༄༅།།ཀྲུང་གོའི་དཔལ་འབྱོར་ལ་སྟོབས་ཤུགས་ལྡན་པ་སྟེ། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་སྒུལ་ཤུགས་འདང་ངེས་ཡོད་པ།
སྤེལ་བའི་དུས་ཚོད། : 2019-08-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས། གཞུང་ཁོངས་ཁེ་ལས་ནི་རྒྱལ་དམངས་དཔལ་འབྱོར་གྱི་ཀ་རྟེན་གལ་ཆེན་ཞིག་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྐྱོན་བྲལ་ངང་གོང་འཕེལ་གཏོང་བའི་ཐད་མཐོང་ཆེན་པོ་གནང་གི་ཡོད་ཅིང་། ཁོང་གིས། གཞུང་ཁོངས་ཁེ་ལས་ནི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་དངོས་ཤུགས་ཆེ་རུ་གཏོང་བ་དང་། མི་དམངས་ཀྱི་ཐུན་མོང་ཁེ་ཕན་འགན་ལེན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་བདེན་ལྡན་ཞུམ་མེད་ངང་སྟོབས་ཆེར་དང་ལེགས་སུ་གཏོང་དགོས་ཞེས་བསྟན་གནང་ཡོད། གཞུང་ཁོངས་ཁེ་ལས་སྟོབས་ཆེ་དང་ལེགས་སུ་གཏོང་བའི་རྩ་བའི་ཐབས་ལམ་ནི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་དེ་ཡིན། ད་ལོ་ནས་བཟུང་། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་བསྟུད་མར་ཤུགས་སྣོན་བརྒྱབ་པ་དང་། མཉམ་འདྲེས་སྒྱུར་བཅོས་དང་བསྐྱར་འཛུགས་མཉམ་སྒྲིལ་བཅས་དེ་བས་མགྱོགས་མྱུར་ལག་བསྟར་བྱས་ཡོད་པས། གཞུང་ཁོངས་ཁེ་ལས་ཀྱི་ཕན་འབྲས་དང་ལས་ཆོད་མཐོ་རུ་ཟམ་མི་ཆད་པ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད་ལ། དཔལ་འབྱོར་གོང་འཕེལ་གྱི་རྒྱུན་རྣམ་གསར་པར་སྒུལ་ཤུགས་གསར་པ་བསྣན་ཡོད་པ་རེད།

ན་ནིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡན་ཐའེ་རུ་ཝན་ཧྭ་ཚོགས་པར་རྟོག་ཞིབ་གནང་སྐབས་མྱོང་ཚོར་ཟབ་མོའི་སྒོ་ནས། གཞུང་ཁོངས་ཁེ་ལས་ཡག་པོ་ཡོང་དགོས་ན་ངེས་པར་དུ་སྒྱུར་བཅོས་བྱེད་དགོས་ཞེས་དང་། ཞི་ཅིན་ཕིང་གིས། གཞུང་ཁོངས་ཁེ་ལས་ངེས་པར་དུ་སྒྱུར་བཅོས་བྱེད་དགོས་པ་དང་། རྙིང་ཞེན་བག་འཁུམ་བྱས་ན་མི་འགྲིག་པར། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བྱེད་དགོས་པ་དང་། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བྱ་རྒྱུ་ལེགས་གྲུབ་ཐུབ་རྒྱུ་ཡིན་ལ། གཞུང་ཁོངས་ཁེ་ལས་དེང་རབས་ཁེ་ལས་ལ་འགྱུར་ཐུབ། ཚང་མས་མུ་མཐུད་འབད་བརྩོན་བྱས་ཏེ། ངར་ཤུགས་གཅིག་ཏུ་སྒྲིལ་བ་དང་། དབུགས་ཐེངས་གཅིག་གིས་སྒྲུབ་པ། རྒྱུན་མཐུད་ལག་བསྟར་བྱེད་པ་བཅས་བྱས་ཏེ། གཏན་འཁེལ་ཟིན་པའི་དམིགས་འབེན་ཕྱོགས་སུ་དཔའ་ངར་ཆེར་སྐྱེད་ངང་མདུན་སྐྱོད་བྱེད་དགོས་ཞེས་བསྟན་གནང་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པ་ལྟར། གཞུང་ཁོངས་ཁེ་ལས་སྟོབས་ཆེར་གཏོང་བའི་རྩ་བའི་ཐབས་ལམ་ནི་སྒྱུར་བཅོས་ཡིན། ཟླ་བ་གོང་མའི་ཚེས་20ཉིན། ཀོང་ཀྲའུ་དུ་ཡོད་པའི་ལྷོ་རྒྱུད་མཁའ་འགྲུལ་ཀུང་སིས་ཚོགས་པའི་བང་རིམ་ནང་ཀོང་ཏུང་ཞིང་ཆེན་དང་ཀོང་ཀྲའུ་གྲོང་ཁྱེར། ཧྲེན་ཀྲེན་གྲོང་ཁྱེར་བཅས་ཀྱི་གཞུང་ཁོངས་རྒྱུ་ནོར་ནང་འདྲེན་བྱས་ཡོད་པ་དང་། ཁྱོན་མ་རྩ་སྒོར་དུང་ཕྱུར་300མང་དུ་ཕྱིན་ཡོད། ལྷོ་ཕྱོགས་མཁའ་འགྲུལ་ཀུང་སི་དེ་ཉིད་ཀྱང་དེས་རྐྱེན་པས་ཀྲུང་དབྱང་དང་ས་གནས་མཉམ་ལས་ཀྱི་རྣམ་པ་སྤྱོད་མཁན་དང་། ཚོགས་པའི་མ་རྐང་དབང་ཆ་སྣེ་མང་ཅན་གྱི་སྒྱུར་བཅོས་བྱེད་མཁན་ཀྲུང་དབྱང་ཁེ་ལས་ཐོག་མ་དེར་གྱུར་ཡོད་པ་རེད།

གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝུང་ཅེ་མིང་གིས། ལྷོ་རྒྱུད་མཁའ་འགྲུལ་ཀུང་སིའི་ཀྲུང་དབྱང་དང་ས་གནས་མཉམ་ལས་ནི་ཀྲུང་དབྱང་ཁེ་ལས་ཀྱི་ཚོགས་པའི་བང་རིམ་ནང་མ་རྐང་དབང་ཆ་སྣེ་མང་ཅན་གྱི་སྒྱུར་བཅོས་བྱེད་པའི་ཐད་ཀྱི་འགག་གཏོར་གསར་པ་ཞིག་ཡིན། ཀྲུང་དབྱང་ཁེ་ལས་ཀྱི་ཚོགས་པའི་བང་རིམ་གྱི་མ་རྐང་དབང་ཆ་སྣེ་མང་ཅན་ནི་རྒྱལ་ཁབ་ཀྱི་མ་རྩའི་གཙོ་ཁྲིད་འོག འོས་འཚམ་གྱི་སྒོ་ནས་གཞུང་ཁོངས་ཁེ་ལས་ཁག་གི་མ་རྩ་བསྡུ་ལེན་བྱས་པ་ཞིག་ཡིན། དེ་ཀྲུང་དབྱང་ཁེ་ལས་ཀྱི་དངོས་ཤུགས་སྟོབས་ཆེར་གཏོང་བ་དང་། ཀྲུང་དབྱང་ཁེ་ལས་ཀྱི་བཅོས་སྒྲིག་གི་གྲུབ་ཆ་འཐུས་ཚང་དུ་གཏོང་བ། སྐུལ་ལྕག་སྒྲིག་གཞི་རིམ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་མངོན་གསལ་དོད་པོ་ལྡན་ཡོད། གོམ་སྟོབས་རྗེས་མར་མུ་མཐུད་ནས་བརྟན་པོའི་ངང་སྒྱུར་བཅོས་དེར་སྐུལ་འདེད་ཡག་པོ་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

འགག་གཏོར་གསར་པ་ཡོང་རེ་བྱེད་མཁན་ད་དུང་བྱང་ཤར་ས་ཁུལ་གྱི་གཞུང་ཁོངས་ཁེ་ལས་ཡོད། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་བརྒྱུད། ཧྲེན་ཡང་གི་གཞུང་ཁོངས་ཁེ་ལས་ཀྱི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ཆེད་དོན་ལས་དོན་དེ་ཧྲང་ཧའེ་དང་ཧྲེན་ཀྲེན་གྱི་ས་ཁོངས་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་ཞེས་པ་དངོས་སུ་སྤེལ་འགོ་ཚུགས་ཡོད། ཀྲུང་གོའི་ཁེ་ལས་སྒྱུར་བཅོས་དང་གོང་འཕེལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་ལི་ཅིན་གྱིས། དེས་བྱང་ཤར་གྱིད་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་བྱེད་རྒྱུ་མགྱོགས་སུ་གཏོང་རྒྱུ་ཡིན་པ་མཚོན་གྱི་ཡོད་པས། ཧྲེན་ཡང་དང་བྱང་ཤར་ས་ཁུལ་ཡོངས་ཀྱི་བརྗེ་སྒྱུར་རིམ་འཕར་མགྱོགས་སུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ཐད་སྐུལ་འདེད་ཆེན་པོ་ཐེབས་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

