དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་དམའ་རུ་གཏོང་བའི་སྲིད་ཇུས་ཀྱི་ཕན་པ་གཅིག་སྡུད་ཐོག་ཐོན་བཞིན་པ་དང་། རིན་འཕར་དཔྱ་ཁྲལ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་བརྟན་པོའི་ངང་དོན་འཁྱོལ་ཐུབ་པས་ཁྲལ་འཇལ་མཁན་ལ་ཐོབ་ཚོར་ཆེན་པོ་བྱུང་བ།
སྤེལ་བའི་དུས་ཚོད། : 2019-04-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་དམའ་རུ་གཏོང་བའི་སྲིད་ཇུས་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བ་དེས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་འགྲོ་རྒྱུ་རེད་ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ལོ་༢༠༡༩ལོའི་ལོ་གསར་གྱི་ཤིས་ཚིག་ནང་གི་བཀའ་མོལ་དེས་ཁེ་ལས་གནས་བཟོད་བདེ་པོར་གྱུར་ཡོད། དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་དམའ་རུ་བཏང་བ་དེས་ཁེ་ལས་ཀྱི་ཁུར་པོ་སྔར་བས་ཡང་དུ་འགྲོ་རྒྱུ་དང་ཁྲོམ་རའི་གསོན་ཤུགས་འཕེལ་རྒྱུ་ཡིན་པ་རེད།
ད་ལོའི་ལོ་སྟོད་ཚུན། རྒྱལ་ཁབ་ཀྱིས་སྔ་རྗེས་སུ་ཁེ་ལས་ཆུང་གྲས་ལ་ཀུན་ཕན་རང་བཞིན་གྱི་ཁྲལ་བསྡུའི་ཆག་ཡང་སྲིད་ཇུས་དང་། རིན་འཕར་དཔྱ་ཁྲལ་གྱི་ཁྲལ་ཚད་དམའ་རུ་གཏོང་བ་སོགས་དཔྱ་ཁྲལ་ཆག་ཡང་བཏང་བ་དང་། སྤྱི་ཟླ་བཞི་པ་ནི་རིན་འཕར་དཔྱ་ཁྲལ་སྒྱུར་བཅོས་དོན་འཁྱོལ་བྱས་ནས་ཟླ་བ་གཅིག་ཕྱིན་པ་དང་ཁེ་ལས་ཆུང་གྲས་ཀྱི་ཀུན་ཕན་རང་བཞིན་གྱི་ཁྲལ་བསྡུའི་ཆག་ཡང་སྲིད་ཇུས་ལག་བསྟར་བྱས་པའི་ནམ་དུས་རེ་ཞུའི་ཟླ་བ་ཐོག་མ་དེ་ཡིན་པའི་ངོས་ནས། སྲིད་གཞུང་གིས་གཞི་ཁྱོན་སྔར་བས་ཆེ་བ་དང་། ངོ་བོའི་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་དམའ་རུ་གཏོང་བའི་སྲིད་ཇུས་ཀྱི་ཕན་པ་གཅིག་སྡུད་ཐོག་ཐོན་བཞིན་ཡོད་པ་དང་། རིན་འཕར་དཔྱ་ཁྲལ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དོན་འཁྱོལ་བྱས་པས་ཁྲལ་འཇལ་མཁན་ལ་ཐོབ་ཚོར་ཆེན་པོ་བྱུང་ཡོད།
གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་མང་ཆེ་བ་ནི་ནམ་དུས་ལྟར་རེ་ཞུ་བྱེད་ཀྱི་ཡོད་པ་དང་། དེའི་ཁར་ཁེ་ལས་ཀྱི་ཐོབ་ཁྲལ་ནམ་དུས་ལྟར་སྔོན་ནས་འཇལ་དགོས་པས་སྤྱི་ཟླ་བཞི་པའི་དཔྱ་ཁྲལ་འཇལ་ཡུན་དེ་ཁེ་ལས་ཆུང་གྲས་ཀྱི་དཔྱ་ཁྲལ་ཆག་ཡང་གི་ཕན་པ་གཅིག་སྡུད་ཐོག་ཐོན་པའི་དུས་ཡིན། ཧྲང་ཧའེ་ལེ་དབྱི་སྤྱི་ཚོགས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱི་ནོར་དོན་ལས་མི་ཀྲང་ཞོང་དབྱིང་གིས།

