུས་རང་བཞིན་དང་གཞི་ཁྱོན་ཅན། རྒྱུན་མཐུད་རུང་བ་བཅས་ཀྱི་ཞིང་པར་ཞབས་ཞུ་སྒྲུབ་པའི་མ་ལག་མགྱོགས་མྱུར་གྲུབ་སྟེ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་དང་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་མགྱོགས་སུ་གཏོང་བའི་ཁྲོད་དམིགས་བསལ་གྱི་བཟང་ཆ་དང་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་མཁོ་འཚོང་མཉམ་ལས་བྱ་གཞག་གོང་འཕེལ་ཐད་བསྟན་དོན།