རང་རྒྱལ་གྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ཆེན་པོ་བྱུང་བ།
དབང་པོ་སྐྱོན་ཅན་གྱི་བྱ་གཞག་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོས་དབང་པོ་སྐྱོན་ཅན་ལ་དོ་ཁུར་ཆེན་པོ་དང་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་གཅེས་སྐྱོང་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་བཏང་ནས། དབང་པོ་སྐྱོན་ཅན་གྱི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།
ཉེ་བའི་ལོ་ཤས་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག རང་རྒྱལ་གྱི་དབང་པོ་སྐྱོན་ཅན་གྱི་འཚོ་གནས་གནས་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ། བང་རིམ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་རིམ་བཞིན་འཐུས་ཚང་དུ་ཕྱིན་ནས། རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
རང་རྒྱལ་དུ་དབང་པོ་སྐྱོན་ཅན་བྱེ་བ་བརྒྱད་དང་ས་ཡ་ལྔ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབང་པོ་སྐྱོན་ཅན་ལ་ཐུགས་ཁུར་ཆེན་པོ་དང་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་གནང་ནས། དབང་པོ་སྐྱོན་ཅན་གྱི་བྱ་གཞག་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་ཡོད།
2014ལོའི་ཟླ་5པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རང་སྟོབས་རང་སྤེལ་གྱི་དཔེ་བཟང་བ་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐེངས་ལྔ་པའི་ཐོག་གཟེངས་བསྟོད་ཐོབ་པའི་འཐུས་མིར་མཇལ་འཕྲད་གནང་སྐབས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུ་དེ་རང་འཁྲིའི་ལས་འགན་ལ་བརྩི་བ་དང་འཛུགས་སྐྲུན་བྱ་གཞག་ཁག་ཚང་མས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་དེའི་ནང་བཅུག་ནས། དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་ལམ་ལུགས་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་བྱེད་ཐབས་ཟམ་མི་ཆད་པར་གསར་གཏོད་བྱས་ནས་ལས་རིགས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་སོགས་བརྒྱུད་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལམ་བུ་ཇེ་ཡངས་སུ་བཏང་ཡོད། 2022ལོའི་ལོ་མཇུག་བར་སླེབས་དུས། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཏུ་ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན་ས་ཡ་དགུ་དང་ལྔ་ཁྲི་ལྔ་སྟོང་ལས་ཞུགས་ཐུབ་ཡོད་པ་རེད།