གཞུང་ཁོངས་ཁེ་ལས་མང་ཆེ་བ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་དཔལ་འབྱོར་སྲོག་རྩ། དམངས་འཚོ་བཅས་དང་འབྲེལ་བ་ཡོད་པའི་འགག་རྩའི་ཁྱབ་ཁོངས་དང་གལ་ཆེའི་ལས་རིགས་ནང་གནས་ཡོད་པས། ཛ་དྲག་པའི་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་རང་འགུལ་གནས་བབ་བཟུང་བ་དང་། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་ཤུགས་ཆེ་རུ་གཏོང་བར། ངེས་པར་དུ་སྟོབས་ཆེ་ཞིང་བཟང་ཆ་ལྡན་པའི་གཞུང་ཁོངས་ཁེ་ལས་ཆེན་པོ་དང་། ཚོགས་པ་ཆེན་པོ་ཁག་གཅིག་དགོས་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་བ་ལྟར། གཞུང་ཁོངས་ཁེ་ལས་ཀྱིས་ངེས་པར་དུ་གསོན་ཤུགས་དང་ཤུགས་རྐྱེན་ནུས་པ། ཉེན་ཁ་འགོག་པའི་ནུས་པ་བཅས་ཟམ་མི་ཆད་པར་ཤུགས་ཆེར་བཏང་ནས། གཞུང་ཁོངས་རྒྱུ་ནོར་གྱི་རིན་ཐང་འགན་ལེན་དང་འཕར་སྣོན་ཡོང་བ་བྱེད་དགོས་ཀྱི་ཡོད།

ད་ལོ་ནས་བཟུང་། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་དེ་ཁྱབ་ཁོངས་མང་པོའི་ནང་དུ་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ཡོད། ལོ་འགོར་༼ཀྲུང་དབྱང་ཁེ་ལས་ཀྱི་གླ་ཕོགས་སྤྱི་འབོར་དོ་དམ་བྱ་ཐབས་༽ཞེས་པ་དངོས་སུ་བཏོན་ཡོད་པ་དང་། སྤྱི་ཟླ་4པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼གཞུང་ཁོངས་མ་རྩའི་ཚོང་གཉེར་དབང་ཆ་སྤྲོད་པའི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི་༽ཞེས་པ་པར་འགྲེམ་བྱས་ཡོད། ཟླ་བ་གཉིས་སོང་རྗེས། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་༼སྤྱི་ལོ་2019ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་དབང་ཆ་སྤྲོད་པ་དང་དབང་ཆ་གཤམ་སྤྲོད་ཀྱི་གསལ་ཐོ་༽ཞེས་པ་པར་འགྲེམ་བྱས་ཡོད། ཀྲུང་གོའི་ཁེ་ལས་སྒྱུར་བཅོས་དང་གོང་འཕེལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་ལི་ཅིན་གྱིས། བྱེད་སྟངས་རབ་དང་རིམ་པ་དེ་དག་གིས་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་གཏིང་ཟབ་པའི་ཕྱོགས་སུ་སྐྱོད་བཞིན་པ་མཚོན་གྱི་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།

