༄༅།།ཀྲུང་དབྱང་ནས་ཁྲོན་བོད་ལྕཊ་ལམ་བསྐྲུན་རྒྱུ་སོཊ་ལ་མཛུབ་སྟོན་གནང་བ།
སྤེལ་བའི་དུས་ཚོད། : 2018-10-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༼ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་གཙོ་སྐྱོང་གནང་ནས། རང་བྱུང་གནོད་འཚེའི་འགོག་བཅོས་ནུས་པ་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་བསྐྲུན་ཁྱོན་ཡོངས་ནས་འགོ་འཛུགས་རྒྱུའི་སྐོར་བསྟན་པ།༽

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་སྤྱི་ཚེས་བཅུ་ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་གཙོ་སྐྱོང་གནང་བ་དང་། རང་རྒྱལ་གྱི་རང་བྱུང་གནོད་འཚེ་འགོག་བཅོས་ནུས་པ་ཆེ་རུ་གཏོང་རྒྱུ་དང་ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་བསྐྲུན་གནད་དོན་ཐད་ཞིབ་འཇུག་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བ་དང་། རང་བྱུང་གནོད་འཚེ་འགོག་བཅོས་ནུས་པ་ཆེ་རུ་གཏོང་རྒྱུ་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པས། ལས་ཆོད་ཆེ་ཞིང་ཚན་རིག་དང་མཐུན་པའི་རང་བྱུང་གནོད་འཚེ་འགོག་བཅོས་མ་ལག་འཛུགས་དགོས་པ་དང་། སྤྱི་ཚོགས་ཡོངས་ཀྱི་རང་བྱུང་གནོད་འཚེ་འགོག་བཅོས་ནུས་པ་ཆེ་རུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུར་འགན་སྲུང་ནུས་ལྡན་བྱ་དགོས་པ། ཁྲོན་བོད་ལྕགས་ལམ་འཛུགས་བསྐྲུན་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་དང་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཐད་ནས་བཤད་ན་གལ་ཆེ་ལ་རྒྱང་རིང་བའི་དོན་སྙིང་ལྡན་པ་ཞིག་ཡིན་པས་ངེས་པར་དུ་དོན་ཆེན་འདི་ཡག་པོ་སྒྲུབ་དགོས་ཞེས་ནན་སྟོན་གནང་འདུག

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཧན་ཀྲང་བཅས་ཀྱང་གྲོས་ཚོགས་ལ་ཞུགས་ཡོད་པ་རེད། གྲོས་ཚོགས་ཐོག་རྒྱལ་ཁབ་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་དང་། འཕྲལ་སྒྲུབ་དོ་དམ་པུའུ། རང་བྱུང་ཐོན་ཁུངས་པུའུ། ཆུ་བེད་པུའུ། ཚན་རྩལ་པུའུ། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སི་བཅས་ཀྱི་སྙན་ཞུ་གསན་ཡོད་པ་རེད།

གྲོས་ཚོགས་ཐོག རང་རྒྱལ་ནི་འཛམ་གླིང་ཐོག་རང་བྱུང་གནོད་འཚེའི་ཤུགས་རྐྱེན་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། ཏང་དང་སྲིད་གཞུང་གིས་རང་བྱུང་གནོད་འཚེ་འགོག་བཅོས་ཐད་མཐོང་ཆེན་པོ་བྱེད་པ་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དོན་ཆེན་སྒྲུབ་ཐུབ་པའི་ཆབ་སྲིད་བཟང་ཆ་འདོན་སྤེལ་གྱིས་གནོད་འགོག་གནོད་སེལ་གནོད་སྐྱོབ་བཅས་བྱས་པའི་གྲུབ་འབྲས་ལ་འཛམ་གླིང་ཁྱོན་གྱི་ཁས་ལེན་ཐོབ་ཡོད། དེ་དང་ཆབས་ཅིག རང་རྒྱལ་གྱི་རང་བྱུང་གནོད་འཚེའི་འགོག་བཅོས་ནུས་པ་སྤྱིའི་ཆ་ནས་ད་དུང་ཞན་པོ་ཡིན་པས། རང་བྱུང་གནོད་འཚེ་འགོག་བཅོས་ནུས་པ་ཆེ་རུ་གཏོང་རྒྱུ་ནི་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་གྱུར་ཡོང་བ་བྱ་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་གྱུར་ཡོང་བ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་དོན་ཆེན་ཞིག་ཡིན་ལ། རང་རེའི་ཏང་གི་སྲིད་སྐྱོང་ནུས་པའི་ཚོད་བགམ་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་དམ་འཛིན་ཡག་པོ་བྱ་དགོས་ཞེས་བསྟན་འདུག

