ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

ཞི་ཅིན་ཕིང་གིས་གྲོས་ཚོཊ་འདིའི་ཐོག་གསུང་བཤད་གལ་ཆེན་ཞིག་གནང་བ།

2021-01-23 11:57:00     责编:sangjzm

ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་སྣེ་ཁྲིད་འགན་སྲུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་གོང་འཕེལ་གྱི་དམིགས་འབེན་དང་ལས་འགན་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་བ་དང་།

ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་ཡང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་གནང་བ། ཀྲའོ་ལེ་ཅི་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་22ཉིན་གྱི་སྔ་དྲོ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསུང་བཤད་གལ་ཆེན་གནང་བ་དང་། ཁོང་གིས། ད་ལོ་ནི་“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འགོ་ཚུགས་པའི་ལོ་དང་པོ་ཡིན་པས། འགོ་ཡག་པོ་རྩོམ་པ་དང་། གོམ་པ་དང་པོ་ཡག་པོ་སྤོ་བར་གཞིགས་ཏེ་ལས་དོན་ཐམས་ཅད་ཡག་པོ་སྤེལ་དགོས། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་སྣེ་ཁྲིད་འགན་སྲུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་། ཆབ་སྲིད་རྒྱུན་འཁྱོངས་བྱེད་པ། རྣམ་འགྱུར་མི་འགྱུར་བ་དང་། ཆོད་སེམས་མི་བརླག་པ། ཚད་གཞི་ལྷུག་ཏུ་མི་གཏོང་བ་བཅས་བྱས་ནས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རང་རྒྱལ་གྱི་གོང་འཕེལ་དམིགས་འབེན་དང་ལས་འགན་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་ཡང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཞི་ཀྲའོ་ལེ་ཅི་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།

ཞི་ཅིན་ཕིང་གིས། སྤྱི་ལོ་༢༠༢༠ལོ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་ཆེས་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་ཆེ་ལ་ལས་འགན་ལྕི་བའི་སྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་ཀྱི་ལས་འགན། ལྷག་པར་དུ་གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་འཐབ་ཇུས་གནས་བབ་ཧྲིལ་པོ་དང་འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་བ་ཆེན་པོར་གཅིག་གྱུར་འཆར་འགོད་བྱས་ཏེ། ཏང་གི་རང་ངོས་གསར་བརྗེས་སྤྱི་ཚོགས་ཀྱི་རླབས་ཆེའི་གསར་བརྗེར་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བ། བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་དེ་བས་སྟོབས་དང་ལྡན་པ་བཅས་བྱས་ཡོད། དེ་ཡང་གཅིག་ནི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འཐབ་རྩོད་བྱ་རྒྱུ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ། དབུལ་སྒྲོལ་འགག་གཏོར་གྱི་འགག་རྩའི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ་བཅས་ཀྱི་ཁྲོད་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ལ་དྲག་ཆར་རླུང་འཚུབ་འཕྲད་སྐབས་ཏང་གི་སྟོབས་ཆེའི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་དབང་གྲགས་ནི་ཆེས་བརྟན་པའི་རྒྱབ་རྟེན་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད་པ་དང་། གཉིས་ནི་“སྲུང་སྐྱོང་གཉིས”ལ་དམ་པོར་གཞིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་པ་དང་། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ། ཏང་གི་འགོ་ཁྲིད་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་པ། ཆབ་སྲིད་སྐོར་ཞིབ་བྱེད་ཤུགས་ཟབ་ཏུ་བཏང་བ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་བཏང་བ། ཏང་གི་སྒྲིག་ལམ་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ། རྣམ་པ་རིགས་བཞི་བཀོལ་སྤྱོད་གཏིང་ཟབ་བྱས་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་བྱས་པ་དང་འགག་གཏོར་དམག་འཐབ་ཆེན་པོ་གསུམ་ཡག་པོ་བརྒྱབ་པ། བརྟན་པོ་དྲུག་གི་ལས་དོན་ཡག་པོ་སྒྲུབ་པ། འགན་ལེན་དྲུག་གི་ལས་འགན་དོན་འཁྱོལ་བྱེད་པ་སོགས་ཀྱི་བཀོད་ཇུས་བཀོད་སྒྲིག་གལ་ཆེན་ཁག་ལ་གཞིགས་ནས་ལྟ་སྐུལ་དོ་དམ་དང་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། གསུམ་ནི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་སེལ་ནས། སྤྱོད་ཚུལ་འགག་གཏོར་གྱིས་དབུལ་སྒྲོལ་འགག་གཏོར་ལ་སྐུལ་འདེད་བཏང་བ་དང་། ཞིབ་བཤེར་རྩིས་ལེན་དང་ཚད་གཞི་ལོན་པ་བྱེད་སྐབས་རྫུན་མ་བཟོ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་གཏིང་ཟབ་དང་རྒྱ་སྐྱེད་བཏང་བ། མུ་མཐུད་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་གཏོང་བར་བཅོས་སྒྲིག་བྱས་པ། བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱ་སྤྱོད་མཐའ་གཅིག་ཏུ་ཡོ་བསྲང་བྱས་ཡོད། བཞི་ནི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་པ་གསར་པར་དམ་འཛིན་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱ་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། རང་ཚོད་མ་ཟིན་པའི་རུལ་སུངས་པར་ཐག་གཅོད་མཐའ་གཅིག་ཏུ་བྱས་པ་དང་། འཛེམ་བག་མེད་པར་མུ་མཐུད་ལྐོག་བཟའ་བྱེད་མཁན་རུལ་སུངས་པར་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ། ཆབ་སྲིད་གནད་དོན་དང་དཔལ་འབྱོར་གནད་དོན་མཉམ་དུ་བསྲེས་པའི་རུལ་སུངས་ཀྱི་གྱོད་གཞིར་གཅིག་བསྡུས་ཐོག་དོ་ཁུར་བྱས་པ། ཏང་ལ་ལྷག་བསམ་མེད་པའི་མགོ་གཉིས་མ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ། སྲིད་ཁྲིམས་ཁོངས་གཏོགས་ཀྱི་རུལ་སུངས་ཐད་ཉེས་ཆད་ནན་པོ་གཅོད་པ་ལས་གུ་ཡངས་རྩ་བ་ནས་མི་བཏང་བ། དབུལ་སྐྱོར་དང་དམངས་འཚོའི་ཁྱབ་ཁོངས་སུ་རུལ་སུངས་བྱེད་པ་དང་ནག་ཚོགས་ངན་ཚོགས་དང་འབྲེལ་བ་ཡོད་པའི་འགེབས་སྲུང་པར་ཞིབ་བཤེར་མཐར་ཕྱིན་པ་བྱས་པ། ལྔ་ནི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་སྒྲིག་འཛུགས་ནུས་པ་ཆེ་རུ་བཏང་བ་དང་། བསམ་བློར་དོ་དམ་དང་ལས་དོན་ལ་དོ་དམ། སྤྱོད་ཚུལ་ལ་དོ་དམ། སྒྲིག་ལམ་ལ་དོ་དམ་བཅས་བྱེད་པའི་དོ་དམ་ལམ་ལུགས་ནན་པོ་འཐུས་སྒོ་ཚང་དུ་བཏང་བ། འཐབ་རྩོད་ཀྱི་འཐབ་ས་དང་པོར་ལས་བྱེད་པར་རྟོག་ཞིབ་དང་གསལ་འབྱེད་བྱས་པ། འཐབ་ས་དང་པོ་ནས་ཕུལ་བྱུང་མི་སྣ་ཏང་ནང་ཞུགས་རྒྱུར་གསོ་སྐྱོང་བཅས་བྱས་ཡོད་ཅིང་། ཏང་ཀྲུང་དབྱང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཐོབ་པའི་གྲུབ་འབྲས་ལ་བློ་ཡིད་འཚིམ་པོ་བྱེད་ཀྱི