༄༅།།ཀྲུང་གོ་དང་ཨ་རིའི་ཉོ་ཚོང་དབྱེ་འབྱེད་གྲོས་མོལ་ལ་སྤྲིན་ནག་མཁྲིགས་པ་དང་འགན་འཁྲི་ཆ་ཚང་ཨ་རི་ཕྱོགས་ལ་ཡོད།
སྤེལ་བའི་དུས་ཚོད། : 2019-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨ་རི་ཕྱོགས་ཀྱིས་ཨ་སྒོར་དུང་ཕྱུར་༢༠༠༠ཟིན་པའི་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱས་པའི་ཚོང་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥ཁ་སྣོན་བརྒྱབ་རྗེས་སླར་ཡང་ལྷག་འཕྲོད་ཀྱི་ཨ་སྒོར་དུང་ཕྱུར་༣༢༥༠ཟིན་པའི་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱས་པའི་ཚོང་ཟོག་གི་སྒོ་ཁྲལ་བརྒྱ་ཆ་༢༥ཁ་སྣོན་རྒྱག་རྒྱུའི་འབྲེལ་ཡོད་གོ་རིམ་ལག་བསྟར་བྱེད་རྒྱུ་ཡིན་ཞེས་འུད་ཤོབ་བྱས་ཡོད་པ་དང་ཀྲུང་གོ་དང་ཨ་རིའི་རེས་འཁོར་བཅུ་པའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་གྱི་གྲུབ་འབྲས་ལ་སྣང་མེད་དུ་བཏང་མེད། འགན་མི་འཁུར་བའི་གནོན་ཤུགས་སྤྲོད་པ་དེ་རིགས་ཀྱིས་གྲོས་མོལ་ལ་དེ་བས་སྤྲིན་ནག་ཅིག་མཁྲིགས་པ་དང་འགོག་རྐྱེན་བཟོས་ཡོད་པ་རེད།

གཙོ་བདག་གི་ཐུགས་འཕྲད་ཐེངས་གཅིག་དང་རེས་འཁོར་བཅུ་པའི་དཔལ་འབྱོར་ཉོ་ཚོང་གི་མཐོ་རིམ་གྲོས་མོལ། ཕྱོགས་གཉིས་པོའི་སྣེ་ཁྲིད་པའི་སྐད་ཆ་ཤོད་རེས་བྱེད་ཐེངས་གསུམ། དེ་བཞིན་པུའུ་ཀྲང་རིམ་པ་གཞོན་པའི་མཇལ་མོལ་དང་སྐད་ཆ་ཤོད་རེས་ཐེངས་མང་བཅས་ཀྱི་ཐོག་ནས་ཀྲུང་གོ་དང་ཨ་རིའི་སྐུ་ཚབ་ཚོགས་པས་ཉིན་མཚན་དབྱེ་བ་མེད་པ་དང་ཞི་བདེ་རྒྱ་མཚོ་འགྲོལ་བའི་གྲོས་མོལ་བྱས་པ་བཅས་ཀྱི་འཕེལ་རིམ་ལ་དཔང་རྟགས་བྱས་ཡོད་ལ་སུ་ཞིག་གིས་ཁ་ཆད་རྒྱབ་སྐྱུར་བྱས་པའང་དྲང་པོ་དྲང་བཞག་གི་ཟིན་ཐོ་བཀོད་ཡོད། ཀྲུང་གོའི་རྒྱལ་སྤྱིའི་དཔལ་འབྱོར་སྤེལ་རེས་ལྟེ་གནས་ཀྱི་ལས་འཛིན་འགོ་འཛིན་གཞོན་པ་དང་རྒྱུན་ལས་ཀྲུའུ་རིན་གཞོན་པ་གཅིག་ལྕོགས་ཝེ་ཅན་གོ་ཡིས། ཨ་རི་ཕྱོགས་ནས་ཀྲུང་གོས་ལངས་ཕྱོགས་ཕྱིར་ཤོལ་བྱས་ཡོད་ཅེས་བཤད་པ་ནི་བཟང་བྱས་ངན་སྒྱུར་བྱས་པ་རང་རེད། དེ་ལས་ལྡོག་ཏེ། དེའི་གོང་གི་གྲོས་མོལ་ཐེངས་དགུ་པའི་ནང་གླེང་བའི་ནང་དོན་ཐད་ཨ་རིས་ཕྱོགས་ཀྱི་ཁ་གདན་ཚིག་ལ་མི་གནས་པ་དང་ཁ་ཆད་རྒྱབ་བསྐྱུར་བྱས་པ་ཟད་མཐའ་མའི་སྐབས་སུ་རྒྱུ་མཚན་མེད་པར་གྲོས་མོལ་གྲུབ་འབྲས་རྩིས་མེད་དུ་བཏང་ཡོད་ཅེས་གསུངས་འདུག

ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཨ་རི་ཕྱོགས་ཀྱིས་ཕྱོགས་གཉིས་པོའི་ཐུན་མོང་ངོས་འཛིན་དང་རྒྱབ་འགལ་བྱས་པའི་ནང་དོན་སྔར་བས་མང་བ་ཐེར་འདོན་གནང་བ་སྟེ། ཀྲུང་གོའི་ཕྱོགས་ཀྱི་སྐུ་ཚབ་ཚོགས་པས་སྔར་བཞིན་ཨ་རིར་སྐྱོད་ནས་གྲོས་མོལ་བྱས་པ་དང་འགན་འཁུར་བའི་བྱ་སྤྱོད་ཐོག་ནས་ཕྱོགས་འགལ་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་གཏོང་བའི་ལྷག་བསམ་ཆེན་པོ་མངོན་པ་བྱས་ཡོད། འོན་ཀྱང་ཨ་རི་ཕྱོགས་ཀྱི་མི་ལ་རེ་འགས་དུས་བབ་ལ་དབྱེ་ཞིབ་བྱེད་ནོར་ཤོར་ནས་མུ་མཐུད་དེ་མཐོང་ཐོས་རྙོག་བཟོ་བྱས་པ་དང་ངོ་ཚ་མེད་པར་རིན་གོང་སྤོར་ཡོད་པས་དོན་དེར་ཀྲུང་གོའི་ཕྱོགས་ནས་ངོ་རྒོལ་བྱེད་ངེས་ཡིན་པ་དང་འགོག་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཅེས་གསུངས་འདུག

གྲོས་མོལ་ཐེངས་གཅིག་ལ་གྲུབ་འབྲས་ཐོན་མི་སྲིད་པ་དང་གྲོས་སྡུར་ཡང་བསྐོར་སྐྱར་བསྐོར་བྱེད་པའང་རྒྱུན་ལྡན་རེད། ཉོ་ཚོང་ཧམ་བཟུང་བྱེད་པའི་ཐོག་ནས་དམིགས་ཡུལ་སྒྲུབ་བསམ་པ་ནི་ཀྲུང་གོའི་མི་དམངས་ཀྱི་བློ་སྟོབས་དང་སེམས་ཤུགས་ལ་ཚོད་དཔག་བྱེད་རྒྱུ་དམའ་དྲགས་པ་རང་རེད། རེས་འཁོར་བཅུ་གཅིག་པའི་ཀྲུང་གོ་དང་ཨ་རིའི་མཐོ་རིམ་ཉོ་ཚོང་གྲོས་མོལ་མཇུག་འགྲིལ་རྗེས་ཀྲུང་གོའི་ཕྱོགས་ནས་གྲོས་མཐུན་དེ་ངེས་པར་དུ་འདྲ་མཉམ་གཉིས་ཕན་ཡིན་དགོས་པ་དང་གལ་ཆེའི་རྩ་དོན་གནད་དོན་ཐད་ཕྱིར་ཤོལ་རྩ་བ་ནས་བྱེད་མི་སྲིད་པའི་ནན་བཤད་བྱས་ཡོད། སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་དཔལ་འབྱོར་དང་ཆབ་སྲིད་ཞིབ་འཇུག་ཟོའོ་ཡི་རྒྱལ་སྤྱིའི་ཉོ་ཚོང་ཁང་གི་ཀྲུའུ་རིན་ཏུང་ཡན་གྱིས། ལོ་རྒྱུས་ཉམས་མྱོང་ཐོག་ནས་བལྟས་ཚེ་རྒྱལ་ཁབ་གཞན་དག་དང་ཨ་རིའི་དབྱེ་འབྱེད་གྲོས་མོལ་ནང་དུའང་ཨ་རི་ཕྱོགས་ནས་རེ་བ་བཏོན་ཆོག་པ་ཕུད་ཨ་རི་རང་ངོས་ནས་ཀྱང་དེ་མཚུངས་ཀྱི་ལེགས་སྒྲིག་བྱེད་དགོས་པ་ནན་སྟོན་བྱས་ཡོད། ཀྲུང་གོའི་ཕྱོགས་ནས་སྒོ་ཁྲལ་མིན་པའི་བྱ་ཐབས་ནན་བཤད་བྱས་པ་ནི་ཀྲུང་གོའི་རེ་བ་ཡིན་པ་མ་ཟད་ཉོ་ཚོང་ཐད་ཀྱི་ལུགས་དང་མི་མཐུན་པའི་རེ་བ་འདོན་སྐབས་རྒྱལ་ཁབ་ཁག་གིས་ཚུལ་མཐུན་བདམ་ཀ་དེ་ལྟར་བྱེད་ཀྱི་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།