གྲོས་ཚོགས་ཐོག རང་བྱུང་གནོད་འཚེ་འགོག་བཅོས་ནུས་པ་ཆེ་རུ་གཏོང་བར། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་གྱིས། འདུ་ཤེས་བཞི་བརྟན་པོར་འཛུགས་པ་དང་། གནས་ལྔ་གཞི་གཅིག་གི་སྤྱིའི་འཆར་འགོད་ལ་གཅིག་གྱུར་སྐུལ་འདེད་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམ་པོར་གཞིགས་ནས། མི་གཙོ་བོར་འཛིན་པའི་གོང་འཕེལ་འདུ་ཤེས་རྒྱུན་འཁྱོངས་དང་། སྔོན་འགོག་གཙོར་འཛིན་དང་སྔོན་འགོག་དང། འགོག་རྒོལ། གནོད་སྐྱོབ་བཅས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས། རྒྱུན་རྣམ་ཅན་གྱི་གནོད་སེལ་དང་རྒྱུན་རྣམ་མ་ཡིན་པའི་གནོད་སེལ་གཅིག་གྱུར་ཡོང་བ་བྱ་རྒྱུ་རྒྱུན་འཁྱོངས། ཕྱོགས་བསྡུས་གནོད་སེལ་ཤུགས་ཆེར་གཏོང་བ་དང་རང་བྱུང་གནོད་འཚེ་ཁག་བཀག་འགོག་བྱ་རྒྱུར་གཅིག་གྱུར་འཆར་འགོད་བྱེད་པ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཕྱོགས་ཁག་ནས་མཉམ་དུ་དམ་འཛིན་དང་དོ་དམ་བྱེད་པ་དང་། རོགས་ལས་གཞོགས་འདེགས་བྱེད་པའི་རང་བྱུང་གནོད་འཚེ་འགོག་བཅོས་གནས་སྟངས་གྲུབ་པ་བྱེད་པ། མི་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་ཏན་ཏིག་བྱེད་པ། འབྱུང་ཁམས་སྔོན་འགྲོར་འཛིན་རྒྱུ་རྒྱུན་འཁྱོངས་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འབྲེལ་བ་འཛུགས་པ། སྔོན་འགོག་གཙོ་བོར་འཛིན་པ་དང་། རང་བྱུང་གནོད་འཚེའི་ཉེན་ཁ་དང་གྱོང་གུན་གང་ཐུབ་ཅི་ཐུབ་ཀྱིས་ཆུང་དུ་གཏོང་བ། བསྒྱུར་བཅོས་གསར་གཏོད་རྒྱུན་འཁྱོངས་དང་། རང་བྱུང་གནོད་འཚེ་འགོག་བཅོས་མ་ལག་དང་འགོག་བཅོས་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་མཉམ་ལས་རྒྱུན་འཁྱོངས་དང་། རང་བྱུང་གནོད་འཚེ་འགོག་བཅོས་ཐད་ཤུགས་མཉམ་དུ་འདོན་གྱུར་སྐུལ་འདེད་གཏོང་བ་བཅས་བྱ་དགོས་ནན་སྟོན་གནང་འདུག