ཧྲན་ཏུང་དུ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཁ་ཕྱོགས་དེ་སྲོལ་རྒྱུན་གྱི་ཞབས་ཞུའི་ལས་རིགས་དང་ལག་ཤེས་བཟོ་ལས་ཁོ་ན་མིན་པར་མི་ཐབས་རིག་ནུས་དང་གློག་རྡུལ་ཚོང་དོན་སོགས་ཁྱབ་ཁོངས་གསར་པར་ཡང་ཁ་ཕྱོགས་ཡོད། ཅི་ནན་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་གཞོན་པ་ལིའུ་ཧུང་ཝུའེ་ཡིས། ཅི་ནན་གྱིས་ད་དུང་ཞབས་ཞུའི་བྱེད་ཐབས་བརྒྱུད་དབང་པོ་སྐྱོན་ཅན་གསོ་སྦྱོང་དང་ལས་ཞུགས་གཞི་གཅིག་ཅན་གྱི་ཞབས་ཞུ་སྒྲུབ་ཀྱི་ཡོད། རྒྱལ་ཡོངས་སུ་ཅི་ནན་གྲོང་ཁྱེར་གྱིས་སྔོན་ལ་གདུབ་ཟུམ་རྣམ་པའི་གསོ་སྦྱོང་ལས་ཞུགས་ཞབས་ཞུ་བྱེད་སྟངས་སྤྱད་དེ། དབང་པོ་སྐྱོན་ཅན་གསོ་སྦྱོང་ལས་ཞུགས་ཀྱི་མཁོ་སྤྲོད་འབྲེལ་བ་འཁོར་རྒྱུག་བཟང་པོ་ཡོང་བར་སྐུལ་འདེད་བཏང་ཡོད། ང་ཚོས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཁོར་ཡུག་ལེགས་སུ་གཏོང་བ་དང་དབང་པོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་ཡག་པོ་བྱས་ནས། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།
དུས་ཐེངས་གཉིས་ཀྱི་དམིགས་བསལ་སློབ་གསོ་ལེགས་གཏོང་གི་འཆར་གཞི་དང《“ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི”དམིགས་བསལ་སློབ་གསོའི་འཕེལ་རྒྱས་ལེགས་གཏོང་གི་བྱ་སྤྱོད་འཆར་གཞི》ལག་བསྟར་བྱས་པ་དང་བསྟུན་ནས། རང་རྒྱལ་གྱི་དམིགས་བསལ་སློབ་གསོ་ཁྱབ་གདལ་གཏོང་བའི་ཆུ་ཚད་དང་འགན་ལེན་གྱི་ཆ་རྐྱེན་ཉེ་བའི་ལོ་ཤས་རིང་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།
ཉེ་ཆར། ཅང་སུའུ་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལག་བསྟར་བྱས་པའི་རྒྱལ་ཡོངས་ཀྱི་ARམིག་ཤེལ་ཐོག་མ་འོན་པའི་སློབ་གྲྭར་སྤྱོད་པའི་རྣམ་གྲངས་ནན་ཅིན་དུ་ལག་བསྟར་བྱས་ཡོད། རིག་ནུས་ཉན་ཚོར་སོགས་ལག་རྩལ་མང་པོ་མཉམ་འདྲེས་བྱས་པའི་ARམིག་ཤེལ་ལ་བརྟེན་ན། རྣ་ཤེས་ཉམས་པ་དག་གིས་སྐད་སྒྲ“མཐོང”ཐུབ་པས། སློབ་སྦྱོང་བྱེད་རྒྱུ་སྔར་ལས་སྟབས་བདེ་རུ་བཏང་ཡོད། ནན་ཅིན་གྲོང་ཁྱེར་འོན་པའི་སློབ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཡོན་ཆིང་གིས། ARཀྱིས་སྐད་བརྡ་ལོ་ཙཱ་བྱས་པ་བརྒྱུད། མིག་ཤེལ་གྱི་སྟེང་དུ་ཡིི་གེའི་ཆ་འཕྲིན་མངོན་པ་དང་། སློབ་མས་ཡི་གེ་ཀློག་པ་བརྒྱུད། སློབ་ཚན་ལ་རྒྱུས་མངའ་ལོན་ཚད་མཐོ་རུ་གཏོང་ཐུབ་པས། ལག་བརྡ་ལ་བརྟེན་ནས་ཆ་འཕྲིན་དང་ཤེས་བྱ་བསྡུ་ལེན་བྱེད་པའི་ཐད་ཀྱི་མི་འདང་སར་ཁ་གསབ་བྱས་ཡོད་ཅེས་གསུངས་པ་རེད།
གེགས་མེད་ཁོར་ཡུག་ནི་དབང་པོ་སྐྱོན་ཅན་འདྲ་མཉམ་ངང་སྤྱི་ཚོགས་འཚོ་བར་ཞུགས་པའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡིན། ཨན་ཧུའེ་ཞིང་ཆེན་མ་ཨན་ཧྲན་གྲོང་ཁྱེར་པན་ཧྲན་མེ་ཏོག་ལྡུམ་ར་སྡེ་ཁུལ་ཡུས་ཏུང་གྲོང་ཚོ་རུ། ས་གནས་དེ་གའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལག་བསྟར་བྱས་པའི་གེགས་མེད་ལེགས་བསྒྱུར་ལས་ཕན་པ་ཐོབ་པའི་དབང་གིས། ལོ་62ཡིན་པའི་ཀྲང་ཡུན་ལི་ཞོགས་པ་སྔ་མོ་ནས་རྐུབ་སྟེགས་འཁོར་ལོ་ལ་བསྡད་དེ་ལས་སླ་མོའི་ངང་སྒོ་ཕྱིར་བསྐྱོད་པ་རེད།
