༄༅༎ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཕེན་དང་། ཨ་ཀེན་ཐིང་། ཕ་ན་མ། ཕོར་ཐིའུ་ཀལ་བཅས་ལ་འཚམས་འདྲི་གནང་བ་མ་ཟད་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་གསུམ་པར་ཞུགས་གནང་བར་གཡུར་ཟའི་གྲུབ་འབྲས་ཐོབ་པ།
སྤེལ་བའི་དུས་ཚོད། : 2018-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ལོ་༢༠༡༨ལོའི་ཟླ་༡༡པའི་ཚེས་༢༧ཉིན་ནས་ཟླ་༡༢པའི་ཚེས་༥ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུས་ལྟར་སི་ཕེན་དང་། ཨ་ཀེན་ཐིང་། ཕ་ན་མ། ཕོར་ཐིའུ་ཀལ་བཅས་ལ་རྒྱལ་དོན་འཚམས་འདྲི་གནང་བ་མ་ཟད་ཨ་ཀེན་ཐིང་གི་པུ་དབྱི་ནོ་སི་ཨེ་རི་སིར་འཚོགས་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་གསུམ་པར་ཞུགས་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་འཚམས་འདྲི་ནི་རྒྱལ་སྤྱིའི་འཕེལ་ཕྱོགས་ལ་སྣེ་ཁྲིད་ཐུབ་པའི་འཚམས་འདྲི་གལ་ཆེན་ཞིག་རེད།

དུས་ཡུན་ཉིན་དགུའི་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རི་ཆུ་མང་པོ་བརྒལ་བ་དང་། ཡོ་རོབ་དང་ཨ་མེ་རི་ཁ་གླིང་གི་སྐམ་ས་ཆེན་མོ་བརྒྱུད་སྤྱི་ལེ་ཁྲི་བཞི་ལྷག་ཕེབས་ནས་ཕྱོགས་མང་བྱེད་སྒོ་ཐེངས་༧༠ཙམ་ལ་ཞུགས་གནང་ཡོད། མ་ཏེ་རི་ནས་པུ་དབྱི་ནོ་སི་ཨེ་རི་སི་བར་དང་། ཕ་ན་མ་གྲོང་ཁྱེར་ནས་ལི་སི་པོན་བར་ཀྲུའུ་ཞི་ཞི་ཅིན་ཕིང་གང་དུ་ཕེབས་ཀྱང་ཕན་ཚུན་ཡིད་ཆེས་བྱེད་པའི་རྩ་བ་དེ་གར་འཛུགས་གནང་བ་དང་། མཉམ་ལས་ཀྱི་གྲུབ་འབྲས་དེ་གར་ཐོབ་པ། མཛའ་གྲོགས་ཀྱི་བརྩེ་སེམས་དེ་གར་བཅངས་གནང་ཡོད། འཚམས་འདྲི་ཞུ་སའི་རྒྱལ་ཁབ་ཁག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་མགྲོན་གལ་ཆེ་ཤོས་ལ་བརྩིས་པ་དང་། གུས་ལུགས་ཀྱི་ཚད་གཞི་མཐོ་པོས་སྣེ་ལེན་གཟབ་རྒྱས་ཞུས་པ་མ་ཟད་བཀོད་སྒྲིག་དམིགས་བསལ་གནང་ཡོད། སི་ཕེན་གྱི་རྒྱལ་པོ་ཧྥེ་ལི་ཕའེ་སྐུ་ཐོག་དྲུག་པ་སྟངས་དཔྱལ་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་ལ་ཆེད་མངག་རང་ཤག་ཏུ་གསོལ་སྟོན་བཤམས་པ་དང་། ཕ་ན་མའི་ཙུང་ཐུང་པ་ལེ་ལ་སྟངས་དཔྱལ་སྐུ་ངོ་མས་གནམ་ཐང་དུ་བསུ་སྐྱེལ་ལ་བཅར་བ། སི་ཕེན་དང་། ཕོར་ཐིའུ་ཀལ་གྱིས་དམག་འཐབ་གནམ་གྲུ་བཏང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་གཏོང་གནམ་གྲུར་སྲུང་སྐྱེལ་ཞུས་པ། ཕོར་ཐིའུ་ཀལ་དང་ཨ་ཀེན་ཐིང་གིས་ད་དུང་གུས་ལུགས་ཆིབས་རགས་བཀོད་སྒྲིག་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རླངས་འཁོར་རུ་ཁག་ལ་ལམ་འགྲམ་དུ་སྲུང་སྐྱེལ་ཞུས་པ། ཨ་ཀེན་ཐིང་གི་ཙུང་ཐུང་མ་ཁེ་ལིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བཅིངས་འགྲོལ་པའི་ཧྲེང་མ་ཏིང་གི་མགུལ་རྒྱན་ཆེན་པོ་རིམ་པའི་གཟེངས་རྟགས་གནང་ཡོད། རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས་འགོ་ཚུགས་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲིད་སྟོན་རང་བཞིན་གྱི་གསུང་བཤད་གནང་བ་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཚོགས་རའི་ཕྱི་རོལ་དུ་ཀྲུང་གོ་དང་ཨ་རིའི་གཙོ་བདག་གི་མཇལ་འཛོམས་གནང་བར་འཛམ་གླིང་ཀུན་གྱིས་དོ་ཁུར་བྱས་ཡོད། རྒྱལ་ཁབ་ཕྱི་ནང་གི་གླེང་ཕྱོགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་རྒྱུན་མཐུད་དོ་ཁུར་ཟབ་མོ་བྱས་པ་དང་། ད་ཐེངས་ཀྱི་གཙོ་བདག་གི་ཕྱི་འབྲེལ་གྱིས་རྒྱལ་སྤྱིའི་གར་སྟེགས་ཐོག་གི་ཀྲུང་གོའི་ཤུགས་རྐྱེན་ནུས་པ་དང་ཡིད་དབང་འགུག་ཤུགས། གསར་གཏོད་ནུས་པ་བཅས་མངོན་ཡོད་ཅེས་ཡོངས་ཁྱབ་ཏུ་བསྔགས་བརྗོད་བྱས་ཡོད།

ད་ལོ་ནི་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ཐོན་པ་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས་སྒྲིག་གཞི་བཙུགས་ནས་ལོ་བཅུ་འཁོར་བའི་ལོ་ཡིན། འཛམ་གླིང་དཔལ་འབྱོར་གྱི་ཉེན་ཁ་ཆེ་རུ་འགྲོ་བའི་སྐབས་འདིར། རྒྱལ་སྤྱིའི་སྤྱི་ཚོགས་ནས་ད་ཐེངས་དབུ་ཚོགས་ཀྱི་འཕེལ་ཕྱོགས་ལ་དོ་ཁུར་ཆེན་པོ་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ར་མང་པོར་གསུང་བཤད་གལ་ཆེན་ཐེངས་མང་གནང་བ་དང་། ཕྱོགས་མང་དང་ཕྱོགས་གཉིས་མཇལ་འཛོམས་ཐེངས་མང་གནང་བ། གྲོས་འགོ་བཏོན་གནང་བ་དང་། མཉམ་ལས་ལ་སྐུལ་འདེད། ཕན་ཚུན་བར་གྱི་ཡིད་ཆེས་ཟབ་ཏུ་གཏོང་བ། མཐུན་སྒྲིལ་ལ་སྲུང་སྐྱོང་བཅས་ཀྱི་ཐོག་ནས་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི་གཟིགས་རྒྱང་དང་འགན་སེམས་མངོན་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་གོང་འཕེལ་གྱི་འཕེལ་རིམ་ལ་ཕྱོགས་སྡོམ་གནང་བ་དང་། ཕྱོགས་མང་རིང་ལུགས་དང་འདྲ་མཉམ་གྲོས་མོལ། མཉམ་ལས་མཉམ་རྒྱལ་བཅས་ནི་ཉམས་ཉེན་གལ་ཆེན་ལ་ཁ་གཏད་གཅོག་པའི་ཐབས་དམ་པ་ཡིན་ཞེས་བཏོན་གནང་བ་དང་། དཀའ་ངལ་གང་འདྲ་འཕྲད་རུང་རྒྱལ་ཁབ་ཉི་ཤུ་ཚོགས་པས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། དཀའ་སྡུག་མཉམ་སེལ་བྱེད་དགོས་པ་དང་། མཉམ་གྲོས་དང་མཉམ་འཛུགས། མཉམ་སྤྱོད་བཅས་ཀྱི་མཉམ་གནས་རྒྱུན་འཁྱོངས་བྱེད་པ། སྤྱི་ཁོག་སྲིད་ཇུས་ཀྱི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། དར་ཆ་གསལ་སྟོན་ངང་ཕྱོགས་མང་སྒྲིག་གཞིར་སྲུང་སྐྱོང་བྱེད་དགོས་པའི་ནན་བཏོན་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་དུང་རྒྱུན་མཐུད་གོང་འཕེལ་དང་། གནམ་གཤིས་འགྱུར་བ་སོགས་དབུ་ཚོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱེད་པའི་ནང་ཞུགས་གནང་ནས་རྒྱལ་སྤྱིའི་མཉམ་ལས་དར་སྤེལ་ཧུར་ཐག་གཏོང་དགོས་གསུངས་གནང་ཡོད། འདོད