ལོ་སྟོད་དུ་མྱུར་ཚད་མགྱོགས་པོ་ཡོད་པའི་གྲས་སུ་ད་དུང་ཀྲུང་དབྱང་ཁེ་ལས་ཀྱི་བསྐྱར་འཛུགས་མཉམ་སྒྲིལ་ཚུད་ཡོད། སྤྱི་ཟླ་༦པའི་ནང་། ཀྲུང་གོའི་པའོ་ཝུའུ་ཡིས་མ་ཨན་ཧྲན་ལྕགས་དང་ངར་ལྕགས་མ་རྐང་ཚད་ཡོད་ཀུང་སི་ཚོགས་པར་བསྐྱར་སྒྲིག་ལག་བསྟར་བྱས་པ་དང་། སྤྱི་ཟླ་༧པའི་ནང་། ནན་ཁྲོན་ཀྲུང་གོའི་གྲུ་གཟིངས་བཟོ་ལས་ཚོགས་པ་དང་པའེ་ཁྲོན་ཀྲུང་གོའི་གྲུ་གཟིངས་ལྕི་བའི་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་གཤམ་འོག་གི་ཁྲོམ་རར་ཞུགས་པའི་ཀུང་སི་ཚོགས་པ་མང་པོས་སྤྱི་བསྒྲགས་སྤེལ་ནས། འཐབ་ཇུས་རང་བཞིན་གྱི་བསྐྱར་སྒྲིག་བྱ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་བརྗོད་ཡོད། དུས་ཐུང་གཟའ་འཁོར་གཅིག་ཙམ་བར་དུ། ཀྲུང་གོ་པའོ་ལིད་ཚོགས་པ་ཚད་ཡོད་ཀུང་སི་དང་ཀྲུང་གོའི་དར་ལམ་ཚོགས་པ་ཚད་ཡོད་ཀུང་སིས་ཡང་བསྐྱར་བསྐྱར་སྒྲིག་བྱས་ཡོད། ཀྲུང་དབྱང་ཁེ་ལས་བསྐྱར་སྒྲིག་མཉམ་སྒྲིལ་བྱེད་པའི་ཚ་རླབས་བསྐྱར་དུ་འཕྱུར་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ། གསར་འགྱུར་མགྲིན་ཚབ་པ་ཕེང་ཧྭ་ཀང་གིས། མིག་སྔའི་ཆར། རང་རྒྱལ་གྱིས་ཕྱོགས་གཅིག་ནས་བསྐྱར་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་སྒྲིག་ཆས་བཟོ་སྐྲུན་དང་། གྲུ་གཟིངས། རྫས་འགྱུར་བཟོ་ལས་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་རྣམས་འཐབ་ཇུས་རང་བཞིན་གྱི་བསྐྱར་སྒྲིག་བྱ་རྒྱུར་ཞིབ་འཇུག་བྱས་ཏེ། གཞུང་ཁོངས་མ་རྩའི་ཁྱབ་ཚུལ་ལེགས་སུ་ཟམ་མི་ཆད་པར་གཏོང་བ་དང་། གློག་ཤུགས་དང་། མདོག་ལྡན་ལྕགས་རིགས། ལྕགས་དང་ངར་ལྕགས། མཚོ་ཐོག་བཟོ་ལས་སྒྲིག་ཆས། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་ཅན་གྱི་མཉམ་སྒྲིལ་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅེས་གསུངས་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། སྒྱུར་བཅོས་ཀྱི་ཁེ་ཕན་དེ་ཡང་རིམ་བཞིན་མངོན་པ་དང་། ཕན་འབྲས་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། གྲངས་གཞི་ལས་མངོན་པར། ད་ལོའི་སྤྱི་ཟླ་1ནས་6པའི་བར་དུ་ཀྲུང་དབྱང་ཁེ་ལས་ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཆིག་འབུམ་བཞི་ཁྲི་ལྔ་སྟོང་ཟིན་པ་དང་། དུས་མཚུངས་ལས་5.9%འཕར་བ་དང་། རིམ་རྩིས་བྱས་ན་ཁེ་བཟང་གཙང་མ་སྒོར་དུང་ཕྱུར་བདུན་སྟོང་བརྒྱ་མེད་སུམ་ཅུ་སོ་བདུན་དང་བྱེ་བ་བདུན་བྱུང་ནས། དུས་མཚུངས་ལས་8.9%འཕར་ཡོད། ལྷག་པར་དུ་ད་ལོའི་སྤྱི་ཟླ་6པར། ཀྲུང་དབྱང་ཁེ་ལས་ཀྱི་ཁེ་བཟང་གཙང་མ་སྒོར་དུང་ཕྱུར་ཆིག་སྟོང་ལྔ་བརྒྱ་བརྒྱད་ཅུ་གྱ་བཞི་དང་བྱེ་བ་དགུ་ཟིན་པ་དང་། ཁེ་བཟང་སྤྱི་འབོར་སྒོར་དུང་ཕྱུར་ཉིས་སྟོང་བརྒྱ་དང་བཅུ་བདུན་དང་བྱེ་བ་བརྒྱད་ཟིན་ནས། ཀྲུང་དབྱང་ཁེ་ལས་ཀྱི་ལོ་རྒྱུས་ཆུ་ཚད་ཡག་ཤོས་བཏོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།