་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བར་ཐོག་མར་ཆབ་སྲིད་ཐད་ནས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ཤུགས་དང་ཆབ་སྲིད་ཀྱི་གོ་བ་ལེན་ཤུགས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མ་གཞི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཀྱང་། དུས་བབ་སྔར་བཞིན་ཛ་དྲག་ཅིང་རྙོག་འཛིང་ཆེན་པོ་ཡོད་པས། ངེས་པར་དུ་གསལ་པོ་མཐོང་དགོས་པ་ཞིག་ནི། ཏང་གི་སྲིད་འཛིན་ལ་ཉེན་ཁ་ཆེ་ཤོས་ཡིན་པའི་རུལ་སུངས་དེ་སྔར་བཞིན་གནས་ཡོད་པ་དང་། ལྷག་མ་རྣམས་ད་དུང་གཙང་སེལ་ཐུབ་མེད་པའི་ཁར་མང་དུ་འགྲོ་ཉེན་ཡོད། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གནད་དོན་མཉམ་དུ་འདྲེས་པ་དེས་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་འཇིགས་སྐུལ་བཟོ་བཞིན་ཡོད། སྲོལ་རྒྱུན་གྱི་རུལ་སུངས་དང་རུལ་སུངས་བྱ་ལུགས་གསར་པ་མཉམ་དུ་འདྲེས་པ་དེས། ལྐོག་རྔན་ལེན་པ་དང་རུལ་སུངས་བྱེད་པའི་བྱ་སྤྱོད་དེ་བས་ལྐོག་གྱུར་དང་རྙོག་འཛིང་ཆེ་རུ་འགྲོ་རྒྱུ་ཡིན། རུལ་སུངས་གནད་དོན་དང་ཚུལ་མིན་སྤྱོད་ཚུལ་མཉམ་དུ་འདྲེས་པ་དེས། སྤྱོད་ཚུལ་ངན་པ་བཞི་དེ་རུལ་སུངས་འབྱུང་ཁུངས་སུ་གྱུར་སྲིད། དེས་ན་རུལ་སུངས་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཡུན་རིང་གནས་རྒྱུ་ཡིན་ཞིང་། ལྷོད་གཡེང་ཅུང་ཟད་ཤོར་ན་རྐང་རྗེས་ལག་སུབ་ཏུ་འགྲོ་ཉེན་ཡོད་པས། རུལ་སུངས་ལ་ངོ་རྒོལ་བྱེད་པར་གདམ་ག་བྱ་རྒྱུ་མེད་པར། ངེས་པར་དུ་དཀའ་ངལ་ཤེས་བཞིན་མདུན་དུ་སྐྱོད་དགོས་ཞེས་ནན་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ནམ་ཡང་བྱེད་མུས་ཡིན་ལ། རུལ་སུངས་ངོ་རྒོལ་འཐབ་རྩོད་ཀྱང་ནམ་ཡང་བྱེད་མུས་ཡིན། ང་ཚོའི་ཏང་ནི་ལོ་བརྒྱའི་ལོ་རྒྱུས་ལྡན་པའི་ཏང་ཆེན་པོ་ཞིག་ཡིན་པའི་ངོས་ནས། གང་དེའི་སྔོན་ཐོན་རང་བཞིན་དང་། དྭངས་གཙང་རང་བཞིན། སྐྱེ་སྟོབས་དང་གསོན་ཤུགས་བཅས་ནམ་ཡང་གནས་པ་བྱེད་པར། ངེས་པར་དུ་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་འགན་འཁུར་བློ་མཐུན་གཙོ་བོས་ངེས་པར་དུ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ཏན་ཏིག་འཁུར་བ་དང་། ཐོག་མཐའ་བར་གསུམ་དུ་རྒྱུགས་ལེན་པ་ལྟ་བུའི་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་པ། རུལ་སུངས་དང་བཟུང་སྤྱོད་ལ་འཛིན་པའི་དོགས་ཟོན་རྒྱུན་འཁྱོངས་བྱེད་པ། ནན་པོ་བྱེད་པའི་དགོངས་གཞི་ཡུན་རིང་རྒྱུན་འཁྱོངས་བྱེད་པ། མ་ལག་བཅོས་སྐྱོང་དང་རྩ་ལག་མཉམ་བཅོས་ཀྱི་འདུ་ཤེས་ཀྱི་ཐོག་ནས་སྲོལ་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བཅས་བྱས་ཏེ།ཏང་གི་རང་ངོས་གཙང་བསྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བཅོས། རང་ཉིད་མཐོར་འདེགས་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ལས་སྒྲོལ་བ་བྱས་ཏེ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུ་གཟིངས་ཆེན་པོ་དེ་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་སྣེ་ཁྲིད་དང་འགན་སྲུང་བྱ་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ནུས་ཤུགས་ལྡན་པའི་ཆབ་སྲིད་ལྟ་སྐུལ་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཁག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་འགན་ལེན་བྱེད་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཁོང་དུ་ཆུད་པ།དོན་འཁྱོལ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གོ་སྐབས་སུ་བྱས་ཏེ། ཏང་ཡོན་དང་ལས་བྱེད་པའི་སྣེ་ཁྲིད་ནས་ཏང་གཤིས་སྦྱོང་བརྡར་དང་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ། ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པའི་ངང་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དང་། གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་པ།སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཏང་ཡོན་དང་ལས་བྱེད་པ་ཚོས་བསམ་བློའི་འགོག་ཐིག་བརྟན་པོ་འཛུགས་པ་བརྒྱུད། དུས་དང་རྣམ་པ་ཀུན་ཏུ་རང་བཀུར་དང་།རང་བརྟག རང་ཟོན། རང་སྐུལ་བཅས་བྱེད་པ་དང་། རང་གཟབ་དང་། ཆུང་ཟོན། སྔ་ཟོན། མཐའ་ཟོན་བཅས་ཀྱི་ཐོག་ནས། ཆབ་སྲིད་ཀྱི་དད་སེམས་བརྟན་པོ་དང་སྒྲིག་སྲུང་ཁྲིམས་སྲུང་གི་དོན་རྟོགས་པ་ཞིག་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་ནས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་འཐབ་ཇུས་དམིགས་ཚད་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་བ་བྱེད་དགོས། སྤྱོད་གཙང་སྒྲིག་ནན་ངང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་དེ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ལམ་ལུགས་འཐུས་ཚང་དུ་གཏོང་བ། བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་དང་འབྲེལ་མཐུད་བྱས་ནས། རྣམ་པ་རིགས་བཞི་བཀོལ་སྤྱོད་ཡག་པོ་བྱེད་པ་བརྒྱུད་ཆད་གཅོད་ཟིལ་གནོན་དང་། ཆད་གཅོད་བསླབ་བཅོས། སློབ་གསོ་དྲན་སྐུལ་བཅས་ཀྱི་ནུས་པ་ཕྱོགས་བསྡུས་ཐོག་འདོན་སྤེལ་བྱེད་དགོས། དངུལ་རྩའི་དོ་དམ་སྡེ་ཁག་དང་།ལྟ་སྐུལ་དོ་དམ་ལས་ཁུངས། ས་གནས་ཏང་ཨུད། སྲིད་གཞུང་གི་བྱེད་པོའི་འགན་འཁྲི་བཅས་རྒྱུན་མཐུད་ནན་བསྟར་བྱེད་པ་དང་། དངུལ་རྩའི་རུལ་སུངས་ངོ་རྒོལ་དང་དངུལ་རྩའི་ཉེན་ཁ་ཐག་གཅོད་བྱ་རྒྱུ་གཉིས་གཅིག་གྱུར་སྦྲེལ་མཐུད་ལེགས་པོ་བྱེད་པ།དངུལ་རྩའི་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་དང་ནང་ཁུལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། རུལ་སུངས་ལ་ངོ་རྒོལ་བྱ་ཐབས་དང་བསྒྱུར་བཅོས་བྱེད་ཐབས་མཉམ་དུ་ཇུས་འགོད་དང་། མཉམ་དུ་བཀོད་སྒྲིག་མཉམ་དུ་དོན་འཁྱོལ་བཅས་བྱེད་པ་དང་། ཁྱབ་ཁོངས་གཙོ་བོའི་ལྟ་སྐུལ་ལམ་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། དམིགས་ས་ཡོད་པའི་སྒོ་ནས་ལམ་ལུགས་ཀྱི་ཞན་ཆ་གསབ་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བ་དང་། རང་རྟོགས་ངང་དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་ལ་ངོ་རྒོལ་བྱེད་པ། སྣེ་ཁྲིད་ནས་སྤྱོད་གཙང་ཁྱིམ་སྐྱོང་དང་། ཁྱིམ་མི་བུ་ཕྲུག་དང་ཉེ་འགྲམ་གྱི་ལས་དོན་མི་སྣར་དོ་དམ་ནན་པོ་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་འགོ་ཁྲིད་ལས་བྱེད་པ་སྒེར་གྱི་བྱ་དོན་སྙན་སེང་ཞུ་ཚུལ་ལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། སྤྱོད་ཚུལ་ངན་པ་བཞིའི་གནད་དོན་ལྷོད་གཡེང་སྤུ་ཙམ་མེད་པར་ཡོ་བསྲང་བྱས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཏང་གི་སྲོལ་རྒྱུན་བཟང་པོ་དང་སྤྱོད་ཚུལ་བཟང་པོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྲོལ་རྒྱུན་བཟང་པོ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྤྱོད་པ་དང་། སྤྱོད་ཚུལ་བཟང་པོ་དུས་རབས་གསར་པར་དར་སྤེལ་གཏོང་དགོས། ཕྱོགས་ཡོངས་ནས་ནན་པོ་དང་ནན་པོ་མཐའ་གཅིག་ཏུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། མང་ཚོགས་ནས་གླེང་མང་བའི་གཞུང་དངུལ་སྤྱད་དེ་ཟ་བཏུང་དང་ཟ་བཏུང་ཆུད་ཟོས་གཏོང་བ་སོགས་ཚུལ་མིན་གྱི་སྲོལ་ངན་ཐོན་མ་ཐག་རྡུང་རྡེག་གཏོང་བ་དང་རྡུང་རྡེག་ཡང་ཡང་གཏོང་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་འོས་མེད་འགྲིག་ཐབས་སྤུ་ཙམ་ཡང་མི་བྱེད་པ་དང་། ཁྱོན་ཡོངས་ནས་ལྟ་ཞིབ་དང་དམིགས་ས་ཡོད་པའི་སྒོ་ནས་ཡོ་བསྲང་བྱེད་པ་དང་། རྒྱུན་མཐུད་ངང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་། དངོས་སྒྲུབ་ལ་མཐོང་ཆེན་དང་གྲུབ་འབྲས་དངོས་ལ་མཐོང་ཆེན་བྱེད་པའི་མི་སྣ་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་འཛུགས་པ་བཅས་བྱས་ཏེ། ཏང་ཡོངས་ཀྱིས་འགན་འཁྲི་ལེགས་སྒྲུབ་དང་ལས་སྐྲུན་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། མང་ཚོགས་ཉེ་འཁོར་གྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་རྒྱུན་མཐུད་ངང་བཅོས་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཁྲོད་ཀྱི་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་དགོས། སྲིད་ཁྲིམས་འཐབ་ཕྱོགས་ཀྱི་སྒྲིག་འགལ་ཁྲིམས་འགལ་གནད་དོན་མཐའ་གཅིག་ཏུ་བཅོས་ནས། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་ནས་བཏང་སྙོམས་ཚོར་བ་བྱ་དགོས། ནག་སེལ་ངན་བཅོམ་རྒྱུན་རྣམ་ཅན་དུ་འགྱུར་བ་བྱེད་དགོས་པ་དང་། ནག་ཚོགས་སྟོབས་ཤུགས་དང་དེར་འགེབ་སྲུང་བྱེད་མཁན་ལ་མཐའ་གཅིག་ཏུ་རྡུང་རྡེག་བཏང་ནས། དེ་དག་གིས་མང་ཚོགས་ལ་གནོད་སྐྱེལ་དུ་གཏན་ནས་འཇུག་མི་རུང་། ཏང་ཀྲུང་དབྱང་གི་དམངས་ཕན་དམངས་ཕྱུག་དང་། ཐུན་མོང་ཕྱུག་འགྱུར་གྱི་སྲིད་ཇུས་དོན་འཁྱོལ་བྱེད་ཚུལ་ལ་ལྟ་ཞིབ་ནན་པོ་བྱ་དགོས་པ་དང་། སློབ་གསོ་སྨན་བཅོས་དང་། རྒན་གསོ་འགན་བཅོལ། དབུལ་སྐྱོར་ཁོར་སྲུང་སོགས་ཁྱབ་ཁོངས་ཀྱི་རུལ་སུངས་དང་དར་སྲོལ་ངན་པ་རྒྱུན་མཐུད་ངང་བཅོས་ནས། མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་། དཀའ་གནད། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཐོག མི་དམངས་མང་ཚོགས་ནས་བཏང་སྙོམས་དང་དྲང་བདེན་ཚོར་བ་བྱ་དགོས་ཞེས་ནན་སྟོན་གནང་འདུག

ཞི་ཅིན་ཕིང་གིས། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ལྟ་སྐུལ་དེ་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་འཛུགས་སྐྲུན་ཁྲོད་ཁྱབ་པ་བྱ་དགོས། ལྟ་སྐུལ་དེ་ཏང་གིས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་བརྒྱུད་རིམ་ཧྲིལ་པོར་འགོ་ཁྲིད་བྱེད་པའི་ནང་ཁྱབ་པ་བྱེད་པ་དང་། དབང་ཆ་འཁོར་རྒྱུག་དང་ལྟ་སྐུལ་ཚད་བཀག་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་འཆར་འགོད་ལག་བསྟར་བྱེད་པའི་རྨང་གཞིའི་རང་བཞིན་གྱི་འཛུགས་སྐྲུན་ལ་བརྩིས་ཐོག