་ཚུལ་དེ་དག་གིས་ཚད་གཞི་ཆེ་ཤོས་ཐོག་ནས་ཕྱོགས་ཁག་གིས་ལག་གདང་སྦྲེལ་ཏེ་མཉམ་སྐྱོད་དང་། ཕྱར་བ་གྲུ་འདེགས་ཀྱི་བསམ་འདུན་གཅིག་སྡུད་བྱེད་པ། རྒྱལ་ཁབ་ཉི་ཤུ་ཚོགས་པ་དེ་ཉིད་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་གླེང་སྟེགས་གལ་ཆེན་ཡིན་པའི་གནས་བབ་བརྟན་དུ་གཏོང་བ། ཕྱོགས་ཁག་གིས་འཛམ་གླིང་དཔལ་འབྱོར་བརྟན་པོའི་ངང་གོང་འཕེལ་འགྲོ་བའི་སེམས་ཤུགས་འཕེལ་བ་བྱས་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ཐད་རྒྱུན་འཁྱོངས་བྱེད་དགོས་པ་བཞི་བཏོན་གནང་ཡོད་པ་སྟེ། གཅིག་ནས། སྒོ་དབྱེ་དང་མཉམ་ལས་རྒྱུན་འཁྱོངས་བྱས་ནས། ཐུན་མོང་ཐོག་སྒོ་དབྱེའི་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་ལ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་དགོས་པ་དང་། གཉིས་ནས། རོགས་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་མ་ལག་གཙོ་བོའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་ཤུགས་རྐྱེན་ངན་པ་ཉུང་དུ་གཏོང་དགོས་པ། གསུམ་ནས། གསར་གཏོད་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ལག་རྩལ་གསར་པའི་བེད་སྤྱོད་དང་དེའི་ཤུགས་རྐྱེན་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས་པ། བཞི་ནས། ཡོངས་ཁྱབ་ལ་ཕན་པ་ཐོབ་པ་དང་གཉིས་རྒྱལ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་ནས་གོང་འཕེལ་གནད་དོན་དེ་མངོན་གསལ་དོད་པའི་གནས་སུ་འཇོག་དགོས་པ་བཅས་ཡིན་པ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས། རྒྱལ་ཁབ་ཆེན་པོའི་བར་ཕན་ཚུན་ཡིད་ཆེས་བྱེད་པ་ནི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་རྩ་ཆེ་ཤོས་ཀྱི་རྒྱུ་ནོར་ཡིན་ཞིང་། ཕན་ཚུན་ཡིད་ཆེས་ཀྱི་རིན་ཐང་རྒྱུན་འཁྱོངས་བྱེད་པ་དང་། རིམ་འཕར་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཞུགས་ཕྱོགས་ཁག་གི་འགོ་ཁྲིད་པ་དང་ཚོགས་ར་མང་པོར་མཇལ་འཛོམས་གནང་ནས། མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་གནད་དོན་ཐག་གཅོད་བྱས་ཏེ། ཀྲུང་གོ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་གནང་ཡོད།

གདན་ཞུས་ལྟར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་མཇལ་འཛོམས་གནང་ཡོད་པ་དང་། མཛའ་གྲོགས་དང་སྦ་གསང་མེད་པའི་རྣམ་པའི་ཁྲོད་སྤེལ་རེས་གཏིང་ཟབ་གནང་ཡོད་ཅིང་། ཀྲུང་གོ་དང་ཨ་རིའི་བར་གནས་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་འཆར་འགོད་བཟོས་ཡོད་ལ། ཁ་ཕྱོགས་གསལ་སྟོན་ཡང་གནང་ཡོད་པ་རེད། ཕྱོགས་གཉིས་པོས་ཐུན་མོང་ཐོག་མཐུན་སྦྱོར་དང་མཉམ་ལས། བརྟན་པོ་བཅས་ཀྱིས་རྨང་གཞིའི་སྟེང་ཀྲུང་གོ་དང་ཨ་རིའི་འབྲེལ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་ཡོད། ཨ་རིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱ་རྒྱུའི་བསྐྱར་བཤད་གནང་ཡོད། ཕྱོགས་གཉིས་པོས་དཔལ་འབྱོར་ཉོ་ཚོང་གནད་དོན་ཐད་ཧ་ཅང་དགེ་མཚན་ལྡན་པའི་གྲོས་མོལ་གནང་བ་དང་། རྩ་དོན་དང་ཐུན་མོང་ངོས་འཛིན་ལ་གྲོས་འཆམ་བྱུང་ཡོད་པ་སྟེ། གཅིག་ནས། དཔལ་འབྱོར་ཉོ་ཚོང་གི་རྩོད་གཞི་སྔར་བས་རྒྱ་ཆེར་འགྲོ་རྒྱུར་བཀག་འགོག་ནུས་ལྡན་ཐུབ་པ་དང་། གཉིས་ནས། སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་གནད་དོན་ཐག་གཅོད་བྱེད་པའི་འཁོར་ལམ་ཐོག་བསྐྱར་ལོག་བྱེད་པ། གསུམ་ནས། མཉམ་ལས་གཉིས་རྒྱལ་གྱི་ཐུན་མོང་དམིགས་འབེན་འཛུགས་པ། བཞི་ནས། འཛམ་གླིང་ཧྲིལ་པོའི་ཉོ་ཚོང་དང་འཛམ་གླིང་དཔལ་འབྱོར་ལ་ཕན་པ་གལ་ཆེན་ཐོབ་པ་བཅས་ཡིན་ཞིང་། དེ་དག་ཚང་མས་ཀྲུང་གོའི་ལུགས་མཐུན་ཁེ་དབང་སྲུང་སྐྱོབ་བྱ་རྒྱུར་ཕན་ཐོགས་ཡོད་ལ། དེ་ནི་ཨ་རིའི་ཁེ་ཕན་དང་མཐུན་ཡོད་ཅིང་། དེ་བས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་དང་མཐུན་ཡོད་པ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་གིས་ཕྱོགས་མང་ཚོགས་ར་གལ་ཆེན་ནང་མཇལ་འཛོམས་གནང་བའི་སྲོལ་རྒྱུན་རྒྱུན་མཐུད་གནང་ཡོད་ཅིང་། དུས་སང་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་རྒྱུས་གཙོ་བོ་བྱས་ནས། ཀྲུང་གོ་དང་ཨུ་རུ་སུའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་སྐྱོད་རྒྱུར་སྣེ་ཁྲིད་བྱ་རྒྱུའི་གཏན་འཁེལ་བྱས་ཡོད། ཕྱོགས་གཉིས་པོས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཡོ་རབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་བར་གྱི་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་བསྐྱར་བཤད་གནང་ཡོད་པ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་ད་ལོའི་མཇལ་མོལ་ཐེངས་བཞི་པ་གནང་བ་མ་ཟད། ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལོང་དང་། ཐུར་ཁེའི་ཙུང་ཐུང་ཨེར་ཏོ་ཨན། འཇར་མན་གྱི་ཙུང་ལི་མོ་ཁེར། ལྗར་པན་གྱི་དབུ་ཞུགས་བློན་ཆེན་ཨན་ཕེ་ཅིན་སན། སོ་ཏེ་ཨ་རབ་ཀྱི་རྒྱལ་རྒྱུད་མུ་ཧན་མོ་ཏེ་བཅས་དང་མཇལ་འཛོམས་གནང་ནས། འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་ཟབ་ཏུ་བཏང་བ་དང་། མཐུན་སྦྱོར་མཉམ་ལས་ལ་སྐུལ་འདེད་བཏང་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁག་གསོ་སོར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་མཇལ་འཛོམས་དང་། ཀྲུང་གོ་དང་ཨུ་རུ་སུ། རྒྱ་གར་བཅས་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ནང་ཞུགས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་དུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གུ་ཐེ་ལི་སེ་དང་རྒྱལ་སྤྱིའི་དུས་བབ་ཐད་དགོངས་འཆར་བརྗེ་རེས་གནང་ཡོད་པ་རེད།

