ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

ཞི་ཅིན་ཕིང་ནས་ཁེ་ལས་དང་ཆེད་མཁས་པའི་ཚོཊ་འདུའི་ཐོག་བསྟན་དོན།

2024-05-24 16:57:00     责编:卓玛才让
 ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་5ཚེས་23ཉིན་གྱི་ཕྱི་དྲོ་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་ཁེ་ལས་དང་རིགས་གཅིག་མཁས་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལྟེ་བའི་ལས་འགན་གཏན་འཁེལ་བྱས་ཡོད། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་བྱ་གཙོ་བོ་འདིར་དམ་པོར་གཞིགས་ཏེ། བསྒྱུར་བཅོས་ཀྱི་གཙོ་གནད་འབུར་དུ་ཐོན་པ་དང་། རིན་ཐང་ལྟ་ཕྱོགས་བརྟན་པོ་འཛུགས་པ། བྱ་ལུགས་བྱེད་སྟངས་ལ་དང་དོད་བྱེད་པ་བཅས་བྱས་ཏེ། ལྟེ་བའི་ལས་འགན་ལེགས་འགྲུབ་དང་འཐབ་ཇུས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པར་སྒུལ་ཤུགས་སྣོན་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།
བཞུགས་མོལ་ཚོགས་འདུའི་ཐོག རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིའི་ལས་འཛིན་དཔོན། ཏང་ཙུའུ་ཡི་ཧྲུའུ་ཅི་ལིའུ་མིང་ཧྲེང་དང་། ཧྲེན་ཀྲེན་གྲོང་ཁྱེར་གསར་གཏོད་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིའི་ལས་འཛིན་དཔོན། ཏང་ཨུད་ཀྱི་ཧྲུའུ་ཅི་ཙུའོ་ཏིང་། ཨན་ཐ་ལུས་རྩལ་མཁོ་ཆས་ཚོགས་པ་ཚད་ཡོད་ཀུང་སིའི་ལས་འཛིན་ཅུས་ཀྱི་ཀྲུའུ་ཞི་ཏིང་ཧྲི་ཀྲུང་། ཀྲེ་ཅང་ཁྲོན་ཧྭ་ཚོགས་པ་ཚད་ཡོད་ཀུང་སིའི་ལས་འཛིན་དཔོན་ཞུས་ཀོན་ཅུས། འཇར་མན་པོ་ཧྲི(ཀྲུང་གོ)མ་འཇོག་ཚད་ཡོད་ཀུང་སིའི་སྤྱི་འདོམས་པ་ཞུས་ཏ་ཆོན། ཤང་ཀང་ཧྥེང་ཧྲི་ཚོགས་པའི་ཀྲུའུ་ཞི་ཧྥེང་གོ་ཅིང་། པེ་ཅིང་སློབ་ཆེན་རྒྱལ་ཁབ་འཕེལ་རྒྱས་ཞིབ་འཇུག་གླིང་གི་དགེ་རྒན་ཆེ་མོ་བ་ཀྲོའུ་ཆི་རེན། ཀྲུང་གོ་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་གླིང་གི་ཡོན་ཀྲང་ཧོང་ཧན་ཆོན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་དཔལ་འབྱོར་དང་ཆབ་སྲིད་ཞིབ་འཇུག་ཁང་སུའོ་ཡི་སུའོ་ཀྲང་གཞོན་པ་ཀྲང་པིན་སོགས་ཁེ་ལས་དང་རིགས་གཅིག་པའི་འཐུས་མི་9ཡིས་སྔ་རྗེས་སུ་གཏམ་བཤད་སྤེལ་ཏེ། གློག་ཤུགས་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཉེན་ཁ་ཆེ་ལ་མི་མངོན་པའི་ཁེ་སྤོགས་ཆེ་བའི་མ་འཇོག་འཕེལ་རྒྱས་གཏོང་བ། ཚན་རྩལ་ལ་བརྟེན་ནས་སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་དང་ཆུ་ཚད་མཐོར་གཏོང་། དམངས་གཉེར་ཁེ་ལས་ཀྱི་བཅོས་སྐྱོང་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་གཏོང་། ཤང་ཀང་གིས་དེ་བས་ལེགས་པའི་ངང་གོང་འཕེལ་གྱི་གནས་སྟངས་གསར་པའི་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ལ་བསྒྱུར་བཅོས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་ཡོད། གཏམ་བཤད་སྤེལ་རིང་། ཞི་ཅིན་ཕིང་གིས་ཚང་མ་དང་སྤེལ་རེས་གཏིང་ཟབ་གནང་ཞིང་། ས་གནས་ས་ཐོག་གི་རྣམ་པ་འཁྲུག་ཆ་དོད་པོ་ཡོད་པ་རེད། 
