ཀྲུང་གོའི་ཕྱི་ཕྱོཊ་ཉོ་ཚོང་འགོ་ཡག་པོ་ཚུཊ་ཤིང་འཕེལ་ཕྱོཊ་ཡག་པ།
ད་ལོའི་དུས་ཚིགས་དང་པོར། རང་རྒྱལ་གྱི་རླངས་འཁོར་དང་གྲུ་གཟིངས་སོགས་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་མངོན་གསལ་དོད་དུ་སོང་བ་དང་། དེའི་ཁྲོད་ནས་གྲུ་གཟིངས་ཕྱིར་གཏོང་དངུལ་འབོར་དུས་མཚུངས་ལས་113.1%འཕར་ཡོད་པ་རེད། མིག་སྔར་གྲུ་ཁ་རེ་རེར་གྲུ་གཟིངས་རེ་རེ་བཞིན་གཅིག་རྗེས་གཉིས་མཐུད་ངང་རྩིས་སྤྲོད་ཕྱིར་གཏོང་བྱེད་བཞིན་ཡོད། ཀྲུང་གོའི་གྲུ་གཟིངས་ཚོགས་པའི་ཀོང་ཀྲོའུ་གྲུ་གཟིངས་རྒྱལ་སྤྱིའི་གཉེར་སྐྱོང་པུའི་པུའུ་ཀྲང་ལི་ཧའོ་ཡིས། ཀྲུང་གོའི་གྲུ་གཟིངས་བཟོ་གྲྭ་དེ་ཉིན་རེ་བཞིན་གོ་ལ་ཧྲིལ་པོའི་གྲུ་གཟིངས་བདག་པོས་མཉམ་ལས་བྱ་ཡུལ་དུ་འགྱུར་བཞིན་ཡོད། ད་ལྟ་གྲུ་གཟིངས་ཀྱི་ཁྲོམ་ར་ཧྲིལ་པོ་ཡག་པོ་ཡོད་དེ། ཚ་ཚ་འུར་འུར་ངང་ཐོན་སྐྱེད་དང་ལྗིད་འདེགས་འཕྲུལ་འཁོར་ཆེན་པོས་སྤྱིའི་ཆ་ནས་བསྟུད་མར་ལས་གཉེར་བྱེད་བཞིན་ཡོད། གནས་ཚུལ་འདི་འདྲའི་འོག་མངགས་ཐོ་ཁ་ཤས་ཐ་ན་གན་རྒྱའི་ནང་འཁོད་པའི་རྩིས་སྤྲོད་དུས་ཡུན་ལས་སྔ་བ་བྱུང་ཡོད། གྲུ་བདག་ཚང་མས་གྲུ་རྩིས་བླངས་ཏེ་ཐད་ཀར་འཁོར་སྐྱོད་བྱེད་འདོད་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་འདུག
གོ་ལ་ཧྲིལ་པོའི་གྲུ་གཟིངས་བཟོ་ལས་ཀྱི“མུ་ཏིག་གསུམ”གཅིག་སྡུད་བྱེད་པའི་གྲོང་ཁྱེར་ཉག་ཅིག་དེ་ཡིན་པའི་ཧྲང་ཧའེ་རུ། གྲུ་གཟིངས་ཕྱིར་གཏོང་བྱ་རྒྱུ་དེ་ཕྱི་ཕྱོགས་ཉོ་ཚོང་གི་འཕར་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། སྣེ་ཁྲིད་ཁེ་ལས་མང་པོ་ཞིག་གིས། མངགས་ཐོ་གསར་པ་ཐོབ་པ་དང་ཐོན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་བྱེད་པའི་ཐད་ཚད་བརྒལ་ཅུང་ཟད་བྱུང་ཡོད་ཅེས་བཤད་པ་རེད། ཧྲང་ཧའེ་ཝེ་ཀའོ་ཆའོ་གྲུ་བཟོའི་ཁྲོམ་རའི་ཚོང་གཉེར་པུའི་དངོས་ཟོག་སྐམ་སིལ་ཟོག་འདྲེན་གྲུ་གཟིངས་ཁང་གི་ཀྲུའུ་རེན་ཝེ་ཡན་གྱིས། མིག་སྔར་ཀུང་སིའི་གྲུ་གཟིངས་འཇོག་གནས་2028ལོ་དང་ཐ་ན་དེ་ལས་རིང་བའི་དུས་ཚོད་བར་བཀོད་སྒྲིག་བྱས་ཟིན་པས། ཐོན་སྐྱེད་བྱེད་ཚད་མང་བའི་སྒང་རེད་ཅེས་བརྗོད་ཆོག་ཅེས་བརྗོད་པ་རེད།
ལོ་འདི་ཤར་ཚུན། རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་འགོ་ཡག་པོ་ཚུགས་ཡོད་པ་དང་། འཕེལ་རྒྱས་འགྲོ་ཚུལ་ཡག་པོ་བྱུང་ཡོད། འགག་སྒོའི་བསྡོམས་རྩིས་ལ་གཞིགས་ན། དུས་ཚིགས་དང་པོར་དངོས་ཟོག་ཉོ་ཚོང་གི་གཞི་ཁྱོན་དེ་སྒོར་དུང་ཕྱུར་ཁྲི་10.2ཟིན་ཡོད་པ་དང་། དུས་ཚིགས་གཅིག་གི་ནང་སྒོར་དུང་ཕྱུར་ཁྲི་10ལས་བརྒལ་ཐེངས་དང་པོ་ཡིན་པ། འཕར་སྣོན་མྱུར་ཚད་5%ཟིན་པ་དེ་ནི་དུས་ཚིགས་6རིང་གི་ཟིན་ཐོ་མཐོ་ཤོས་ཡིན་པ་རེད། ཕྱིར་གཏོང་ཁེར་གཙང་གིས་དཔལ་འབྱོར་འཕར་བར་ལེགས་སྐྱེས་ཕུལ་ཚད་14.5%བར་མཐོ་རུ་ཕྱིན་ཡོད། ཚོང་དོན་པུའི་ཕྱི་ཕྱོགས་ཉོ་ཚོང་སིའི་སི་ཀྲང་ལི་ཤིང་ཆན་གྱིས། དུས་ཚིགས་དང་པོའི་ཕྱིར་གཏོང་མཚོན་ཚུལ་དང་ཟུང་འབྲེལ་བྱས་ན། ཁྱབ་ཁོངས་གསུམ་གྱི་གསར་གཏོད་གསོན་ཤུགས་ཆེན་པོ་ཡོད་པ་དང་རྒྱུན་མཐུད་ངང་འཕར་བའི་མི་མངོན་པའི་སྟོབས་ཤུགས་ལྡན་ཡོད། དེ་ཡང་། གཅིག་ནི་སྒྲིག་ཆས་ཆ་ཚང་ཕྱིར་གཏོང་བྱེད་པའི་རྨང་གཞི་བརྟན་པོ་ཡོད་པ་དང་། ཀྲུང་གོའི་རླངས་འཁོར་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དེ་དག་ལས་ཐོན་ལས་སྦྲེལ་ཐག་རིང་པོ་དང་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་གསར་གཏོད་གྲུབ་འབྲས་གཅིག་ཏུ་འདུས་ཡོད། གཉིས་ནི་རིག་ནུས་ཐོན་རྫས་ཕྱིར་གཏོང་དགོས་མཁོ་ཆེ་རུ་ཕྱིན་པ་དང་། ཀྲུང་གོའི་ཕྱིར་གཏོང་ཐོན་རྫས“ཆེད་ཞིབ་ཁྱད་གསར”ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་ཅིང་། ཁྱབ་ཁོངས་ཞིབ་དབྱེ་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་པ། གསུམ་ནི་ཐཱན་ཉུང་དང་ནུས་རྒྱུ་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཐོན་རྫས་ལ་དགའ་བསུ་ཆེན་པོ་ཐོབ་ཡོད་ཅེས་གསུངས་འདུག
ད་ལྟ་འཚོག་བཞིན་པའི་སྐབས་135པའི་ཀོང་ཀྲོའུ་ཚོང་འདུས་ཐོག ཀྲུང་གོའི་ཁེ་ལས་མི་ཉུང་བ་ཞིག་གིས་ཕྱི་རྒྱལ་གྱི་འཛད་སྤྱོད་པའི་དཀའ་གནད་ལ་དམིགས་ཏེ། གཙང་བཟོ་དང་། ཤེལ་ཕྱིས། ལྟོ་སྐྱེལ། རྩྭ་འབྲེག་བྱེད་སོགས་ཁྱིམ་སྤྱོད་འཕྲུལ་མིའི་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱས་ནས་བཏོན་པས། ཉོ་སྒྲུབ་བྱེད་མཁན་ཚོང་པའི་དགའ་མོས་ཐོབ་ཏེ་མངགས་ཉོ་བྱེད་མཁན་མང་པོ་བྱུང་ཡོད། ཀོང་ཏུང་ཧྲའོ་ཀོན་གྱི་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཤིག་གི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་སུའུ་ཞའོ་ཏུང་གིས་གསར་འགོད་པར། ཚེས་23ཉིན་འགོ་འཛུགས་རྒྱུའི་དུས་ཐེངས་གཉིས་པའི་ཀོང་ཀྲོའུ་ཚོང་འདུས་ཐོག ཁེ་ལས་ཀྱིས་རྒྱུ་ཆ་ཟད་གྲོན་ཆུང་བའི་ལྟོ་སྣོད་སྣ་ཚོགས་འགྲེམས་སྟོན་བྱ་རྒྱུ་དང་ཆབས་ཅིག ཕྱི་རྒྱལ་གྱི་འཛད་སྤྱོད་པར་མཁོ་བའི་ཧྥུའུ་འདུས་མེད་པའི་ཐོན་རྫས་གསར་པ་ཡང་འཁྱེར་ཡོད། ཐོན་རྫས་90%ཡན་ཚང་མ་ཕྱི་རྒྱལ་ལ་བྲིན་འཚོང་བྱེད་ཀྱི་ཡོད། ཕྱི་རྒྱལ་ཚོང་པར་ད་ལྟ་ཧྥུའུ་འདུས་མེད་པའི་ཐོན་རྫས་ཀྱི་དགོས་མཁོ་ཆེན་པོ་ཡོད། དེའི་ཁྲོད་དུ་ཧྥུའུ་འདུས་མེད་པའི་ཆ་རྐྱེན་འོག ཆུ་འགོག་དང་སྣུམ་འགོག་ཐུབ་པའི་ཐོན་རྫས་གསར་པ་དེ་དག་ནི་ཁོང་ཚོས་དོ་ཁུར་ཆེན་པོ་བྱ་ཡུལ་ཞིག་རེད་ཅེས་གསུངས་ཡོད།
ཀོང་ཀྲོའུ་ཚོང་འདུས་ལ་ཞུགས་པའི་ཁེ་ལས་ཁྲི་2ལྷག་ཙམ་ལ་འདྲི་ཤོག་བརྟག་དཔྱད་བྱས་འབྲས་ལས་མངོན་པར། ལག་ནང་གི་མངགས་ཐོ་མང་དུ་འགྲོ་བའམ་ཆ་སྙོམས་སུ་གནས་པའི་ཁེ་ལས་ཀྱི་བསྡུར་ཚད་དེ་81.5%ཟིན་པ་དང་། དེ་སྐབས་གོང་མ་ལས་བརྒྱ་ཆའི་གནས་16.8མཐོ་རུ་སོང་ཡོད། མཇུག་འགྲིལ་མ་ཐག་པའི་དུས་ཐེངས་དང་པོའི་ཀོང་ཀྲོའུ་ཚོང་འདུས་ཐོག ཡུལ་དངོས་སུ་ཕེབས་མཁན་མངོན་གསལ་དོད་པོས་མང་དུ་སོང་བ་དང་། ཡུལ་དངོས་སུ་ཕེབས་པའི་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་ཁྲི་12ལས་བརྒལ་ཞིང་། དེ་སྐབས་གོང་མ་ལས་23.2%འཕར་བ་དང་། འཛམ་གླིང་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་212ལ་ཁྱབ་ཡོད། ཁེན་ཉི་ཡའི་ཉོ་སྒྲུབ་ཚོང་པ་ཏུའོ་སྨི་ཉི་ཁེར་ཀྲུང་གོའི་ཕྱིར་གཏོང་ཐོན་རྫས་ཀྱི་འགྱུར་ལྡོག་འགྲོ་ཚུལ་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།
ཏུའོ་སྨི་ཉི་ཁེས། ཀྲུང་གོར་ཡོང་ཐེངས་རེར་ཀྲུང་གོས་བཟོས་པའི་ཐོན་རྫས་ཀྱི་སྤུས་ཚད་དེ་བས་ཡག་ཏུ་ཕྱིན་པ་མཐོང་ཐུབ་ཀྱི་འདུག ཀྲུང་གོས་འཛམ་གླིང་ཧྲིལ་པོར་གསར་གཏོད་ཀྱིས་ཕྱུག་པའི་ཐོན་རྫས་ཡག་པོ་དེ་བས་མང་བ་མཁོ་འདོན་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
ཉེ་ཆར་ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ཀུའོ་ཐིང་ཐིང་གིས། མིག་སྔར། ཚོང་དོན་པུས་དམིགས་སའི་རང་བཞིན་དང་དངོས་གཉེར་ཕན་ཡོད་ཀྱི་ཕྱི་ཚོང་བརྟན་པོ་ཡོང་བར་བྱེད་པའི་རྒྱབ་སྐྱོར་བྱ་ཐབས་རབ་དང་རིམ་པ་ཞིབ་འཇུག་བྱས་ནས་བཏོན་པས། ཕྱི་ཚོང་ཁེ་ལས་ཀྱི་སྒུལ་ཤུགས་འཕར་རྒྱུ་དང་ཁྲོམ་ར་རྒྱ་སྐྱེད་ཐུབ་རྒྱུར་རོགས་རམ་བྱེད་བཞིན་ཡོད། ང་ཚོར་ད་ལོའི་ཕྱི་ཚོང་གི“སྤུས་ཚད་རིམ་འཕར་དང་འབོར་ཚད་བརྟན་པོའི”ལས་ཀའི་དམིགས་ཚད་ལེགས་འགྲུབ་ཐུབ་པའི་སེམས་ཤུགས་ཡོད་ལ་ནུས་པ་ཡང་ཡོད་ཅེས་གསུངས་པ་རེད།