ཀྲུང་གོས་སྐུལ་འདེད་བཏང་བའི་འོག ཐེངས་འདིའི་རྒྱལ་ཁབ་༢༠ཚོགས་པའི་དབུ་ཚོགས་ཐོག་རྒྱལ་སྤྱིའི་གནད་དོན་གལ་ཆེ་རིགས་ཐད་ཐུན་མོང་ངོས་འཛིན་བྱུང་བ་མ་ཟད་འགོ་ཁྲིད་པའི་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་བ་དང་འཛམ་གླིང་ལ་ཡང་དག་པ་དང་དགེ་མཚན་ལྡན་པ། མི་སེམས་ལྷིང་འཇགས་བཅས་ཀྱི་ཆ་འཕྲིན་བཏང་ཡོད་པ་རེད། ཚོགས་ཞུགས་འགོ་ཁྲིད་པ་མང་པོས། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ལ་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་གྲུབ་ཆ་སྒྱུར་བཅོས། སྤྱི་ལོ་༢༠༣༠ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་དོན་འཁྱོལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་མཉམ་ལས། ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་མཉམ་དུ་སྲུང་སྐྱོང་། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་འགྱུར་རྒྱུར་སྐུལ་འདེད། སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བཅས་ལ་མོས་མཐུན་ཡོད་ཅེས་གསུངས་ཡོད་པ་རེད། དེར་བརྟེན། ཐེངས་འདིའི་དབུ་ཚོགས་ལེགས་གྲུབ་བྱུང་བ་ནི་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་པའི་རྒྱལ་ཁ་རེད་ཅེས་བརྗོད་ཆོག་པ་དང་དེའི་ཐོག་ནས་ཀྲུང་གོའི་འདོད་ཚུལ་དང་ཀྲུང་གོའི་ཇུས་གཞི་མི་སེམས་ཕྱོགས་ས་དང་མཐུན་ལ་དུས་བབ་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་པ་སླར་ཡང་གསལ་སྟོན་བྱས་ཡོད་པ་རེད།

སི་ཕེན་དང་ཕོར་ཐིའུ་ཀལ་ནི་ཡོ་རོབ་མནའ་འབྲེལ་གྱི་གལ་ཆེའི་ཁོངས་གཏོགས་རྒྱལ་ཁབ་ཡིན་ལ་ཡོ་རོབ་མནའ་འབྲེལ་དུ་ཡོད་པའི་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་རྒྱལ་ཁབ་དང་ཁྱོན་ཡོངས་འཐབ་ཇུས་རོགས་པའང་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་འཚམས་འདྲི་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་དུས་ཡུན་ལོ་ངོ་༡༣རིང་སི་ཕེན་ལ་སླར་ཡང་འཚམས་འདྲི་གནང་བ་དང་དུས་ཡུན་ལོ་༨རིང་ཕོར་ཐིའུ་ཀལ་ལ་སླར་ཡང་འཚམས་འདྲི་གནང་ནས་ཕྱོགས་གཉིས་འབྲེལ་བའི་ལེའུ་གསར་པ་བཏོད་པ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་གསོན་ཤུགས་གསར་པ་སྐུལ་སྤེལ་བྱས་པ་ཞིག་ཡིན།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཕེན་གྱི་རྒྱལ་པོ་ཧྥི་ལི་ཕེ་སྐུ་ཐོག་དྲུག་པ་དང་དབུ་བཞུགས་བློན་ཆེན་སང་ཆེ་སི། དེ་བཞིན་ཕོར་ཐིའུ་ཀལ་གྱི་ཙུང་ཐུང་ཏེ་སོ་ས། ཙུང་ལི་ཁེ་སི་ཐེ་སོགས་དང་མཇལ་མོལ་དང་ཐུགས་འཕྲད་གནང་ནས་ཕྱོགས་གཉིས་འབྲེལ་བ་གོང་འཕེལ་བཏང་བའི་ཉམས་མྱོང་ལ་ཕྱོགས་སྡོམ་དང་མ་འོངས་པའི་མཉམ་ལས་འཆར་གཞི་འཆར་འགོད་གནང་བ་དང་མགྲིན་གཅིག་ཏུ། མཐོ་རིམ་འགྲོ་འོང་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། མཉམ་ལས་ཆུ་ཚད་མཐོ་རུ་གཏོང་བ། སྲོལ་རྒྱུན་མཛའ་མཐུན་བརྟན་དུ་གཏོང་བ། ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། ཕྱོགས་གཉིས་འབྲེལ་བ་དུས་རབས་གསར་པར་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་ཡོད། སི་ཕེན་དང་ཕོར་ཐིའུ་ཀལ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས། ཀྲུང་གོའི་ཕྱོགས་ཀྱི་མཛའ་གྲོགས་འགྲོ་འོང་དང་མཉམ་ལས་ལ་གཅེས་འཛིན་བྱེད་རྒྱུའི་རྣམ་པ་བསྟན་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་འཚམས་འདྲི་ནི་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་ཀྱི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པ་དང་ཕྱོགས་གཉིས་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་འགོ་འཛུགས་པ་གསར་པར་གྱུར་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།

སི་ཕེན་དང་ཕོར་ཐིའུ་ཀལ་རྒྱལ་ཁབ་གཉིས་པོས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་མ་ཟད་ཐོག་མའི་དུས་རིམ་གྱི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་དང་སི་ཕེན་གྱིས་ཀྲུང་གོའི་དབྱི་ཨུ་ནས་ཤིན་ཅང་བརྒྱུད་ཡོ་རོབ་ལ་བསྐྱོད་རྒྱུའི་ལྕགས་ལམ་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་ནས་ཀྲུང་གོ་དང་སི་ཕེན་དང་ཀྲུང་གོ་དང་ཡོ་རོབ་བར་གྱི་སྐམ་མཚོ་མཁའ་གསུམ་གཞི་གཅིག་ཏུ་འབྲེལ་བའི་འབྲེལ་མཐུད་ཆེན་པོ་མངོན་འགྱུར་ཡོང་གང་ཐུབ་བྱ་རྒྱུ་རེད། ཀྲུང་གོ་དང་སི་ཕེན་གྱི་ཁེ་ལས་གྲོས་འདྲི་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས་པ་དེས་ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་སྟེགས་བུ་གསར་པ་བསྐྲུན་རྒྱུ་དང་། ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་བསམ་ཤེས་བརྗེད་ཐོར་མིང་རྟགས་བཀོད་པས་ཡོ་རོབ་གླིང་ལ་དཔེ་སྟོན་ནུས་པ་བཟང་པོ་ཐོན་རྒྱུ་ཡིན་པ་རེད། ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱིས་རྒྱ་མཚོའི་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས་སྔོན་མདོག་རོགས་པའི་འབྲེལ་བ་འཛུགས་པའི་སྔོན་སྐྱོད་པ་བྱ་རྒྱུར་མོས་མཐུན་བྱས་ཡོད་པ་རེད། ཀྲུང་གོས་རྒྱལ་ཁབ་དེ་གཉིས་དང་ཁག་སོ་སོར་མཉམ་ལས་ཡིག་ཆ་ཁག་ཧ་ལམ་ཉི་ཤུར་མིང་རྟགས་བཀོད་པ་དང་དེའི་ནང་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། དངུལ་རྩ། ནུས་པའི་འབྱུང་ཁུངས་སོགས་ཁྱབ་ཁོངས་ཚུད་ཡོད། དེའི་ཐོག་ནས་ཕྱོགས་གཉིས་གཉིས་ཕན་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་གང་ལེགས་མངོན་ཡོད།

