ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

མི་དམངས་ཀྱི་སྔོན་གཤེཊ་དཔའ་བོར་དྲན་གསོ་ཞུས་པ།

2024-10-01 13:34:00     责编:卓玛才让
      ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་འདིར། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་ཉིན་མོའི་མི་དམངས་དཔའ་བོར་མེ་ཏོག་འབུལ་བའི་མཛད་སྒོ་དེ་ཟླ་9ཚེས་30ཉིན་གྱི་སྔ་དྲོ་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གཟབ་རྒྱས་ངང་གཉེར་བ་རེད། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི།  ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ལས་རིགས་ཁག་གི་འཐུས་མི་དང་ལྷན་དུ་མཛད་སྒོར་ཞུགས་པ་རེད།

     བརྗིད་ཉམས་ལྡན་པའི་གནམ་བདེ་སྒོ་མོའི་ཐང་ཆེན་དུ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། ཐང་ཆེན་གྱི་དཀྱིལ་དུ“མེས་རྒྱལ་ལ་སྨོན་འདུན་ཞུ”ཞེས་པའི་མེ་ཏོག་སི་ར་ཆེན་པོ་བཤམས་ཡོད་ཅིང་། དེས་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པའི་སྨོན་འདུན་བཟང་པོ་མཚོན་པར་བྱས། བརྗིད་ཆགས་འགྱིངས་ངེར་གནས་པའི་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་གི་བྱང་ངོས་སུ་མེ་ཏོག་སྟེགས་བུ་གཉིས་ཀྱི་སྟེང་དུ་ལུག་མིག་མེ་ཏོག་དཀར་པོ་སོགས་ལས་གྲུབ་པའི་མེ་ཏོག་ཕྲེང་བ་18ཀྱིས་བརྒྱན་ཞིང་། དེས་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱིས་སྔོན་གཤེགས་དཔའ་བོར་དྲན་གསོ་ཟབ་མོ་ཞུ་ལུགས་མཚོན་པར་བྱས་ཡོད།

     ཆུ་ཚོད་10པ་ཟིན་ལ་ཉེ་བའི་སྐབས་སུ། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི།  ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ཕེབས་ནས་མི་དམངས་དཔའ་བོར་མེ་ཏོག་འབུལ་བའི་མཛད་སྒོར་ཞུགས་ཡོད།

     དྲན་གསོའི་རྡོ་རིང་མདུན་དུ། ལས་རིགས་ཁག་གི་འཐུས་མི་2400ལྷག་ཙམ་གྱིས་ལག་ཏུ་མེ་ཏོག་འཁྱེར་ནས་གུས་སྟབས་ཀྱིས་ལངས་ཤིང་། ཁོང་ཚོའི་ཁྲོད་དགུང་ལོ་བརྒྱད་ཅུ་དགུ་བཅུར་ཕེབས་པའི་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས། བྲང་ཁར་དར་གོས་དམར་པོ་བཏགས་པའི་སྔོན་གཤེགས་དཔའ་བོའི་གཉེན་ཉེ། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་འཐུས་མི། གཟེངས་བསྟོད་ཐོབ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འཐུས་མི། སྐྱེ་སྟོབས་ཀྱི་དཔལ་འབར་བའི་ན་གཞོན་སློབ་མ་དང་ལོ་ཆུང་བྱིས་པ་བཅས་ཡོད་པ་རེད།