ད་ཐེངས་ཀྱི་སྒྱུར་བཅོས་ཀྱིས་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་གྱི་རིན་འཕར་དཔྱ་ཁྲལ་བསྡུ་བའི་ཚད་གཞི་དེ་ཟླ་རེའི་བྲིན་འཚོང་བསྡོམས་འབོར་སྒོར་ཁྲི་གསུམ་ནས་སྒོར་ཁྲི་བཅུ་བར་མཐོ་རུ་བཏང་བ་དེས་ཁོང་ཚོའི་ནམ་དུས་གཅིག་གི་རིན་འཕར་སྣོན་དཔྱ་ཁྲལ་སྒོར་༧༠༠༠ལྷག་ཙམ་ཆག་ཡང་བྱུང་བ་དང་དུས་མཚུངས་རིན་འཕར་དཔྱ་ཁྲལ་གྱི་ཟུར་སྣོན་བྱས་པའི་ས་གནས་ཁྲལ་གྲོན་གྱི་ཆ་ཤས་ཀྱང་མཉམ་དུ་ཆག་ཡང་བཏང་ཡོད།
ད་ཐེངས་ཀྱི་ཁེ་ལས་ཆུང་གྲས་ཀྱི་ཐོབ་ཁྲལ་སྲིད་ཇུས་རྒྱ་སྐྱེད་བཏང་བ་དེས་ཁེ་ལས་ཆུང་གྲས་ཀྱི་ལས་དོན་མི་སྣའི་ཚད་གཞི་མི་༣༠༠ལས་མི་བརྒལ་བའི་བར་ལྷུག་ཏུ་བཏང་བ་དང་། རྒྱུ་ནོར་གྱི་སྤྱི་འབོར་ཚད་གཞི་སྒོར་བྱེ་བ་ལྔ་ལས་མི་བརྒལ་བའི་བར་ལྷུག་ཏུ་བཏང་བ། ཐོབ་ཁྲལ་གྱི་སྤྱི་འབོར་སྒོར་ས་ཡ་གསུམ་བར་མཐོ་རུ་བཏང་ཡོད། དེ་ལྟར་བྱས་པས་ཧྲང་ཧའེ་ཡི་ཁེ་ལས་བརྒྱ་ཆ་༩༢ཡན་ལ་ཆག་ཡང་གི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱ་རྒྱུ་བྱུང་ཡོད། ཀུན་ཕན་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་སྲིད་ཇུས་ལག་བསྟར་བྱེད་ཡུན་གནས་སྐབས་ལོ་གསུམ་ཡིན་པ་དང་། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་སྔོན་དཔག་བྱས་ན་ལོ་ལྟར་ཁེ་ལས་ཆུང་གྲས་ཀྱི་ཁུར་པོ་སྒོར་དུང་ཕྱུར་༢༠༠༠ཡང་དུ་གཏོང་ཐུབ་རྒྱུ་ཡིན་པ་རེད།

མན་ཁེ་རིག་ནུས་ཚན་རྩལ་ཧྲང་ཧའེ་ཚད་ཡོད་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཅིང་གོ་ཏུང་གིས། ང་ཚོ་ནི་དཔྱ་ཁྲལ་སྒྱུར་བཅོས་ཀྱི་ཕན་པ་ཐོབ་མཁན་ཡིན་པས་དཔྱ་ཁྲལ་སྒྱུར་བཅོས་ཀྱི་གཟིགས་སྐྱོང་ཁྲོད་ང་ཚོས་ཐོན་རྫས་ཀྱི་རིན་གོང་སྔར་བས་དམའ་རུ་གཏོང་རྒྱུ་ཡིན། ང་ཚོའི་ཞབས་ཞུ་སྒྲུབ་ཡུལ་ནི་རྒྱ་ཆེའི་ཁེ་ལས་ཆུང་གྲས་ཡིན་པས། ཁོང་ཚོས་ཀྱང་དཔྱ་ཁྲལ་གྱི་ཁུར་པོ་སྔར་བས་དམའ་རུ་གཏོང་སྲིད་ཅེས་བསྟན་ཡོད་པ་རེད།

ཀུན་ཕན་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་དང་གྲུབ་ཆའི་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་མཉམ་དུ་བཟུང་བ་ནི་ད་ལོའི་དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་དམའ་རུ་གཏོང་བའི་སྲིད་ཇུས་ཀྱི་ཁྱད་ཆོས་ཆེན་པོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་དང་འགག་གནད་ཐག་གཅོད་བྱེད་པའི་མཛུབ་སྟོན་དགོངས་དོན་གཞིར་བཟུང་། རྒྱལ་ཁབ་ཀྱིས་རེས་འཁོར་གསར་པའི་གཞི་ཁྱོན་སྔར་བས་ཆེ་བའི་དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