ཀྲུང་གོ་དང་སི་ཕེན། ཕོར་ཐིའུ་ཀལ་བཅས་ནི་ཨ་ཤེ་ཡ་དང་ཡོ་རོབ་ཀྱི་སྐམ་ས་ཆེན་མོའི་སྣེ་གཉིས་སུ་གནས་ཡོད་ཀྱང་། མི་དམངས་ཀྱི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་རིང་པོ་ལྡན་པ་དང་། ཤེས་དཔལ་གྱི་འབྲེལ་ཐག་གིས་ཕྱོགས་གཉིས་པོའི་མཛའ་གྲོགས་དར་སྤེལ་སྔར་ལས་ལྷག་པ་བྱུང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཕེན་དུ་མ་ཏེ་རི་གྲོང་ཁྱེར་གྱི་གསེར་གྱི་ལྡེ་མིག་བཞེས་པ་དང་། ཕོར་ཐིའུ་ཀལ་དུ་མཚོ་ཐོག་དར་གོས་ལམ་བུའི་རིག་དངོས་རྩེ་གྲའི་འགྲེམ་སྟོན་ལ་གཟིགས་སྐོར་གནང་བའི་ཐོག་ནས། རྒྱལ་ཁབ་གཉིས་པོས་སྲོལ་རྒྱུན་མཛའ་གྲོགས་དར་སྤེལ་དང་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་བྱེད་པའི་སྙིང་སྟོབས་མངོན་ཡོད་པ་དང་། ཕྱོགས་གཉིས་མཉམ་ལས་ཆེད་དུས་རབས་ཀྱི་སྙིང་སྟོབས་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།

ལ་ཏིང་ཨ་མེ་རི་ཁ་ནི་རྒྱལ་སྤྱིའི་གནས་བབ་ཁྲོད་གསར་དར་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྲིད་སྟོན་སྐུལ་འདེད་འོག ཀྲུང་གོ་དང་ལ་ཏིང་ཨ་མེ་རི་ཁའི་འབྲེལ་བར་ཉེ་ལམ་ལོ་ཤས་རིང་ལོ་རྒྱུས་རང་བཞིན་གྱི་མཆོངས་བརྒལ་བྱུང་ཡོད། ཐེངས་འདིའི་འཚམས་འདྲི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལ་ཏིང་ཨ་མེ་རི་ཁར་འཚམས་འདྲིར་ཕེབས་ཐེངས་བཞི་པ་ཡིན་ལ། ཨ་ཀེན་ཐིན་ལ་འཚམས་འདྲི་གནང་ཐེངས་གཉིས་པ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་ཕ་ན་མར་འཚམས་འདྲི་གནང་ཐེངས་དང་པོ་ཡང་ཡིན་པས། ཕྱོགས་གཉིས་འབྲེལ་བ་དང་ཀྲུང་གོ་དང་ལ་ཏིང་ཨ་མེ་རི་ཁའི་སྤྱི་ཡོངས་མཉམ་ལས་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་བཏིངས་ཡོད་པ་དང་། རྒྱ་ཆེ་བའི་མདུན་ལྗོངས་གཏོད་པ། ནང་དོན་ཕུན་སུམ་ཚོགས་སུ་བཏང་ཡོད་པ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་ནས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་དང་ལྷན་དུ། ཕར་ཕྱོགས་ཀྱིས་རང་བདག་གདམ་ག་བྱས་པའི་གོང་འཕེལ་ལམ་བུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཕན་ཚུན་བསམ་ཤེས་དང་ཕར་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་སར་རྒྱབ་སྐྱོར་བྱ་རྒྱུ། ཐུན་མོང་ཐོག་ཀྲུང་གོ་དང་ལ་ཏིང་ཨ་མེ་རི་ཁའི་འབྲེལ་བའི་སྤྱི་ཡོངས་གོང་འཕེལ་ལ་འདེགས་སྐྱོར་བྱ་རྒྱུ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་ཕན་ལ་སྲུང་སྐྱོབ་བྱ་རྒྱུ་བཅས་ཀྱི་ཐད་གྲོས་མོལ་གནང་ཡོད་པ་རེད།