     རུ་བསྟར་གྱི་མདུན་དུ། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད། དམངས་གཙོ་ཏང་ཤོག་ཁག་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཏང་ཤོག་གང་ལའང་མ་གཏོགས་པའི་རྒྱལ་གཅེས་མི་སྣ། མི་དམངས་ཚོགས་པ་ཁག་དང་ལས་རིགས་ཁག་གི་མང་ཚོགས། འཐབ་འཛིང་པ་རྒན་གྲས་དང་། བློ་མཐུན་རྒན་གྲས། སྔོན་གཤེགས་དཔའ་བོའི་གཉེན་ཉེ། ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་བཅས་ཀྱི་མིང་ཐོག་ནས་ཕུལ་བའི་མེ་ཏོག་སི་ར་ཆེན་པོ་9རེ་རེ་བཞིན་བསྟར་པ་གཅིག་ཏུ་བྱས་ཏེ་སྒྲིག་པ་དང་། མེ་ཏོག་སི་རའི་ཐོག་བསྒྲོན་པའི་དར་གོས་དམར་པོའི་ཐོག་བྲིས་པའི“མི་དམངས་དཔའ་བོ་ཇི་སྲིད་བར་མི་ནུབ་པར་གྱུར་ཅིག”ཅེས་པ་དེ་བས་མངོན་གསལ་དོད་པར་སྣང་།

     ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་རོལ་དབྱངས་ཚོགས་པས《སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོའི་དུང་བརྡ》དཀྲོལ་ཡོད། སྐྱོ་གདུང་ཆེ་ལ་སྒྲ་གདངས་གསལ་བའི་དུང་བརྡ་དེས་མི་རྣམས་ལ་སྔར་སོང་གི་ལོ་ཟླ་ཕྱིར་དྲན་བྱེད་དུ་བཅུག་ཡོད། 

     “གུས་དམག་རང་གནས་སུ་ཞུགས”ཞེས་པའི་བཀའ་གྲགས་པ་དང་བསྟུན་ཏེ། སྐམ་མཚོ་མཁའ་གསུམ་གྱི་གཟབ་སྦྲེང་དམག་གིས་གོམ་སྟབས་བརྟན་པོའི་ངང་དྲན་གསོའི་རྡོ་རིང་མདུན་དུ་མེ་མདའ་འཁྱེར་ནས་སྐྱོད་དེ་འགྱིངས་ངེར་ལངས་ཡོད།

     ཆུ་ཚོད་བཅུ་པ་ཏག་ཏག་ལ་མི་དམངས་དཔའ་བོར་མེ་ཏོག་འབུལ་བའི་མཛད་སྒོ་དངོས་སུ་འགོ་ཚུགས་པ་རེད། དམག་མིའི་རོལ་ཆ་ཚོགས་པས《བློས་བླངས་དམག་གི་མདུན་སྐྱོད་རོལ་དབྱངས》དཀྲོལ་གཏོང་བྱས་ཡོད། ཚོགས་ར་ཡོངས་སུ་མགྲིན་དབྱངས་གཅིག་གྱུར་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་ཡོད།

     རྒྱལ་གླུ་བླངས་ཚར་རྗེས་ཚོགས་ར་ཡོངས་ཀྱི་མི་རྣམས་གུས་སྟབས་ཀྱིས་ཡར་བཞེངས་ནས་ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་དང་སྤྱི་མཐུན་རྒྱལ་ཁབ་འཛུགས་སྐྲུན་བྱ་གཞག་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།

     ངག་བསྡམས་མྱ་ངན་ཞུས་ཚར་རྗེས་ལག་ཏུ་མེ་ཏོག་སོས་པ་འཁྱེར་བའི་ལོ་ཆུང་བྱིས་པ་ཚོས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་ཕྱོགས་ནས་སྐད་གསང་མཐོན་པོས《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན》ཞེས་པའི་གླུ་གཞས་བཏང་བ་དང་འབྲེལ་ལོ་ཆུང་གདོང་ལེན་རུ་ཁག་གི་གུས་ལུགས་ཞུས་ཡོད།