གྲོས་ཚོགས་ཐོག འགག་རྩའི་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ལ་གཞིགས་ནས། གཙོ་གནད་ལས་གཞི་ཁག་གི་འཛུགས་བསྐྲུན་ལ་སྐུལ་འདེད་གཏོང་དགོས། གནོད་འཚེའི་ཉེན་ཁ་བརྟག་དཔྱད་དང་གཙོ་གནད་རྐྱེན་ངན་རིམ་བཤེར་ལས་གཞི་ལག་བསྟར་གྱིས། མངོན་མེད་ཉེན་ཁའི་གདེང་ཚོད་ལོན་པ་བྱེད་པ། གཙོ་གནད་འབྱུང་ཁམས་ནུས་པའི་ཁུལ་གྱི་འབྱུང་ཁམས་སླར་གསོའི་ལས་གཞི་ལག་བསྟར་གྱིས། ནགས་ཚལ་དང་། རྩྭ་ཐང་། གཙང་པོ། མཚེའུ། འདམ་ར། ཐང་རྒོད། རྒྱ་མཚོ་བཅས་ཀྱི་འབྱུང་ཁམས་མ་ལག་གི་ནུས་པ་སླར་གསོ་ཐུབ་པ་བྱེད་པ། རྒྱ་མཚོའི་རྒྱུད་ཀྱི་སྲུང་སྐྱོབ་ཉམས་གསོའི་ལས་གཞི་ལག་བསྟར་གྱིས། རྒྱ་མཚོའི་འབྱུང་ཁམས་ཆུ་རགས་བསྐྲུན་ནས། རྒྱ་མཚོའི་རླུང་འཚུབ་བཀག་འགོག་དང་མཚོ་རླབས་ཆེན་པོ་བཀག་འགོག་སོགས་རྒྱ་མཚོའི་གནོད་འཚེ་བཀག་འགོག་ནུས་པ་ཆེ་རུ་གཏོང་བ། ས་ཡོམ་གནོད་འཚེ་ཐོན་སླ་བའི་ཁུལ་གྱི་སྡོད་ཁང་སྒྲིག་བཀོད་བརྟན་དུ་གཏོང་བའི་ལས་གཞི་ལག་བསྟར་བྱས་ཏེ། ཡོམ་འགོག་གནོད་སེལ་གྱི་ནུས་པ་ཆེ་རུ་གཏོང་བ། འབྲུབ་འགོག་ཐན་འགོག་གི་ཆུ་བེད་མཐོར་འདེགས་ལས་གཞི་ལག་བསྟར་བྱས་ནས། ཆུ་ལོག་དང་ཐན་སྐྱོན་འགོག་པའི་ལས་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ས་གཤིས་གནོད་འཚེའི་ཕྱོགས་བསྡུས་བཅོས་སྐྱོང་ནུས་པ་དང་ཉེན་གཡོལ་གནས་སྤོའི་ལས་གཞི་ལག་བསྟར་གྱིས། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་ལས་འགན་དོན་འཁྱོལ་ཡག་པོ་བྱེད་པ། འཕྲལ་སྒྲུབ་རོགས་སྐྱོབ་ལྟེ་གནས་འཛུགས་བསྐྲུན་ལས་གཞི་ལག་བསྟར་གྱིས། ས་ཁོངས་རང་བཞིན་གྱི་འཕྲལ་སྒྲུབ་རོགས་སྐྱོབ་ལྟེ་གནས་ཁག་ཅིག་བསྐྲུན་པ། རང་བྱུང་གནོད་འཚེའི་ལྟ་ཞིབ་ཚད་ལེན་སྔོན་བརྡ་ཆ་འཕྲིན་ཅན་གྱི་ལས་གཞི་ལག་བསྟར་གྱིས། གནོད་འཚེའི་སྣེ་རིགས་མང་པོ་དང་གནོད་འཚེའི་མུ་ཁྱུད་ལ་ཕྱོགས་བསྡུས་བརྟག་ཞིབ་ཚད་ལེན་བྱེད་པ་དང་། ཉེན་ཁ་སྔ་ས་ནས་གསལ་འབྱེད་དང་སྔོན་བརྡ་གཏོང་བའི་ནུས་པ་ཆེ་རུ་གཏོང་བ། རང་བྱུང་གནོད་འཚེ་འགོག་བཅོས་ལག་རྩལ་དང་སྒྲིག་ཆས་དེང་རབས་ཅན་དུ་བསྒྱུར་བའི་ལས་གཞི་ལག་བསྟར་བྱས་ཏེ། འགག་རྩའི་ལག་རྩལ་འགག་གཏོར་བྱེད་པའི་ཤུགས་ཚད་ཆེ་རུ་གཏོང་བ་དང་། རང་རྒྱལ་གྱི་རོགས་སྐྱོབ་དཔུང་ཁག་གི་ཆེད་ལས་ཅན་གྱི་ལག་རྩལ་དང་སྒྲིག་ཆས་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས་ཞེས་བསྟན་འདུག

གྲོས་ཚོགས་ཐོག ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་བསྐྲུན་བྱ་རྒྱུ་ནི། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་། རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ། མཐའ་མཚམས་བརྟན་ལྷིང་ལ་སྲུང་སྐྱོབ་བཅས་བྱེད་པའི་དགོས་མཁོ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་ཡིན་ཞིང་། ཏང་ཀྲུང་དབྱང་ནས་བོད་ལྗོངས་བཅོས་སྐྱོང་བྱེད་ཕྱོགས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད། ཚན་རིག་དང་མཐུན་པའི་འཆར་འགོད་དང་། ལག་རྩལ་གྱི་འདེགས་སྐྱོར། འབྱུང་ཁམས་སྲུང་སྐྱོབ། བདེ་འཇགས་ཐད་བློས་འགེལ་ཆོག་པ་བཅས་ཀྱི་སྤྱིའི་བསམ་ཇུས་དམ་འཛིན་ཡག་པོ་བྱེད་པ་དང་། གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་དང་། རྣམ་གྲངས་ཀྱི་སྔོན་འགྲོའི་ལས་དོན་ཡག་པོ་སྒྲུབ་པ། འཛུགས་བསྐྲུན་འཁོར་སྐྱོད་མ་དངུལ་གྱི་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། ལམ་གཉིས་ཀྱི་སྙིང་སྟོབས་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས། འགོ་འཛུགས་ཆུ་ཚད་མཐོ་བ་དང་། ཚད་གཞི་མཐོ་བ། སྤུས་ཚད་ལེགས་པ་བཅས་ཀྱི་ཐོག་ནས་ལས་གཞིའི་འཆར་འགོད་འཛུགས་བསྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱལ་པོ།