་དམའ་རུ་གཏོང་བའི་བྱ་ཐབས་བཟུང་བ་དང་། ལོ་ཧྲིལ་པོར་ཁེ་ལས་ཀྱི་ཁུར་པོ་སྒོར་དུང་ཕྱུར་ཁྲི་གཉིས་ཡང་དུ་འགྲོ་རྒྱུ་དང་། དེའི་ཁྲོད་དཔྱ་ཁྲལ་ཆག་ཡང་གཏོང་ཚད་སྒོར་དུང་ཕྱུར་ཁྲི་ཟིན་པའི་རིན་འཕར་དཔྱ་ཁྲལ་སྒྱུར་བཅོས་དེ་ཉིད་གནད་འགག་གལ་ཆེན་ལ་འགྱུར་ཡོད། སྤྱི་ཟླ་༤པའི་ཚེས་༡ཉིན་ནས་བཟུང་། རིན་འཕར་སྣོན་དཔྱ་ཁྲལ་གྱི་སྒྱུར་བཅོས་དོན་འཁྱོལ་བྱུང་བས་འཕར་སྣོན་རིན་ཐང་གི་དཔྱ་ཁྲལ་འཇལ་མཁན་ཚང་མར་ཕན་པ་ཐོབ་ཡོད། པེ་ཅིང་ཧྲོང་ལུའུ་སྨན་རྫས་ལས་རིགས་མ་རྐང་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཞུའེ་མོང་གིས། དཔྱ་ཁྲལ་དམའ་རུ་གཏོང་བར་རྩིས་བརྒྱབ་པ་ལྟར་ན། དཔྱ་ཁྲལ་ཆག་ཡང་སྲིད་ཇུས་ཀྱིས་ང་ཚོར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། རྒྱུ་མཚན་ནི་ང་ཚོས་ཐོན་སྐྱེད་བྱས་པའི་རྫས་གྱུར་རིགས་ཀྱི་སྨན་རྫས་ལ་དེ་སྔོན་ཁྲལ་ཚད་བརྒྱ་ཆ་༡༦ནས་ད་ཆ་བརྒྱ་ཆ་༡༣ལ་བཅག་པས་ལོ་འདིའི་ནང་དཔྱ་ཁྲལ་སྒོར་བྱེ་བ་དྲུག་དམའ་རུ་ཕྱིན་ནས་དཔྱ་ཁྲལ་སྒོར་བྱེ་བ་དྲུག་སྐྱེལ་མི་དགོས་པ་ཡོང་རྒྱུ་རེད་ཅེས་བསྟན་ཡོད་པ་རེད།

ཆིང་ཏའོ་རུའེ་ཡོན་བཟོ་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་ཡུའེ་རུའེ་ཧྲེང་གིས། རིན་འཕར་དཔྱ་ཁྲལ་གྱི་ཁྲལ་ཚད་དམའ་རུ་གཏོང་བ་དང་། སྤྱི་ཚོགས་འགན་བཅོལ་གྱི་འགྲོ་གྲོན་དམའ་རུ་གཏོང་བ། ཁེ་ལས་ཆུང་ངུའི་སྤྱི་ཕན་རང་བཞིན་གྱི་ཁྲལ་བསྡུ་ཆག་ཡང་སོགས་དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་དམའ་རུ་གཏོང་བའི་སྲིད་ཇུས་གསར་པ་མང་པོ་བཏོན་པ་མ་ཟད་གང་མགྱོགས་དོན་འཁྱོལ་བྱས་ཡོད་པས། ཁོང་ནས་ཚོང་གཉེར་ཁོར་ཡུག་དེ་བས་ཡག་ཏུ་ཕྱིན་པའི་མྱོང་ཚོར་ཐུབ་བྱུང་ཞེས་བསྟན་ཡོད་པ་དང་། ཡུའེ་རུའེ་ཧྲེང་གིས། ང་ཚོས་དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་དམའ་གཏོང་གི་ཕན་པ་དངོས་སུ་མྱོང་ཚོར་ཐུབ་པ་དང་། སྤྱི་ཟླ་༤པའི་ཚེས་༡ཉིན་རིན་འཕར་དཔྱ་ཁྲལ་གྱི་ཁྲལ་ཚད་དམའ་རུ་བཏང་རྗེས། སྔོན་དཔག་བྱས་ན་ཚོགས་པར་དཔྱ་ཁྲལ་སྒོར་བྱེ་བ་གཉིས་ཉུང་དུ་བཏང་ཡོད། ཁེ་ལས་ཆུང་ངུའི་སྤྱི་ཕན་རང་བཞིན་གྱི་ཁྲལ་བསྡུ་ཆག་ཡང་བཏང་བ་དེས། སྔོན་དཔག་བྱས་ན་ཚོགས་པའི་ཁེ་ལས་ཆུང་ངུར་ཐོབ་ཁྲལ་གཏོང་སྒོ་སྒོར་ས་ཡ་གཉིས་ཉུང་དུ་འགྲོ་རྒྱུ་ཡིན། སྤྱི་ཚོགས་འགན་བཅོལ་གྱི་འགྲོ་གྲོན་དམའ་རུ་བཏང་བས། སྔོན་དཔག་བྱས་ན་ཚོགས་པར་སྤྱི་ཚོགས་འགན་བཅོལ་གྱི་འགྲོ་གྲོན་གཏོང་སྒོ་སྒོར་བྱེ་བ་གཅིག་ཉུང་དུ་འགྲོ་རྒྱུ་རེད། རྒྱལ་ཁབ་ཀྱི་ཁྲལ་བསྡུའི་སྲིད་ཇུས་དེ་དག་གིས་ཁེ་ལས་ལ་ཕན་པ་དངོས་དངོས་རྗེན་རྗེན་ཐོབ་པའི་མྱོང་ཚོར་བྱུང་བ་དང་། དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་དམའ་རུ་གཏོང་བའི་དུས་ཚོད་ནི་གནད་ལ་འཁེལ་བ་ཞིག་རེད་ཅེས་གསུངས་ཡོད་པ་རེད།

དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་དམའ་རུ་གཏོང་བ་དེ་དཔལ་འབྱོར་སྒྱུར་བཅོས་གོང་འཕེལ་གྱི་གནས་བབ་ཧྲིལ་པོ་དང་འབྲེལ་བ་ཡོད། དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་དམའ་རུ་གཏོང་བའི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་བྱས་ནས། ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་འགན་ལེན་བྱས་ཡོད། ན་ནིང་སྤྱི་ཟླ་༡༡པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་གལ་ཆེའི་གསུང་བཤད་ཐེངས་མང་ནང་། དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་དམའ་རུ་ཤུགས་ཆེན་གཏོང་བ་དང་། གཞི་ཁྱོན་དེ་བས་ཆེ་བའི་དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་མངོན་གསལ་དོད་པོས་དམའ་རུ་གཏོང་རྒྱུའི་ནན་བཤད་ཐེངས་མང་གནང་བ་མ་ཟད། དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་དམའ་རུ་གཏོང་བའི་ལས་དོན་གྱི་ལྟ་བཤེར་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་དབྱང་གི་བྱ་ཐབས་ཁག་ལག་བསྟར་དོན་འཁྱོལ་ཡོང་རྒྱུ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།

སྤྱི་ཟླ་༣པའི་ཟླ་འགོར། གཞི་ཁྱོན་དེ་བས་ཆེ་བའི་དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་དམའ་རུ་གཏོང་རྒྱུ་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་ནས་བཟུང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུད་ཀྱིས་དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་དམའ་རུ་གཏོང་བའི་ལས་དོན་ཡིག་ཆ་༡༢བཏོན་ཡོད་པ་རེད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུད་ནས་ཞིང་ལྗོངས་དང་གྲོང་ཁྱེར། རྫོང་རིམ་པ་བཅས་ཀྱི་ཁྲལ་དོན་ཅུད་ཚང་མར་དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་དམའ་རུ་གཏོང་རྒྱུ་ལག་བསྟར་བྱེད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཡོད་ཅིང་། འགོ་ཁྲིད་གཙོ་བོས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱས་ཡོད་པ་མ་ཟད། ལས་འགན་གསལ་ཐོ་དང་ལས་ཀའི་ལམ་ཐིག་བཟོས་ནས། འཆར་འགོད་ཡོད་པའི་ངང་ལས་དོན་སྒྲུབ་པ་དང་རིམ་བཞིན་སྐུལ་འདེད་བཏང་ཡོད། ཧོ་ནན་ཞིང་ཆེན་ཁྲལ་དོན་ཅུད་ཀྱི་ཅུད་ཀྲང་ཀྲང་ཡའུ་ཆན་གྱིས། ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་ཚན་པས་ཕྱི་ནང་གི་དྲིལ་བསྒྲགས་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་དམའ་རུ་གཏོང་བའི་བྱ་ཐབས་དོན་འཁྱོལ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་དང་། ཀྲང་ཡའུ་ཆན་གྱིས། ང་ཚོས་ད་དུང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་མངགས་གཏོང་བཅའ་སྡོད་བྱས་ཏེ། གྲོང་ཁྱེར་ཁག་དང་རྫོང་ཁག་ནས་ད་ཐེངས་ཀྱི་སྒྱུར་བཅོས་དོན་འཁྱོལ་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་ཡིན་པ་དང་། སྒྱུར་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་རྒྱལ་ཁབ་ཀྱིས་བཏོན་པའི་སྒྱུར་བཅོས་བྱ་ཐབས་ལག་བསྟར་ཡག་པོ་མི་ཐུབ་པར། ང་ཚོས་འགན་འཁྲི་བདའ་འདེད་དང་རྩད་གཅོད་བྱས་ནས། ང་ཚོའི་ད་རེས་ཀྱི་སྒྱུར་བཅོས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ཀྲུང་གོའི་ཁྲལ་དོན་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཀྲང་ལན་ཆི་ཡིས། རིན་གོང་བརྒྱུད་ཁྲིད་སྒྲིག་གཞི་བརྒྱུད། དཔྱ་ཁྲལ་ཆག་ཡང་གྱི་ཕན་པ་དེ་ཐོན་སྐྱེད་བཟོ་སྐྲུན་ཁེ་ལས་དང་། འགྲེམ་ཚོང་ཁེ་ལས། འཛད་སྤྱོད་པ་བཅས་ནས་མཉམ་དུ་མཉམ་སྤྱོད་བྱ་རྒྱུ་དང་། ཁེ་ལས་ཀྱི་དཔྱ་ཁྲལ་ཁུར་པོ་ཡང་དུ་གཏོང་བ་ནས། འཛད་སྤྱོད་ནང་མཁོ་རྒྱ་ཆེར་གཏོང་རྒྱུའི་སྐུལ་ལྕག་ནུས་པ་གཉིས་ཐོན་ཐུབ་པ་བྱེད་དགོས་པའི་ངོས་འཛིན་གནང་གི་ཡོད་པ་དང་། ཀྲང་ལན་ཆི་ཡིས། བཟོ་སྐྲུན་ལས་རིགས་ཀྱི་རིན་འཕར་དཔྱ་ཁྲལ་གྱི་ཁྲལ་ཚད་དམའ་རུ་ཤུགས་ཆེན་བཏང་བ་དེས། ཁེ་ལས་ཀྱི་ཁེ་སྤོགས་མང་དུ་འགྲོ་རྒྱུ་དང་། ཁེ་ལས་ཀྱིས་རང་རྟེན་གསར་གཏོད་བྱེད་པའི་འདོད་བློ་དང་ནུས་པར་སྐུལ་ཁྲིད་བྱ་རྒྱུར་ཕན་ཐོགས་ཡོད། རིན་འཕར་དཔྱ་ཁྲལ་གྱི་ཁྲལ་ཚད་དམའ་རུ་བཏང་རྗེས་ཀྱི་ཕན་པ་དེ་རིན་གོང་བརྒྱུད་ཁྲིད་སྒྲིག་གཞི་བརྒྱུད། ཐོན་སྐྱེད་ཁེ་ལས་དང་། འགྲེམ་ཚོང་ཁེ་ལས། འཛད་སྤྱོད་པ་བཅས་ཕྱོགས་ཁག་ནས་ཐུན་མོང་ཐོག་མཉམ་སྤྱོད་བྱེད་ཀྱི་ཡོད། དཔྱ་ཁྲལ་ཆག་ཡང་གཏོང་བ་དེས་ངལ་རྩོལ་ནུས་ཤུགས་ལས་ཞུགས་བྱེད་མང་བའི་དམངས་གཉེར་ཁེ་ལས་ལ་ཕན་པ་ཐོབ་རྒྱུ་མངོན་གསལ་དོད་ཤོས་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། དབང་འདུས། མིག་དམར་རྒྱ་མཚོ།