ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

འཐུས་མི་དང་ཨུ་ཡོན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་གཉིས་རིང་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ཧུར་ཐག་བྱས་པ།

2021-03-14 11:09:00     责编:卓玛才让

ཕྱར་བ་གྲུ་འདེགས་དང་རང་འགན་གཙང་སྒྲུབ་སྟེ། འཐུས་མི་དང་ཨུ་ཡོན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་གཉིས་རིང་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ཧུར་ཐག་བྱས་པ།

ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཚོགས་ཆུང་ཁག་བགོས་ནང་ཐེངས་བཞི་ཞུགས་གནང་སྟེ་འཐུས་མི་དང་ཨུ་ཡོན་རྣམས་དང་སྤེལ་རེས་གཏིང་ཟབ་གནང་བ་དང་རྒྱལ་དོན་ཐད་གྲོས་བསྡུར་གནང་བ་དང་། གོང་འཕེལ་གྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་དང་སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་རྒྱུའི་ཐད་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་ཡོད། རྒྱ་ཆེའི་འཐུས་མི་དང་ཨུ་ཡོན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་། ཕྱར་བ་གྲུ་འདེགས་དང་རང་འགན་ཡག་པོ་སྒྲུབ་སྟེ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་རྒྱུའི་རྣམ་པ་བསྟན་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྔ་བར་ཕྱི་གསུམ་དུ་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སེམས་དབུས་སུ་འཇོག་དགོས་པ་དང་། དམངས་འཚོའི་ཕན་བདེ་བསྐྲུན་རྒྱུར་བློ་བརྟན་འགྱུར་མེད་ངང་ཤུགས་སྣོན་རྒྱག་པ། སྤུས་ཚད་མཐོ་བའི་གོང་འཕེལ་དང་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་བྱེད་པ། འབྱུང་ཁམས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད། སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་རྒྱུ་བཅས་ཟུང་འབྲེལ་ཡག་པོ་དང་ཆར་པ་ཆུ་གྲོགས་ལྟ་བུར་འགྱུར་བ་བྱ་དགོས་ཞེས་ནན་སྟོན་གནང་ཡོད། རྡོ་སོལ་ཐོན་ཁུངས་ཀྱི་ཞིང་ཆེན་ཆེན་པོ་ཧྲན་ཞི་ནས་ཡོང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧོང་ཆིང་ཞུའེ་ཡིས། གསར་སྐྲུན་གྱི་སྟེགས་བུ་རབ་དང་རིམ་པ་གཏོད་པ་དང་། ཚན་རྩལ་ལ་བརྟེན་ནས་རྡོ་སོལ་སྦགས་མེད་དང་ཐན་ཉུང་། དྭངས་གཙང་། ཕན་འབྲས་མཐོ་བ་བཅས་ཀྱི་སྒོ་ནས་བེད་སྤྱོད་བྱ་རྒྱུ་ཡིན། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་བཙུགས་ཏེ། གསར་སྐྲུན་གྱི་ཐོན་ཁུངས་ནུས་ལྡན་སྒོ་ནས་གཅིག་སྡུད་བྱེད་པ་དང་། སྟེགས་བུ་རྩེ་གྲས་ཤེས་ལྡན་མི་སྣ་རྩེ་གྲ་ཡིད་འགུག་བྱེད་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་རྡོ་སོལ་གྱི་ཚན་རྩལ་འགག་གཏོར་གལ་ཆེན་བྱེད་པ་བཅས་བྱས་ཏེ། རྡོ་སོལ་གསར་སྤེལ་དང་། བརྗེ་སྒྱུར། བེད་སྤྱོད་སོགས་ལྟེ་བའི་འགག་རྩའི་ལག་རྩལ་ཁྱབ་ཁོངས་སུ་འཕོ་འགྱུར་རང་བཞིན་དང་རྩ་སློག་རང་བཞིན་གྱི་ལག་རྩལ་ཁག་གཅིག་ཐོན་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་གཉིས་འབྲེལ་མཐུད་ནུས་ལྡན་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དཔལ་ཡོན་ལྡན་པའི་གྲོང་གསེབ་ཀྱི་སྲོལ་དར་བ། མཛེས་སྡུག་ལྡན་ཞིང་འཚོ་སྡོད་ལ་འཚམ་པ། ལས་དར་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་དགོས་ཞེས་ནན་སྟོན་གནང་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལི་ཅུན་གྱིས། གྲོང་གསེབ་དར་རྒྱས་གཏོང་རྒྱུ་ནི་ང་ཚོའི་མི་རབས་འདིའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ཤིག་ཡིན། དབུལ་སྒྲོལ་འགག་གཏོར་ཡིན་ནའང་འདྲ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་གང་ཞིག་ཡིན་རུང་། ང་ཚོའི་མཐའ་མའི་དམིགས་ཡུལ་ནི་མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་སུ་འགྲོ་བ་དང་ཁོང་ཚོ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱ་རྒྱུ་དེ་རེད་ཅེས་བསྟན་ཡོད།