རང་རྒྱལ་གྱི་ཐེངས་དང་པོར་གེགས་མེད་ཁོར་ཡུག་འཛུགས་སྐྲུན་ཆེད་དུ་གཏན་འབེབས་བྱས་པའི་ཆེད་དོན་བཅའ་ཁྲིམས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གེགས་མེད་ཁོར་ཡུག་འཛུགས་སྐྲུན་བཅའ་ཁྲིམས་ད་ལོའི་ཟླ་9པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་འགོ་བརྩམས་ཤིང་། དབང་པོ་སྐྱོན་ཅན་དང་བགྲེས་སོང་སོགས་སྤྱི་ཚོགས་འཚོ་བའི་ཁྲོད་འདྲ་མཉམ་དང་། གང་ལེགས། སྟབས་བདེ་བཅས་ཀྱི་སྒོ་ནས་ཞུགས་པར་ཁྲིམས་སྐྱོང་འགན་ལེན་བྱས་ཡོད་པ་རེད།
དེ་དང་ཆབས་ཅིག རང་རྒྱལ་གྱིས་དབང་པོ་སྐྱོན་ཅན་གྱི་དགོས་མཁོ་ལ་དམིགས་པའི་ཕན་བདེ་རང་བཞིན་དང་རྨང་གཞིའི་རང་བཞིན། མཐིལ་སྲུང་རང་བཞིན་བཅས་ཀྱི་འགན་སྲུང་སྲིད་ཇུས་སྔར་ལས་འཐུས་ཚང་དུ་བཏང་བ་དང་། དབང་པོ་སྐྱོན་ཅན་གྱི་གཞི་རྩའི་དམངས་འཚོ་ལ་འགན་ལེན་བྱེད་པའི་བདེ་འཇགས་དྲ་བ་བསྐྲུན་ཡོད། 2022ལོའི་ལོ་མཇུག་བར་སླེབས་སྐབས། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་པའི་དབང་པོ་སྐྱོན་ཅན་གྱི་མི་གྲངས་བྱེ་བ་གཉིས་དང་ས་ཡ་བདུན་དང་དྲུག་འབུམ་ཆིག་ཁྲི་བདུན་སྟོང་ཟིན་ཡོད་པ་དང་། དབང་པོ་སྐྱོན་ཅན་བྱེ་བ་གཅིག་དང་ས་ཡ་གཉིས་དང་དགུ་ཁྲི་གསུམ་སྟོང་གིས་རྒན་གསོའི་དངུལ་ལེན་བཞིན་པ། དབང་པོ་སྐྱོན་ཅན་གྱི་གསོ་བཅོལ་ཞབས་ཞུ་སྒྲུབ་བཞིན་པའི་རིམ་པ་ཁག་དང་རིགས་ཁག་གི་ལས་ཁུངས་8906ཟིན་ཡོད་པ་རེད།
ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁེ་དབང་སྲུང་སྐྱོབ་པུའུ་ཡི་ཀྲུའུ་རེན་ཀྲའུ་ཅན་གྱིས། སླད་ཕྱིན་ང་ཚོས་གཙོ་གནད་ཐོག་དབང་པོ་སྐྱོན་ཅན་བྱ་གཞག་གི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་། དབང་པོ་སྐྱོན་ཅན་གྱི་སྤྱི་བའི་ཁྲིམས་ལུགས་ཞབས་ཞུ། གེགས་མེད་ཁོར་ཡུག་འཛུགས་སྐྲུན་ཁྲིམས་འཛུགས། དཀའ་ངལ་ཡོད་པའི་ཚབས་ཆེའི་དབང་པོ་སྐྱོན་ཅན་ཁྱིམ་ཚང་གི་གེགས་མེད་ལེགས་བཅོས་སོགས་ཐད་ཀྱི་ལས་དོན་ཡག་པོ་བསྒྲུབ་པ་དང་། དབང་པོ་སྐྱོན་ཅན་གྱི་བྲེལ་བ་ཆེ་བ་དང་དཀའ་ངལ་ཆེ་བ། སེམས་ཁྲལ་ཆེ་བ། རེ་སྒུག་ཆེ་བ་བཅས་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པ། བྱ་ཐབས་ནུས་ལྡན་སྤྱད་དེ་དབང་པོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱས་ནས། དབང་པོ་སྐྱོན་ཅན་གྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་བ་དང་། དབང་པོ་སྐྱོན་ཅན་གྱི་ཕྱོགས་ཡོངས་གོང་འཕེལ་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
ཡིག་སྒྱུར། མཚམས་གཅོད། རིན་ཆེན་མཚོ།