     དམག་མིའི་རོལ་ཆ་ཚོགས་པས་བརྩེ་བ་ཟབ་པའི《མེ་ཏོག་འབུལ་བའི་རོལ་དབྱངས》དཀྲོལ་བ་དང་། གུས་དམག་18ཀྱིས་མེ་ཏོག་སི་ར་བརྟན་པོའི་ངང་བཏེགས་ནས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་གི་ཕྱོགས་སུ་དལ་གྱིས་བསྐྱོད་དེ་མེ་ཏོག་སི་ར་དེ་དྲན་གསོའི་རྡོ་རིང་སྟེགས་བུའི་ཐོག་བཞག་པ་རེད།

     ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དྲན་གསོའི་རྡོ་རིང་སྟེགས་བུའི་ཐོག་ཕེབས་པ་དང་། མེ་ཏོག་སི་རའི་མདུན་དུ་ཞབས་སོར་འཁོད་དེ་ནན་གྱིས་གཟིགས་པ་རེད། དམར་མདངས་བཀྲ་བའི་ཧུང་ཀྲང་མེ་ཏོག་དང་། འདབ་བརྒྱ་ལྷུག་པོར་གྲོལ་བའི་ལུག་མཉེ་མེ་ཏོག མཉེན་ཞིང་མཛེས་པའི་མེ་ཏོག་ཝུན་ཤིན་ལན་བཅས་ཕུལ་བ་བརྒྱུད་མི་དམངས་དཔའ་བོར་བཅངས་པའི་དྲན་སེམས་དང་བླ་ན་མེད་པའི་གུས་འདུད་ཞུ་ལུགས་མཚོན་པར་བྱས་ཡོད།

     ཞི་ཅིན་ཕིང་མདུན་དུ་ཕེབས་ཏེ་མེ་ཏོག་སི་རའི་སྟེང་གི་དར་གོས་ལེགས་སྒྲིག་ཞིབ་ཚགས་གནང་ཡོད། དེ་རྗེས་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་དལ་གྱིས་བསྐོར་ནས་ཞལ་མཇལ་ཞུས་པ་རེད།

     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། འབད་འབུངས་ཡར་བརྩོན། དྲང་སྲུང་གསར་གཏོད་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་བས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་རྣམ་པ་གསར་རྐྱང་ཞིག་བཏོད་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ཙམ་གྱིས་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་དང་འབད་འབུངས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། བློ་སྟོབས་ཆེན་པོས་སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་བརྟེན་ནས་དུས་རབས་ཀྱི་ལེའུ་གསར་པ་འབད་པས་བརྩམས་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་བཞིན་ཡོད།

     ལོ་ཆུང་བྱིས་པ་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་རྣམས་ཀྱང་རིམ་པ་བཞིན་དྲན་གསོའི་རྡོ་རིང་མདུན་དུ་བསྐྱོད་དེ་ལག་ནང་གི་མེ་ཏོག་སོས་པ་ཕུལ་བ་དང་འབྲེལ་དྲན་གསོའི་རྡོ་རིང་ལ་ཞལ་མཇལ་ཞུས་པ་རེད།

     མེ་ཏོག་འབུལ་བའི་མཛད་སྒོ་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་དབྱིན་ལི་ཡིས་གཙོ་སྐྱོང་གནང་ཡོད།

     པེ་ཅིང་དུ་ཞུགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་མཛད་སྒོར་ཞུགས་ཡོད།

     ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། པེ་ཅིང་དུ་ཞུགས་པའི་འཐབ་འཛིང་པ་རྒན་གྲས་དང་། བློ་མཐུན་རྒན་གྲས། སྔོན་གཤེགས་དཔའ་བོའི་གཉེན་ཉེའི་འཐུས་མི། བྱས་རྗེས་མཚན་སྙན་ཐོབ་མཁན་གྱི་འཐུས་མི། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་གཟིགས་སྐོར་ཚོགས་པའི་ཁོངས་མི། རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་སོགས་མཛད་སྒོར་ཞུགས་ཡོད།

中央广播电视总台 央广网 版权所有

མི་དམངས་ཀྱི་སྔོན་གཤེཊ་དཔའ་བོར་དྲན་གསོ་ཞུས་པ།