འཚམས་འདྲི་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལ་ཏིང་ཨ་མེ་རི་ཁའི་རྒྱལ་ཁབ་ཀྱིས་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ཁྲོད་ཧུར་ཐག་ཞུགས་ནས། ཀྲུང་གོ་དང་ལ་ཏིང་ཨ་མེ་རི་ཁའི་མཉམ་ལས་ལེགས་སྒྱུར་རིམ་འཕར་དང་གསར་གཏོད་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུར་དགའ་བསུ་ཞུས་ཡོད་པ་དང་།འཚམས་འདྲིར་ཕེབས་མྱོང་བའི་རྒྱལ་ཁབ་ཚུད་པའི་ལ་ཏིང་ཨ་མེ་རི་ཁའི་རྒྱལ་ཁབ་ཀྱིས་ལན་ཆ་བཟང་པོ་བྱས་ཡོད་པ་རེད། ཀྲུང་གོ་དང་ཨ་ཀེན་ཐིན་གྱིས་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་དེ་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོར་རྒྱ་སྐྱེད་གཏོང་རྒྱུ་དང་། ལག་གདང་སྦྲེལ་ཏེ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། ཕྱོགས་གཉིས་པོའི་གོང་འཕེལ་གྱི་འཆར་འགོད་འབྲེལ་མཐུད་བྱ་རྒྱུ། བང་རིམ་ཁག་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་གཅིག་གྱུར་བཀོད་སྒྲིག་གིས་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་མོས་མཐུན་གནང་ཡོད་པ་རེད། ཕ་ན་མ་ནི་མཉམ་འབྲེལ་མཉམ་མཐུད་ལ་བརྟེན་ནས་རྒྱལ་ཁབ་བཙུགས་པ་ཞིག་ཡིན་པས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་རང་གྲུབ་ཀྱི་མཉམ་ལས་རོགས་པ་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་པ་ལེ་ལ་དང་ལྷན་དུ་ཕ་ན་མའི་མི་བཟོས་གཙང་པོར་གཟིགས་སྐོར་གནང་བ་དང་། ཕྱོགས་གཉིས་པོའི་འབྲེལ་མཐུད་གོང་འཕེལ་འཐབ་ཇུས་ཀྱི་འོད་སྣང་ལྡན་པའི་མདུན་ལྗོངས་ལ་རྒྱང་བལྟ་གནང་ཡོད། ཀྲུང་གོ་དང་ཕ་ན་མས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་ཕ་ན་མའི་སྤྱི་ལོ་༢༠༣༠ལོའི་རྒྱལ་ཁབ་ཟོག་འདྲེན་འཐབ་ཇུས་གཉིས་གོ་སྐབས་སུ་རྩིས་ཏེ། མཉམ་ལས་ཀྱི་བར་ཁམས་ཟམ་མི་ཆད་པར་གཏོད་རྒྱུ་དང་མཉམ་ལས་བྱེད་ས་གསར་པ་གཏོད་རྒྱུའི་མོས་མཐུན་གནང་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཕ་ན་མའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་ལ་ཞུགས་མཁན་ཁེ་ལས་མཁས་པའི་འཐུས་མི་དང་མཇལ་འཛོམས་གནང་བ་དང་། ཕྱོགས་གཉིས་པོའི་ཁེ་ལས་ལས་རིགས་ཀྱིས་ཕྱོགས་ཀུན་འཛོམས་པའི་གོ་སྐབས་བཟང་པོ་དེར་དམ་འཛིན་བྱས་ཏེ་མཉམ་ལས་རྒྱ་སྐྱེད་ཧུར་ཐག་གཏོང་དགོས་པའི་སྐུལ་མ་གནང་ཡོད་པ་རེད།

འཚམས་འདྲི་གནང་རིང་། དགེ་རྒན་ཆེན་མོ་ཕེང་ལིས་ཡོན་གྱིས་སྐུ་ཟླའི་ཕྱི་འབྲེལ་འབྲེལ་བ་སྤེལ་གནང་བ་མ་ཟད་མི་ཆོས་རིག་གནས་སྤེལ་རེས་དང་དགེ་སྒྲུབ་བྱེད་སྒོར་ཞུགས་ཏེ། ཀྲུང་གོ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་མཛའ་གྲོགས་བརྩེ་བ་ཟབ་ཏུ་བཏང་ཡོད་པ་དང་། དམིགས་བསལ་གྱི་ཀྲུང་གོའི་དངོས་ཤུགས་མངོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།