ཚང་མའི་གཏམ་བཤད་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། ཏང་ཀྲུང་དབྱང་གིས་ཐབས་ཇུས་གལ་ཆེན་འདོན་པ་དང་ཡིག་ཆ་གལ་ཆེན་གཏན་འབེབས་བྱེད་སྐབས། རྟོག་ཞིབ་གཏིང་ཟབ་བྱེད་པ་དང་ཕྱོགས་ཁག་གི་བསམ་འཆར་ལ་རྒྱ་ཁྱབ་ངང་ཉན་པ་དེ་ནི་རང་རེའི་ཏང་གི་ཐོག་མཐའ་བར་གསུམ་གྱི་བྱེད་སྟངས་དང་སྲོལ་རྒྱུན་བཟང་པོ་ཞིག་རེད། ཚང་མས་བཏོན་པའི་བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་བསམ་འཆར་དང་གྲོས་འགོར་འབྲེལ་ཡོད་ཕྱོགས་ཀྱིས་ཞིབ་འཇུག་ནན་ཏན་དང་བསྡུ་ལེན་བྱ་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། བསྒྱུར་བཅོས་ནི་གོང་འཕེལ་གྱི་སྒུལ་ཤུགས་ཡིན། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་གོང་འཕེལ་གཏོང་རྒྱུ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུའི་སྤྱིའི་དམིགས་འབེན་འདིར་དམིགས་ཐོག ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། དམིགས་འབེན་གྱི་ཕྱོགས་སྟོན་དང་གནད་དོན་གྱི་ཕྱོགས་སྟོན་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས། གནད་དོན་ལ་ཕྱོགས་ནས་མདུན་སྐྱོད་དང་གནད་དོན་ལ་བལྟས་ཏེ་བསྒྱུར་བཅོས་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགོག་རྐྱེན་བཟོ་བའི་བསམ་བློ་འདུ་ཤེས་དང་སྒྲིག་སྲོལ་ལམ་སྲོལ་གྱི་སྐྱོན་ཆ་མཐའ་གཅིག་ཏུ་མེད་པར་བཟོ་བ། གཏིང་ཟབ་པའི་སྒྲིག་གཞི་སྒྲིག་སྲོལ་གྱི་བཀག་རྒྱ་དང་གྲུབ་གཞིའི་རང་བཞིན་གྱི་འགལ་ཟླ་ཐག་གཅོད་ནུས་ལྡན་བྱེད་པ་བཅས་ཀྱི་ཐོག་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྟོབས་དང་ལྡན་པའི་སྒུལ་ཤུགས་དང་ནུས་ལྡན་གྱི་ལམ་ལུགས་ཀྱི་འགན་ལེན་ཟམ་མི་ཆད་པར་འདོན་སྤྲོད་བྱེད་དགོས་ཞེས་བསྟན་གནང་ཡོད། 
ཞི་ཅིན་ཕིང་གིས། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར། འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོར་དམ་འཛིན་ཡག་པོ་བྱེད་དགོས། རང་རྒྱལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་བ་དང་། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་འཛུགས་པ། སྤྱི་ཁོག་དཔལ་འབྱོར་གྱི་བཅོས་སྐྱོང་མ་ལག་དང་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྒྲིག་གཞི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། ཁྱོན་ཡོངས་གསར་གཏོད་ལ་རྒྱབ་སྐྱོར་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གཏོང་བ་སོགས་ཀྱི་སྒྲིག་གཞི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་སྔར་བས་བཅིངས་འགྲོལ་དང་གོང་འཕེལ་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་སྔར་བས་ཆེ་རུ་གཏོང་བ། ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས། སྟེང་གི་བཀོད་པ། དཔལ་འབྱོར་གྱི་རྨང་གཞི་བཅས་འཚམ་མཐུན་དེ་བས་ལེགས་པ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དཔལ་འབྱོར་གྱི་སྒྲིག་གཞི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་དོན་དངོས་ཀྱི་དགོས་མཁོ་གཞིར་བཟུང་བ་དང་ཆེས་ཁ་ཚ་དགོས་གཏུགས་ཀྱི་དོན་དག་ནས་དམ་འཛིན་བྱས་ཏེ། དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་རིགས་གཞུང་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་དང་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། ཁྱབ་ཁོངས་གཞན་གྱི་བསྒྱུར་བཅོས་ཀྱང་གནས་བབ་ཧྲིལ་པོའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་ཐོག་གཅིག་སྡུད་བྱས་ཏེ་བསྒྱུར་བཅོས་བྱ་ཐབས་ཇུས་འགོད་བྱས་ནས། གཙོ་བོ་བཟུང་ན་ཡན་ལག་ངང་གིས་ཐོན་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། མི་དམངས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན་པས། བསྒྱུར་བཅོས་ལ་དམ་འཛིན་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དེ་མཐར་གཏུགས་ནས་བཤད་ན། མི་དམངས་ནས་དེ་བས་ཡག་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་ཆེད་ཡིན། མི་དམངས་ཀྱི་སྤྱི་ཡོངས་ཁེ་ཕན་དང་། རྩ་བའི་ཁེ་ཕན། ཕུགས་ཀྱི་ཁེ་ཕན་བཅས་ལ་གཞིགས་ཏེ་བསྒྱུར་བཅོས་ཇུས་འགོད་དང་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཐོག་ལེགས་པར་སྐྱོད་པ། ལས་ཞུགས་དང་འབབ་འཕར། སློབ་ཞུགས། སྨན་བཅོས། སྡོད་ཁང་། ལས་གཉེར། བུ་བཅོལ་རྒན་གསོ། དེ་བཞིན་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སོགས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་དང་དཀའ་ངལ་ཆེ་བ། སེམས་ཁྲལ་ཆེ་བ། རེ་སྒུག་ཆེ་བ་བཅས་ཀྱི་དོན་དག་ཁྲོད་ནས་བསྒྱུར་བཅོས་ཀྱི་ཤུགས་རྒྱག་ས་དང་འགག་གཏོར་བྱེད་གནས་འཚོལ་ཞིབ་བྱ་རྒྱུར་སྣང་ཆེན་བྱས་ཐོག དམངས་འཚོའི་ཐད་ཁ་ཚ་དགོས་གཏུགས་ཡིན་པ་དང་དམངས་སེམས་ཕྱོགས་ས་ཡིན་པའི་བསྒྱུར་བཅོས་བྱ་ཐབས་མང་ཙམ་འདོན་པ་དང་། དམངས་འཚོར་ཕན་པ་དང་དམངས་སེམས་དྲོ་བར་བྱེད་པ། དམངས་སེམས་དང་མཐུན་པ་བཅས་ཀྱི་བྱ་བ་དངོས་མང་ཙམ་སྒྲུབ་སྟེ། བསྒྱུར་བཅོས་ཀྱིས་མི་དམངས་མང་ཚོགས་ལ་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་དེ་བས་མང་བ་ཐོབ་པ་བྱེད་དགོས་ཞེས་བསྟན་གནང་ཡོད། 