པེ་ཅིང་ནས་ཕ་ཡུལ་དུ་ཕྱིར་ལོག་རྗེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལུའོ་ལའེ་ཁྲང་གིས་འཕྲལ་མར་གྲོང་ཚོའི་ལས་བྱེད་མང་ཚོགས་དང་མཉམ་དུ་འཛོམས་ཏེ་གང་འདྲ་བྱས་ཏེ་མཉམ་སྡེབ་དཔལ་འབྱོར་ཟླ་སྒྲིལ་བཏང་ནས་གྲོང་མིའི་ཡོང་འབབ་མཐོ་རུ་འགྲོ་བ་བྱ་རྒྱུའི་ཐད་གྲོས་བསྡུར་གནང་ཡོད། ཁོང་གིས། ད་ལོ་རང་གྲོང་ཚོའི་ཐོན་ལས་སྣ་མང་ཅན་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་བ་དང་། ང་ཚོའི་ས་ཁོངས་ཀྱི་ཚད་བཀག་ལས་གྲོལ་བའི་དཔལ་འབྱོར་གོང་འཕེལ་དང་དེ་བཞིན་གླིང་ཁུལ་གྱི་རིམ་འཕར་སྒྱུར་བཀོད་ལ་སྐུལ་འདེད་བརྟན་པོ་བཏང་ཐོག ང་ཚོའི་མང་ཚོགས་ཀྱི་རྨང་གཞིའི་དམངས་འཚོའི་ལས་དོན་སྔར་ལས་ལྷག་པ་སྒྲུབ་པ་དང་། ཕན་ཁེ་དང་འགན་སྲུང་ལ་སྐུལ་འདེད་གཏོང་བའི་ལས་དོན་རྒྱུན་མཐུད་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བསྟན་ཡོད།

མཐའ་དག་མདུན་ཕྱོགས་སུ་སྐྱོད་སྐབས་བསྐྱོད་ཟིན་པའི་ལམ་བུ་བརྗེད་མི་རུང་། རྒྱང་ཐག་རིང་པོ་ཇི་ཙམ་བཞུད་པ་དང་འོད་སྟོང་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སླེབས་ནའང་བསྐྱོད་ཟིན་པའི་ལམ་བུ་བརྗེད་མི་རུང་ལ་རྡོག་ཐོན་བྱེད་དོན་ཅི་ཡིན་པ་དེ་བས་ཀྱང་བརྗེད་མི་རུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ་དང་། ཏང་ཡོན་ཡོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་པ་བརྟན་པོར་འཆང་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ། བློ་བརྟན་འགྱུར་མེད་སྒོ་ནས་ཀྲུང་གོའི་མི་དམངས་བདེ་སྐྱིད་ཡོང་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བའི་ཆེད་དོན་གཉེར་བྱ་དགོས་ཞེས་ནན་སྟོན་གནང་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཏའེ་ཞི་ཡོན་གྱིས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡོད་པས་ད་གཟོད་ང་ཚོའི་སྤྱི་ཚོགས་ཞི་མཐུན་དང་། དར་རྒྱས། བརྟན་ལྷིང་། མི་རིགས་ཁག་མཉམ་དུ་གོང་འཕེལ་བྱུང་ཡོད། རང་རེའི་ཏང་གི་ལོ་རྒྱུས་སློབ་གསོ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་ཡིན་པའི་འདུ་ཤེས་སློབ་གསོ་ཟུང་འབྲེལ་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ང་ཚོས་བསྐྱོད་ཟིན་པའི་ལམ་བུ་བརྗེད་མི་རུང་ཞེས་བསྟན་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོན་ཅིང་གིས། གཞི་རིམ་གྱི་ཏང་གི་ལོ་རྒྱུས་གསལ་འགྲེལ་པ་ཞིག་གི་ངོས་ནས་གསར་བརྗེའི་འབྱུང་རྩའི་ཐོན་ཁུངས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་གོ་སྐབས་སུ་བརྩིས་ཏེ། ཐབས་ལམ་སྣ་ཚོགས་རྒྱ་སྐྱེད་དང་སྟེགས་བུ་མི་འདྲ་བར་བརྟེན་ནས། སྣ་མང་ཕུན་སུམ་ཚོགས་པའི་རྣམ་པའི་ཐོག་ནས་གྲུ་གཟིངས་དམར་པོའི་གཏམ་རྒྱུད་ཡག་པོ་གླེང་བ་དང་ལོ་བརྒྱའི་ཐོག་མའི་བསམ་འདུན་བཅངས་སར་གུས་འདུད་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

འཐུས་མི་དང་ཨུ་ཡོན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་གཉིས་རིང་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ཧུར་ཐག་བྱས་པ།