ཀུན་ལ་ཁྱབ་པའི་འགན་འཁྲིའི་ལམ་ལུགས་དང་ལྟ་སྐུལ་ལམ་ལུགས་འཛུགས་དགོས། ཏང་ཨུད་དམ་ཏང་ཙུའུ་ཡིས་འགན་འཁྲི་གཙོ་བོ་ལག་བསྟར་བྱེད་པ་དང་། ཧྲུའུ་ཅི་ནི་འགན་འཁུར་བ་དང་པོ་ཡིན་པའི་ངོས་ནས། དམ་འཛིན་བྱེད་ཕོད་པ་དང་དོ་དམ་བྱེད་ཕོད་པ་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གཙོ་གནད་མི་སྣ་དང་གཙོ་གནད་དོན་དག་ལ་ལྟ་སྐུལ་ནན་པོ་བྱ་དགོས། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་གྱིས་གཙོ་ཁྲིད་བྱས་ཐོག དབང་ཆར་ལྟ་སྐུལ་བྱེད་པའི་ལམ་ལུགས་དང་སྒྲིག་བསྟར་ཁྲིམས་འཛིན་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ལྟ་སྐུལ་སྣ་ཚོགས་མཐུན་སྦྱོར་སྦྲེལ་མཐུད་ཐུབ་པ་བྱས་ནས། རྒྱུན་རྣམ་ཕུགས་ཕན་གྱི་ལྟ་སྐུལ་མཉམ་ཤུགས་ཆགས་པ་བྱ་དགོས། ལྟ་སྐུལ་གྱིས་གཞི་རིམ་བཅོས་སྐྱོང་བྱེད་པའི་ཁྲོད་ཐོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག ལྟ་སྐུལ་དོན་ཐོག་འཁྱོལ་བ་བྱ་རྒྱུར་སྐུལ་འདེད་བཏང་ནས། མང་ཚོགས་ལྟ་སྐུལ་ཁྲོད་ཞུགས་སུ་འཇུག་དགོས་ཞེས་ནན་སྟོན་གནང་འདུག

ཞི་ཅིན་ཕིང་གིས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་སྣེ་ཁྲིད་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་དབང་གྲགས་དང་ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། དེང་རབས་ཅན་འཛུགས་སྐྲུན་གྱི་གནས་བབ་ཧྲིལ་པོར་གཞིགས་ནས་ལྟ་སྐུལ་འགན་སྲུང་ལག་བསྟར་དང་། འཐུས་ཚང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་བྱེད་པ། འགན་སེམས་ལ་འཆང་བ་དང་། འགན་ཕྲག་ཐོག་ཏུ་འཁུར་བ། འགན་ལག་ལེན་ཐོག་བསྟར་བ་བཅས་བྱ་དགོས། རིམ་ཁག་ཏང་ཨུད་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་ཀར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་གསོ་སྐྱོང་དང་། འདེམ་བསྐོ། བཀོལ་སྤྱོད་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་འགན་འཁུར་བ་དང་། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་ལེགས་འདེམས་ལེགས་བསྐོ་བྱ་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆེས་ནན་ཤོས་ཀྱི་གཅུན་སྡོམ་དང་ལྟ་སྐུལ་དང་ལེན་བྱ་དགོས་པ་དང་། ནན་སྡོམ་ནན་བཅོས་དང་། རང་ངོས་བྱི་དོར་བྱེད་པའི་ཤུགས་ཚད་ཆེ་རུ་གཏོང་དགོས་པ། རང་ངོས་ཀྱི་དབང་ཆ་འཁོར་སྐྱོད་སྒྲིག་གཞི་དང་དོ་དམ་ལྟ་སྐུལ་སྒྲིག་གཞིའི་མི་འདང་བའི་ཆར་གཞིགས་ནས། ལམ་ལུགས་ཀྱི་རླུང་ཙི་ཚགས་དམ་པོ་བཟོས་ཐོག སྒྲོན་མེའི་གཤམ་དུ་མུན་པ་ནག་པ་ལྟ་བུའི་སྣང་ཚུལ་མཐའ་གཅིག་ཏུ་བཀག་འགོག་བྱ་དགོས་ཤིང་། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལྷག་བསམ་དཀར་བ་དང་། སྤྱོད་པ་གཙང་བ། འགན་སེམས་ཆེ་བ། ཆེད་ལས་ཅན་གྱི་ནུས་པ་ཆེ་བ། འཐབ་རྩོད་བྱེད་ཕོད་ལ་བྱེད་མཁས་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་དམག་ཧྲག་ཅིག་ཧུར་བརྩོན་ཆེན་པོས་བསྐྲུན་ཐོག གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་བསྟན་འདུག