ཞི་ཅིན་ཕིང་གིས། བསྒྱུར་བཅོས་ལ་གཏོར་དགོས་པ་ཡོད་ལ་འཛུགས་དགོས་པ་ཡང་ཡོད་པས། ཐབས་དེ་ཁོང་དུ་ཆུད་པ་ན། ངལ་བ་ཆུང་ཡང་གྲུབ་འབྲས་ཆེ་བ་དང་། ཐབས་དེ་ཁོང་དུ་མ་ཆུད་ཚེ། ངལ་བ་ཆེ་ཡང་གྲུབ་འབྲས་ཆུང་ལ། ཐ་ན་ཞོར་སྐྱོན་ཡང་ཐོན་སྲིད། དེས་ན། དྲང་སྲུང་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བསྒྱུར་བཅོས་གང་འདྲ་བྱས་རུང་ཏང་གི་ཁྱོན་ཡོངས་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། མར་ཁེ་སི་རིང་ལུགས་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱེད་པ། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་མཐའ་འཁྱོངས་བྱེད་པ་སོགས་རྩ་བའི་དོན་གནད་ལ་གཡོ་འགུལ་སྤུ་ཙམ་གཏོང་མི་རུང་བ་དང་ཆབས་ཅིག གསར་གཏོད་བྱེད་ཕོད་པ་བྱས་ཏེ། བསྒྱུར་བཅོས་བྱ་དགོས་པ་དང་བྱེད་ཐུབ་པ་རྣམས་བསྒྱུར་བཅོས་ལེགས་པར་བྱེད་པ་དང་གནད་ལ་འཕིགས་པོ་བྱེད་པ། གཏན་འཁེལ་ཟིན་ཚེ་བློ་བརྟན་འགྱུར་མེད་ངང་དམ་འཛིན་བྱེད་དགོས། བསྒྱུར་བཅོས་བྱེད་སྐབས་མ་ལག་གཅིག་སྡུད་བྱ་རྒྱུར་དེ་བས་སྣང་ཆེན་བྱེད་པ་དང་། གནས་བབ་ཧྲིལ་པོའི་འདུ་ཤེས་དང་མ་ལག་གི་བསམ་གཞིགས་ཇུས་འགོད་བྱས་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། བསྒྱུར་བཅོས་བྱེད་ཐབས་ཁག་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཁྱབ་ཁོངས་ཁག་དང་ཕྱོགས་ཁག་གི་བསྒྱུར་བཅོས་བྱ་ཐབས་དེ་ཁ་ཕྱོགས་གཅིག་ཏུ་ཤུགས་བརྒྱབ་ནས་མཉམ་ཤུགས་ཆགས་པ་བྱ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རང་འདོད་ཁེར་སྒྲུབ་དང་ཕན་ཚུན་འགོག་རྐྱེན་བཟོ་རིགས་མི་ཐོན་པ་དང་ཁྱད་བསད་བྱེད་དགོས། བསྒྱུར་བཅོས་བྱེད་པར་ཇུས་འགོད་ལ་སྣང་ཆེན་བྱེད་དགོས་ལ་དོན་འཁྱོལ་བྱ་རྒྱུར་དེ་བས་སྣང་ཆེན་བྱེད་དགོས། གཟེར་སྡེབ་ཀྱི་སྙིང་སྟོབས་ཐོག་ནས་བསྒྱུར་བཅོས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས་ཤིང་།  གཅིག་ནས་ཧུར་བརྩོན་དང་རང་འགུལ་བྱེད་དགོས་ལ། གཉིས་ནས་ཏན་ཏིག་དང་བརྟན་པོ་བྱེད་དགོས། སྔོན་ལ་སྒྲུབ་པའི་གོ་རིམ་ཁ་གསལ་བཟོ་བ་དང་། དུས་ཚོད་དང་ཚད་གཞི། ཕན་འབྲས་བཅས་ཀྱི་ཚད་ཟིན་པ། ནུས་ཤུགས་གང་ཡོད་དང་ནུས་པས་ལྕོགས་ཚོད་ཀྱིས་སྒྲུབ་པ་བཅས་བྱེད་དགོས་པ་ལས། དོན་དངོས་དང་ཁ་བྲལ་མི་རུང་ཞེས་ནན་སྟོན་གནང་ཡོད།
ལི་ཀན་ཅེ་དང་ཧོ་ལི་ཧྥེང་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་ཁུར་བློ་མཐུན་དང་། ཧྲན་ཏུང་ཞིང་ཆེན་ཀྱི་འགན་ཁུར་བློ་མཐུན། གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས། ཕྱི་དངུལ་མ་འཇོག་ཁེ་ལས། ཀང་ཨའོ་ཐའེ་ཡི་མ་འཇོག་ཁེ་ལས། ཆེད་ཞིབ་ཁྱད་གསར་གྱི་“གཞི་ཆུང་སྟོབས་ཆེའི”ཁེ་ལས། སྒེར་གྱི་ཚོང་དུད། རིགས་གཅིག་མཁས་པ་དང་རིག་གནས་པའི་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་ནས་ཁེ་ལས་དང་ཆེད་མཁས་པའི་ཚོཊ་འདུའི་ཐོག་བསྟན་དོན།