ཀྲའོ་ལེ་ཅི་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་འདས་པའི་ལོ་གཅིག་ནང་ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་ནས་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་གདེང་འཇོག་གང་ལེགས་གནང་བ་དང་། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་དུས་བབ་གསར་པ་དང་ལས་འགན་གསར་པར་གསལ་འགྲེལ་གཏིང་ཟབ་གནང་ཡོད། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བར་དང་ཐོག་ཆབ་སྲིད་ཀྱི་ཐོག་ནས་ལྟ་དགོས་ཤིང་། ཆབ་སྲིད་ཀྱི་རྡར་ཤ་གཅོད་ཤུགས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ཤུགས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ཤུགས་བཅས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ། སྟོབས་དང་ལྡན་པའི་ཆབ་སྲིད་ལྟ་སྐུལ་ལ་བརྟེན་ནས། “ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་ཀྱི་དམིགས་འབེན་ལས་འགན་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས་པ་ནན་སྟོན་གནང་ཡོད། གསུང་བཤད་ཀྱི་ནང་དོན་གཟིགས་རྒྱང་རིང་བ་དང་དགོངས་དོན་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པས། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་རྒྱུ་གཏིང་ཟབ་སའི་ཕྱོགས་སུ་སྐུལ་འདེད་གཏོང་བའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། “འདུ་ཤེས་བཞི”ཤུགས་ཆེར་གཏོང་བ་དང་། “བློ་སྤོབས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། ཏང་ནན་པོས་སྐྱོང་རྒྱུ་མུ་མཐུད་རྒྱུན་འཁྱོངས་བྱས་ནས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་འཐབ་ཇུས་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་བསྟན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཚན་པ་ཁག མི་དམངས་ཚོགས་པ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་སོགས་གྲོས་ཚོགས་ལ་ཞུགས་གནང་ཡོད། གྲོས་ཚོགས་འདི་བརྙན་འཕྲིན་དང་ཁ་པར་གྲོས་ཚོགས་ཀྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་དེ་བཞིན་དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་སུ་ཡན་ལག་ཚོགས་ར་བཙུགས་ཡོད།

ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟླ་བ་1པོའི་ཚེས་22ཉིན་པེ་ཅིང་དུ་འགོ་ཚུགས་ཤིང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད། སྤྱི་ཚེས་22ཉིན་གྱི་ཕྱི་དྲོ་ཀྲའོ་ལེ་ཅིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་འགོ་བརྗོད་དུ། 《དུས་རབས་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་དགོས》ཞེས་འཁོད་པའི་ལས་དོན་སྙན་སྒྲོན་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག དབང་འདུས།
ཡིག་སྒྱུར། མིག་དམར་རྒྱལ་པོ། སྐལ་བཟང་བདེ་སྐྱིད། ཟླ་བ་གཡུ་སྒྲོན། རིན་ཆེན་དབང་འདུས།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་གྲོས་ཚོཊ་འདིའི་ཐོག་གསུང་བཤད་གལ་ཆེན་ཞིག་གནང་བ།

ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་སྣེ་ཁྲིད་འགན་སྲུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་གོང་འཕེལ་གྱི་དམིགས་འབེན་དང་ལས་འགན་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་བ་དང་།